རྐྱེན་གསུམ་གྲོགས་སུ་སྨིན་པའི་མི་ཚེ་ཡི་འབེལ་གཏམ།
རྩོམ་པ་པོ།:སྒོ་མེ་རྡོ་རྗེ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-12
ཀློག་གྲངས།:
དང་པོ། མཛའ་མཐུན།
ཀྱེ་གྲོགས་པོ་ལགས།
དཀའ་སྡུག་གི་དུས་སུ་གྲོགས་དན་གྱི་བྱམས་སྐྱོང་གནང་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་བློ་ཁོག་ལ་སྤོབས་པ་ཡི་འོད་ཟེར་སྣོན་པའི་བཤེས་གཉེན་ནོ།།
ལམ་ལྷོངས་ཀྱི་དུས་སུ་རྟིང་སྐུལ་གྱི་བསླབ་བྱ་གནང་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་མི་ཚེ་ལ་ནོར་མེད་ཀྱི་ཁ་ཕྱོགས་སྟོན་པའི་བཤེས་གཉེན་ནོ།།
བརྣབ་སེམས་ཀྱི་སྙད་གཙེས་བསམ་མེད་དུ་བཟོ་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་སྙིང་རུས་ལ་ཞུམ་མེད་ཀྱིས་བརྡར་ཤ་གཅོད་པའི་བཤེས་གཉོན་ནོ།།
ཉེས་སླད་ཀྱི་དྲི་ཆུ་ཐོགས་མེད་དུ་གཏོར་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་སེམས་གཞུང་ལ་བླང་དོར་གྱི་མེ་ལོང་སྩོལ་བའི་བཤེས་གཉེན་ནོ།།
གཡོ་ཟོལ་གྱི་གནག་སེམས་ཚོད་མེད་དུ་སྐྱེལ་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་མིག་ཟུང་ལ་གསལ་འབྱེད་ཀྱི་རྣོ་དབལ་སྒྲོན་པའི་བཤེས་གཉེན་ནོ།།
འཁོན་འགྲས་ཀྱི་མདུང་མོ་བཟོད་མེད་དུ་སྐོར་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་རང་གཤིས་ལ་གཞོམ་མེད་ཀྱི་རྣོ་ངར་ལྡུད་པའི་བཤེས་གཉེན་ནོ།།
ཕྲག་དོག་གི་རལ་གྲི་བར་མེད་དུ་འཕྱར་བའི་མི་དེར་ཕྱག་འཚལ་ལོ།།
དེ་ནི་ཁྱེད་ཀྱི་གཤིས་རྒྱུད་ལ་གཡོ་མེད་ཀྱི་རྟིང་རྡོ་གནོན་པའི་བཤེས་གཉེན་ནོ།།
ཆུ་འཛིན་བུ་མོས་ཀུན་གསལ་མ་མ་ལ་གར་འགྲོ་གར་འདུག་གི་ཁས་ལེན་སོས་ཐེག་མེད་ཀྱང་། ལུས་དང་གྲིབ་མ་ཇི་བཞིན་ནམ་ཡང་ལྷན་དུ་གནས་སྲིད་པ་དང་། རྒྱུ་སྐར་གཞོན་ནུས་མཚན་མོ་ཕྱུགས་ཆུང་ལ་འོད་གསལ་གྱི་དང་བ་སྟེར་བའི་ཁས་ལེན་སོས་ཐེག་མེད་ཀྱང་། རང་ལ་ཅི་ཡོད་ཀྱི་བཀྲག་མདངས་དེ་མ་བསྐུལ་ལྷུར་ལེན་གྱི་འཚེར་སྲིད་པའི་དཔེ་ལྟར། གྲོགས་པོས་གྲོགས་པོའི་བར་ལ་དྲན་ཚུལ་དུངས་ཚུལ་ཀྱི་ཚིག་ལྷག་བརྗོད་མི་སྲིད་ཀྱང་། སེམས་ཀྱི་གཏིང་ས་རུ་ཇི་སྲིད་བར་དུ་འཁྲེང་བཞིན་ཡོད། ངོ་ཤེས་དང་གྲོགས་པོའི་བར་ལ་ཁྱད་པར་ཡོད་དེ། མི་ཚེ་གཅིག་གི་དུས་ཡུན་ནང་། ངོ་ཤེས་རྫོགས་མེད་ཡོད་སྲིད་ཅིང་། ངོ་ཤེས་དེ་དག་ཐ་ན་ཁྱེད་ཀྱིས་དུས་སྔ་མོ་ནས་ཤེས་པ་ཡིན་ཅིང་། ཁོ་ཚོས་ཁྱོད་ལ་ཁ་བརྡ་གློད་པ་དང་རྩེད་འཇོ་ཡི་ཉི་མ་གཏོང་རོགས་བྱེད་ཆོག་ལ། ཁྱེད་ཁོ་ཚོའི་བསམ་པའི་གཏིང་ས་རུ་བཅོས་མིན་དུ་ནམ་ཡང་བསླེབ་ཐབས་མེད་ལ། འཕྲལ་ཕུགས་ཀྱི་ཁེ་ཉེན་དུས་སུ་ཁོ་ཚོར་རེ་བ་དེ་བས་ཀྱང་བཅོལ་ཐབས་མེད། རྒྱུ་མཚན་ནི་ངོ་ཤེས་དེ་དག་འུ་ཅག་གི་མི་ཚེ་ཡི་བཞུད་ལམ་དུ་ཞག་སྡོད་ཀྱི་གནས་ཚང་གཡར་མྱོང་བའི་འགྲོན་ཁང་ལྟ་བུའོ། །
འཇིག་རྟེན་འདིར་འོ་སྐོལ་ལ་གྲོགས་པོ་རེ་འགའ་ལས་འཐོབ་མི་སྲིད་ཅིང་། ཟོལ་མེད་ཀྱི་གྲོགས་པོ་ནི་ནམ་ཡང་སེམས་དང་སེམས་ལ་འབྲེལ་ཡོད་པ་ཞིག་ཡིན་ལ། ཁོང་ཚོ་ནི་འབྱམས་ཀླས་མྱ་ངམ་ཐང་གི་གདུང་བ་སེལ་བའི་ཆུ་མིག་དང་། དགུན་གསུམ་གྲང་ངར་དུས་ཀྱི་དྲོལ་ཁོལ་སྟེར་བའི་འབར་བྱེད། དབྱར་གསུམ་ཚ་བའི་དུས་ཀྱི་བསིལ་བ་སྦྱིན་པའི་སྦྲང་ཆར་ཇི་བཞིན། ལྟོས་མེད་ཀྱིས་འཁེལ་བ་ཙམ་ལས་ལྟོས་བཅོས་ཀྱིས་བྱུང་བ་ཞིག་མ་རེད། རླུང་རྟ་དར་བའི་དུས་སུ་ཁྱོད་ལ་ངོ་སོ་ཡི་སྙན་དར་སྒྲོན་མཁན་ངོ་ཤེས་ཡིན་ལ། རླུང་རྟ་དམན་པའི་དུས་སུ་ཁྱེད་ལ་སེམས་གསོ་ཡི་སྨན་བཟང་སྟེར་མཁན་གྲོགས་པོ་ཡིན། དཔའ་རྒོད་ཞུམ་པའི་ཡུལ་དེ་དགྲ་ཟླ་མ་ཡིན་ཏེ་གྲོགས་པོའོ། །
དགྲ་ཟླ་ཕམ་པའི་ཡུལ་དུ་སྤྱུགས་པ་ནི་དཔའ་བོའི་རྩལ་དང་སྙིང་སྟོབས་ཀྱི་གྲུབ་རྟགས་མངོན་པ་ཡིན་ལ། བསམ་ཡུལ་ལས་འདས་ཏེ་གྲོགས་པོ་ལ་འཁུ་བ་བསྐྱལ་བ་དེས། དཔའ་རྒོད་ལ་གཞི་ནས་ཤ་རུས་གཏོར་བ་ལྟར་འཇིལ་བར་བྱེད་དོ། །
བདག་གིས་ལན་རེར་གྲོགས་པོ་དྲན་པའི་བསམ་སྣང་དེ་གངས་དཀར་ཁ་བའི་འདབ་མར་བཅོལ་ནས། འཁྲེང་བའི་ཆུ་འཛིན་དང་བསྡོངས་ནས་རི་བོའི་ཕ་རོལ་ཏུ་བཏང་ཞིང་། སྐབས་རེར་དྲན་སྣང་དེ་ཕྲེང་བསྟར་ལེགས་པའི་བྱ་དེ་ཁྲུང་ཁྲུང་ལ་བཅོལ་ནས། དུངས་པའི་དལ་རླུང་དང་བསྡེབས་ནས་རྒྱང་རིང་གི་ཡུལ་དུ་སྤྲིངས་པ་ཡིན་ནོ། །
བདག་གི་མཛའ་མཐུན་གྱི་རྣམ་ཐར་ཞིག་འདི་ལྟར་རྩོམ་པར་འདོད་དེ། མཛའ་མཐུན་ནི་དྭངས་གསལ་གྱི་མུ་ཏིག་ཇི་བཞིན། འུ་ཅག་ཐུན་མོང་གིས་བསྟར་ལ་བརྒྱུས་ཏེ་རིན་པོ་ཆེའི་དོ་ཤལ་ཚར་དུ་དངར་བ་ཞིག་འགྲུབ་པར་འདོད། མཛའ་མཐུན་ནི་མདོག་ཆེན་གྱི་དར་གོས་ཇི་བཞིན། འུ་ཅག་ཐུན་མོང་གིས་དྲས་སྦྱོར་བྱས་ཏེ་གཟབ་མཆོར་གྱི་རྒྱན་ཆས་གསར་ངད་ཅན་ཞིག་འཚེམ་པར་འདོད། མཛའ་མཐུན་ནི་མེ་ཏོག་གི་ས་བོན་ཇི་བཞིན། འུ་ཅག་ཐུན་མོང་གིས་འདེབས་སྐྱོང་བྱས་ནས་སྡུག་གུ་ཡི་སྐྱེད་མོས་ཚལ་ཞིག་བསྐྲུན་པར་འདོད་དོ། །
གཞུང་དྲང་ཅན་གྱིས་འཚོ་བ་དེ་མུ་ཁྱུད་འཛིན་པའི་གངས་དཀར་ལྷུན་པོར་བརྩིས་ནས། རི་བོ་རེ་རེའི་རྩེ་མོར་འབད་བརྩོན་གྱིས་སྙེག་བཞིན་མཆིས་ལ། གཡོ་སྒྱུ་ཅན་གྱིས་འཚོ་བ་དེ་རྒྱ་མཚོའི་ཀློང་དུ་སྐྱོད་པའི་གྲུ་གཟིངས་ཤིག་ཏུ་བརྩིས་ནས། རླུང་དང་བསྟུན་ནས་གྲུ་གཟིངས་ཀྱི་ཁ་ལོ་སྒྱུར་བཞིན་མཆིས། གཡོ་སྒྱུ་ཅན་དེའི་མི་ཚེ་ཧྲིལ་བོར་བདེ་བའི་གླགས་ཀྱིས་འཁྱོལ་སྲིད་ཀྱང་། བཅོས་མིན་གྱི་བདག་ཉིད་བོར་ཚར་བ་ཡིན་ལ། གཞུང་དྲང་ཅན་དེའི་མི་ཚེ་ཧྲིལ་བོར་གེགས་བར་གྱི་བརྙས་འཕྲོག་མོད་ཀྱང་། མི་ཚེ་ཡི་བདེན་ལུགས་ཁོང་དུ་ཆུད་པར་བགྱིས་ཟིན་ཏོ། །
མཛའ་མཐུན་ནི་མི་ཚེ་ཡི་ཡིད་བཞིན་དབྱིག་གི་གྲོགས་སུ་སོང་བའི་སྡུད་གསོག་ཆེན་པོ་ཡིན་ཏེ། དེ་ནི་ཕོངས་པའི་སྐབས་ཀྱི་དགོས་འདོད་ནོར་བུ་དང་། གོལ་བའི་ལམ་གྱི་ཤ་ཚའི་སྙིང་གཏམ། རྒུད་པའི་དུས་ཀྱི་བྱམས་པའི་འདེགས་སྐྱོར་བཅས་སོ།།ཀློག་སློབ་ཀྱང་མི་ཚེ་ཡི་ཡིད་བཞིན་དབྱིག་གི་གྲོགས་སུ་སོང་བའི་སྡུད་གསོག་ཆེན་པོ་ཡིན་ཏེ། དེ་ནི་ཤེས་མེད་བློ་སྒོ་འབྱེད་པའི་ལྡེ་མིག་དང་། འཁྲུལ་མེད་མི་ཆོས་སྙེག་པའི་ཐེམ་སྐས། སྔོན་མེད་ཤེས་བྱ་འབྱོང་བའི་གཏིང་རྩ། ཟླ་མེད་འགྲན་རྩོད་ལ་འཇུག་པའི་སྟོབས་ཤུགས་བཅས་སོ། །
མི་མངོན་པའི་གནས་སུ་གྲགས་མེད་ཀྱིས་ཐུགས་འཁུར་གནང་བཞིན་པའི་མི་དེར་བཀའ་དྲིན་ཞུ་འོས་ཏེ། རྒྱུ་མཚན་ནི་ཁོང་གིས་ཁྱེད་ལ་བདེ་སྐྱིད་ཅེས་པའི་ཚིག་དོན་གྱི་མདུད་པ་བསམ་མེད་དུ་བཀྲལ་ཡོད། སྡུད་ལེན་གྱི་སྐལ་བ་གནང་བའི་གསེར་ལྡན་གྱི་དུས་ཚིགས་ལ་བཀའ་དྲིན་ཞུ་འོས་ཏེ། རྒྱུ་མཚན་ནི་དེ་ཡིས་ཁྱེད་ལ་ལེགས་སྨིན་ཞེས་པའི་ཚིག་དོན་གྱི་མདུད་པ་ཐོགས་མེད་དུ་བཀྲལ་པ་ཡིན།མཛའ་མཐུན་ནི་དཔྱིད་ཀྱི་བསིལ་རླུང་དང་སྦྲང་ཆར་ལྟ་བུ་ཡིན་པས། རེ་བའི་ཟེའུ་འབྲུ་སྦྲུམ་པའི་མེ་ཏོག་གི་གང་བུ་དགྲོལ་ནུས་ལ། མཛའ་མཐུན་ནི་དབྱར་ཁའི་འབྲུག་སྒྲ་ལྟ་བུ་ཡིན་པས། ཡིད་ཀྱི་སྒོ་མོ་བསྡམས་པའི་ན་བུན་གྱི་སྨུག་རྒྱ་དཀྲོག་ཐུབ། མཛའ་མཐུན་ནི་སྟོན་ཁའི་འབྲས་བུ་ལྟ་བུ་ཡིན་པས། གང་དེའི་ལོ་ལེགས་ཀྱི་འཛུམ་རིས་ལྷང་ངེར་ངོམ་སྲིད། མཛའ་མཐུན་ནི་དགུན་ཁའི་ཉི་མ་ལྟ་བུ་ཡིན་པས། མི་ཚེའི་འཁྱག་རེངས་དྲོད་ཀྱིས་གཞོམ་ནུས་སོ། །
ཚང་མས་འདི་སྐད་བསྙད་བཞིན་མཆིས་ཏེ། འཇིག་རྟེན་འདིར་མ་གཞིར་ལན་ཆགས་བུ་ལོན་མ་མཆིས་པ་ཡིན་མོད། འོན་ཏེ་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་གནོད་ལན་རེས་འཁོར་གྱི་རྣམ་ཐར་དེ། མི་ལ་ཤས་ཀྱིས་བཅོས་ནས་སྐྱོང་བའི་མཐའ་མར་ད་གཟོད་རྒྱུན་འབྱམས་སུ་སོང་ངོ་ཞེས་ཟེར།
ཚང་མས་འདི་སྐད་དུ། སྨན་མཆོག་གླ་རྩི་ནད་པར་བྱིན་ན། དྲི་མཆོག་ལྷ་རྗེའི་ཕྱག་ན་ལུས་ཡོད་ཅེས་ཟེར།
ཚང་མས་འདི་སྐད་དུ་བསྙད་བཞིན་མཆིས་ཏེ། དྲིན་བྱས་ཏིལ་འབྲུ་ཙམ་ལ། དྲིན་ལན་རྟ་དང་མཛོ་ཞེས་པ་ལྟར། འཇིག་རྟེན་འདིའི་བྱ་བ་ཇི་སྙེད་མཛའ་མཐུན་གྱི་ལུགས་དང་བསྡེབས་པར་གྱུར་ན། དགེ་བའི་ལས་ལ་བསྐུལ་བས་རང་རྒྱུད་རབ་ཏུ་ཞི་བར་བྱེད་ཅིང་། སེམས་ཀྱི་ཡོལ་གོ་རུ་བདུད་རྩིས་འགེང་བ་ཇི་བཞིན་ནམ་ཡང་སྤྲོ་བ་འབུམ་གྱིས་བརྟ་བར་འགྱུར་རོ། །
དེ་ཡང་ཤེས་རབ་རྒན་པོ་ན་རེ། བདག་ལ་ལྗོན་པའི་ལོ་མ་ཙམ་གྱིས་འདོད་ཡོན་གྱི་ངོམས་ཤེས་པ་ཡིན་མོད། འོན་ཏེ་ཐུགས་རྗེ་ཆེན་པོས་དབྱར་གྱི་དགེ་མཚན་ཞིག་སྦྱིན་པ་གནང་བྱུང་ཞེས་གསུངས་པ་ལྟར། མཛའ་མཐུན་ནི་ལྗོན་པའི་ལོ་མ་ཙམ་ལས་མ་འདས་ཀྱང་། ལྗང་མདོག་གི་ལོ་མ་དེ་འུ་ཅག་གིས་འཛུམ་བུའི་གླིང་ལ་འབུལ་སྙིང་མཆིས་ན། བྱས་ལན་དུ་དགེ་བའི་མཚན་མ་ཡོངས་སུ་འཛོམས་པའི་དབྱར་གྱི་དུས་ཚིགས་ཤིག་འཐོབ་པར་གདོན་མི་ཟ།
ཆུ་འཐུང་བའི་དུས་སུ་ཁྲོམ་པ་བརྐོས་པའི་མི་དེ་བསམས་ན། སྐྱེམས་ཚུལ་གྱི་རོ་བརྒྱ་བྱུང་ལུགས་སེམས་ཀྱིས་རྟོགས་ཤིང་། སྟོན་བསྡུ་བའི་དུས་སུ་ས་བོན་བཏབ་པའི་མི་དེ་བསམས་ན། ངལ་རྩོལ་གྱི་དཀའ་བ་སྤྱད་ལུགས་ཡིད་ཀྱིས་རྟོགས། དབང་རླུང་རྒྱས་པའི་དུས་སུ། རང་ཉིད་དྲིན་གྱིས་བསྐྱངས་པའི་མི་དེར་བཀུར་སྟི་བྱ་འོས་ཏེ། དྲིན་ལན་དྲིན་གྱིས་འཇལ་ན་དལ་འབྱོར་མི་ལུས་ཀྱི་རིན་ཐང་སྔར་བས་གསལ་རྟོགས་འབྱུང་ཞིང་། འཇིག་རྟེན་འདི་རུ་གྲོགས་མེད་ཁེར་རྐྱང་གིས་འཚོ་ཐབས་མེད་པའི་དཔེ་ལྟར། དུས་དང་སྐད་ཅིག་ཙམ་ལའང་ལོགས་ཀྱི་མི་རེ་རེ་དང་། ཐ་ན་རྩྭ་དང་རྩི་ཤིང་རེ་རེའི་བར་ལའང་འདོར་ཐབས་མེད་པའི་འབྲེལ་བས་བཅངས་ཡོད།
དྲིན་བྱས་བཀུར་གཟོ་མེད་པའི་མི་དེ་ཉམ་ང་བ་ཞིག་སྟེ། རྒྱུ་མཚན་ནི་ཁོས་རང་ཉིད་ཀྱི་ཀུན་སློང་བསྐྱེད་པའི་མཐུན་རྐྱེན་རྨེག་མེད་དུ་བཏང་འགྲོ། དྲིན་བྱས་བཀུར་གཟོ་མེད་པའི་མི་དེ་ཡི་མུག་པ་ཞིག་སྟེ། རྒྱུ་མཚན་ནི་ཁོས་རང་ཉིད་ཀྱི་ཡང་རྩེར་སྙེག་པའི་ཐེམ་སྐས་རྩིས་མེད་དུ་བཅོམ་སྲིད། དྲིན་བྱས་བཀུར་གཟོ་མེད་པའི་མི་དེ་གྲོགས་མེད་ཅིག་སྟེ། རྒྱུ་མཚན་ནི་ཁོས་རང་ཉིད་ཀྱི་ཚེ་སྲོག་ལ་ཉིང་བཅུད་སྟེར་བའི་ཕུགས་ལམ་རྨང་ནས་བཅད་འགྲོ། དྲིན་བྱས་བཀུར་གཟོ་མེད་པའི་མི་དེ་བླུན་པོ་ཞིག་སྟེ། རྒྱུ་མཚན་ནི་ཁོས་རང་ཉིད་ལ་བདེ་སྐྱིད་འདྲེན་པའི་ལྕུག་ཟམ་དེ་མེད་བརླག་ཏུ་གཏོང་ངོ་། །
བཀུར་གཟོ་ལས་བདེ་སྐྱིད་འབྱུང་བའི་རྒྱུ་མཚན་གྱིས། འུ་ཅག་གིས་བཀུར་གཟོ་ཤེས་པར་བྱ་སྟེ། དབང་ཕྱོགས་སྐྱ་རེངས་དུས་ཀྱི་ཉི་གཞོན་འཆར་བར་བཀུར་སྟི་བྱ་ལ། མཛའ་བཤེས་བློ་སེམས་ཉེ་བའི་འཚམས་འདྲི་གནང་བར་བཀུར་སྟི་བྱ། གཞན་ཕན་དགེ་བའི་ལས་ལ་གཏོང་ཕོད་ཆེ་བར་བཀུར་སྟི་བྱ་ལ། ལས་ཀྱིས་ཐོབ་པའི་ནོར་སྐལ་ཕྲན་བུ་ཙམ་ལའང་བཀུར་སྟི་བྱ་འོས་སོ། །
ཀྱེ། གྲོགས་པོ་ལགས། ཁྱེད་ལ་ལང་ཚོའི་སོན་རྡོག་གཅིག་སྟེར་བར་བྱ་སྟེ། གང་གི་ཐོང་གའི་དབུས་སུ་གདབ་པར་གྱིས་ལ། ས་བོན་དེ་འདུ་འཛི་ཆེ་བའི་ཁྲོམ་སྲང་དུ། རབ་ཏུ་གསལ་བའི་ལམ་སྒྲོན་ཞིག་ཏུ་སྨིན་པར་ཤོག མུ་མཐའ་མེད་པའི་སྤང་ལྗོངས་སུ། སྐྱེ་སྟོབས་ལྡན་པའི་ལྗང་མྱུག་ཅིག་ཏུ་སྨིན་པར་ཤོག ལྷུང་ལྷུང་འབབ་པའི་ཆུ་ཀློང་དུ། ཟེགས་དཀར་རྩེན་པའི་རླབས་ཕྲེང་ཞིག་ཏུ་སྨིན་པར་ཤོག བསིལ་ལྡན་ཁ་བའི་ཡུལ་ཁམས་སུ། འཛུམ་སྟོང་དགོད་པའི་གསེར་ཆེན་ཞིག་ཏུ་སྨིན་པར་ཤོག
ཁྱིམ་གཞིས་ནི་རྒྱས་པར་བྱས་ན་དཔག་པ་ཚད་མེད་ཀྱི་བར་དུ་བརྐྱངས་ཆོག་ཅིང་། འཇིགས་མཛད་ཀྱི་རྡོ་རྗེ་གླིང་ཡང་ཁོང་དུ་ཤོང་སྲིད་ལ། བསྡུས་པར་བྱས་ཚེ་དཔག་པ་ཚད་ཡོད་ཀྱི་བར་ལ་བསྐྱུངས་ཆོག་ཅིང་། འཁོན་འགྲས་ཀྱི་དོ་བསྡོ་བའི་མི་གཉིས་ཀྱང་ཤོང་དཀའ་འོ། །
ཁྱིམ་གཞིས་ནི་སྣ་ཚོགས་མེ་ཏོག་དབང་གཞུར་འགྲན་པའི་སྐྱེད་མོའི་ཚལ་དུ་བཀོད་དེ། སྐད་སྙན་བྱིའུ་རྐང་དྲུག་རབ་སྡུག་ཚོགས་ཀྱིས་ཀུན་ནས་མཛེས་པའི་ལྷ་གནས་དུམ་བུར་བརྩིས་ཆོག་ཅིང་། ཁྱིམ་གཞིས་ནི་མི་བདེ་བྲག་རྩུབ་དང་དུག་ཚེར་གྱིས་དམིགས་པའི་རྔ་ཡབ་གླིང་དུ་བཀོད་དེ། བཟའ་མི་ཁྱོ་ཤུག་ཟུང་གི་མནར་སེམས་བྲན་དུ་འཁོར་བའི་བཙོན་རར་ཡང་བརྩིས་ཆོག་གོ །
དོན་གལ་ལ་བབས་ནས་འཆད་པར་བྱ་བ་ནི། ཁྱིམ་གཞིས་ཁོངས་མི་རེ་རེ་ནི་བདག་སྐྱོང་གི་རྒྱལ་པོ་ཡིན་ལ་སྲུང་སྐྱོང་གི་དམག་མི་ཡང་ཡིན་ཕྱིན། ཞི་མཐུན་སྒོས་ཁྱིམ་གཞིས་ནང་གི་སྲིད་ཇུས་དང་ཕྱི་ཡི་འབྲེལ་བ་ལེགས་སྒྲིག་བྱེད་ཅིང་། མཐའ་མཚམས་འགོག་སྲུང་གི་བྱ་བ་བཀོད་སྒྲིག་ལེགས་པོ་བྱས་ཏེ། མ་རུངས་དགྲ་ཟླའི་བར་གྱི་འབྲེལ་བ་དེ། ནངས་དུས་ཀྱི་གྲིབ་མ་ཇི་བཞིན་ཐུང་ནས་ཐུང་དུ་བསྡུ་བ་དང་། མཛའ་ཕྱོགས་གྲོགས་པོའི་བར་གྱི་འབྲེལ་བ་དེ། ནུབ་དུས་ཀྱི་གྲིབ་མ་ཇི་བཞིན་རིང་ནས་རིང་དུ་བསྐྱངས་ཏེ། མཐའ་མ་ཚེ་སྲོག་གི་གཟུགས་འོད་བསྡུ་བའི་བར་དུ་དགའ་སྐྱིད་ཀྱིས་འཁྱུད་པར་བགྱིའོ། །
ཁ་དན་ཚིག་ལ་གནས་ན། འབར་ཞུན་རྐང་ཐུར་གཅིག་གིས་ནམ་མཁའ་འོད་ཀྱིས་འཁྱོག་ནུས་པའི་དཔེ་ལྟར་མིའི་སེམས་གསལ་བར་བྱེད་ཅིང་། ཁ་དན་ཚིག་ལ་གནས་ན། ལྗོན་པའི་ལོ་མ་གཅིག་གིས་དུས་ཚིགས་གཅིག་སྟོན་ནུས་པའི་དཔེ་ལྟར་མི་སེམས་མགུ་བར་བྱེད་ལ། ཁ་དན་ཚིག་ལ་གནས་ན། རླབས་ཀྱི་རི་མོ་གཅིག་ལས་ཕ་རོལ་རི་མངོན་མཚོན་ནུས་པའི་དཔེ་ལྟར་མིའི་སེམས་བསྐྱེད་པར་བགྱིའོ། །
མཛའ་མཐུན་ནི་རྣར་སྙན་པའི་གླུ་ཞིག་དང་མཚུངས་པར། སྨོན་ལས་བཟང་བོ་དང་ཡར་སྐུལ་ནན་མོ་གླུ་རུ་བཀྱགས་ནས། དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་བ་བསྐུམས་པར་བྱེད་ཅིང་། དཔྱིད་ཀྱི་རྒྱལ་མོའི་དྲོ་སྐྱིད་དང་གསེར་ལྡན་དུས་ཀྱི་འབྲས་བུ་དྲངས་ནས་བསླེབ་ངེས་པ་ཡིན་ནོ། །
གཉིས་པ། གནས་ལུགས།
དཔྱོད་ཤེས་ཀྱི་བློ་གྲོས་སྟེང་ལ་བརྩོན་འགྲུས་ཀྱི་རྟག་སྦྱོར་ཅན་དེ།
དོན་ཀུན་ལྷུན་གྱིས་འགྲུབ་པའི་བསོད་ནམས་ཀྱི་སྐྱེས་བུ་རེད།
རང་སེམས་ཀྱི་རྟ་ཧྲེངས་རྒོད་པོ་རང་ཡིད་ཀྱི་བརྟུལ་ཕོད་ཅན་དེ།
རྨོངས་མུན་རྩད་ནས་འཇོམས་པའི་རིག་པའི་དཔའ་བོ་རེད།
ཟབ་བཞེས་ཀྱི་ཐུགས་བཀོད་སྟེང་ལ་བྱམས་ལྡན་གྱི་བློ་དཀྱེལ་ཅན་དེ།
ཐུགས་སྣང་རབ་ཏུ་གཤིན་པའི་དྲིན་ཆེན་གྱི་ཕ་མ་རེད།
ཟླ་གཞོན་གྱི་བསིལ་ཟེར་འོག་ན་ཁེར་རྐྱང་གི་གཟུགས་གཞི་ཅན་དེ།
རྒྱལ་ཁམས་རིག་པས་བསྐོར་བའི་འཕོ་ཉུལ་གྱི་དཔའ་རྒོད་རེད།
བདེ་སྐྱིད་ཀྱི་སླད་དུ་བརྩོན་པ་ལྷུར་ལེན་གྱི་ཚེགས་ལན་ཅི་འདྲའི་ཆེ་ནའང་། དེ་ནི་སྡུག་འཁུར་གྱི་འགོང་བོ་མིན་པར། དགའ་སྐྱིད་དང་ལྡན་པའི་འཚོ་བ་ཡིན་ཞིང་། དེ་ནི་སྐྱོ་སེམས་སློང་བའི་ཟློས་གར་མིན་པར། སྤྲོ་སེམས་བསྐྱེད་པའི་གར་གྱི་ཆ་བྱད་ཡིན་ནོ།། ཅི་ཞིག་ལ་བདེ་སྐྱིད་ཟེར་ཞེ་ན། དེ་ནི་དབྱར་དུས་ཀྱི་ནངས་མོར་རང་ཁྱིམ་གྱི་སྒེའུ་ཁུང་ཕྱེ་མ་ཐག ཐད་ཀར་གདོང་ལ་མཆེད་ནས་འོང་བའི་བསིལ་འཇམ་གྱི་རླུང་བུ་དེ་ཡིན་ལ། རང་ཉིད་གཅིག་པུས་རྣ་བ་བླགས་ཏེ། སྙན་མོའི་དབྱངས་ལ་རོལ་སྐབས་ཀྱི་བསམ་པའི་ལྷིང་བ་དེ་ཡིན་པར་མ་ཟད། ཨ་མའི་ཕྱག་ནས་རོ་མཆོག་གིས་གཏམས་པའི་དཀར་ཡོལ་ལེན་སྐབས་ཀྱི་བཀའ་དྲིན་ཚོར་ཤེས་དེ་དག་གོ །
དྲང་རྐྱང་དང་བྱིས་བློ་ཅན་ནི་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་ཏེ། བྱིས་བློ་ཅན་ནི་ཁྱེའུ་ཕོ་རོག་སྐྲོག་ནུས་ཅན་ཏེ། རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ་ཟེར་ཞིང་། དྲང་རྐྱང་ནི་ཁྱེའུ་དུས་ནས་ལྷན་སྐྱེས་སུ་བྱུང་བའི་རྒྱུ་ནོར་ཡིན་པས། དྲང་རྐྱང་དེ་མ་ནོགས་པར་གཉོར་སྐྱོང་ལེགས་པོ་བགྱིས་ན། རང་ལ་དགེ་ཕྱོགས་ཀྱི་མཛའ་བ་ཆ་གཅིག་གིས་ཇེ་ཕྱུག་ཏུ་སོང་སྟེ། སེམས་གནས་ཀྱི་རྟེན་བྱེད་ལ་ཚོར་སྐྱེན་གྱི་འོད་སྣང་འབར་སྲིད། དྲང་རྐྱང་དེ་མ་ནོགས་པར་གཉོར་སྐྱོང་ལེགས་པོ་བགྱིས་ན། རང་ལ་མི་ཚེ་ཡི་སྤྲོ་ཤུགས་ཆ་གཅིག་གིས་ཆེ་རུ་སོང་སྟེ། ཤེས་རབ་ཀྱི་སྡོང་བུ་ལ་བླང་དོར་གྱི་འབྲས་བུ་སྨིན་སྲིད། དྲང་རྐྱང་དེ་མ་ནོགས་པར་གཉོར་སྐྱོང་ལེགས་པོ་བགྱིས་ན། རང་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆ་གཅིག་གིས་ཇེ་རྒྱས་སུ་སོང་སྟེ། མིའི་རིགས་ཀྱི་ཡར་རྒྱས་ལ་བཅོས་མིན་གྱི་བྱས་རྗེས་འཇོག་སྲིད།
གནས་ལུགས་ཞེས་པ་ནི་སྲེག་བཅད་བརྡར་གསུམ་གྱི་སྦྱོར་བ་ལས་འཁྲུངས་པའི་ས་ལེ་སྦྲམ་ལྟར། ཀུན་གྱིས་མེ་ལོང་དུ་བསྟེན་པར་བརྩི་ཞིང་བཀུར་ལ། ཁུངས་མེད་འཆལ་གཏམ་དག་ནི། ས་གཞིའི་བ་མོར་ཉི་འོད་རེག་པ་ཙམ་གྱིས་ལྷག་མེད་དུ་འགྱུར་བའི་དཔེ་ལྟར། ཡོངས་ཀྱིས་དམོད་པའི་གཞི་རུ་འཁུམས་སོ། །
བྱིས་པ་ནི་དཔེར་ན་སྙན་པར་བརྗོད་པའི་ཚིག་གི་ཕྲེང་བ་དང་། དགེ་རྒན་ནི་སྙན་པར་བརྗོད་པའི་ཚིག་གི་ཕྲེང་བ་རྩོམ་མཁན་ཡིན་པས་ན། རྩོམ་པ་པོས་རུ་ངར་ཞིབ་ཚགས་ཀྱིས་བརྩམས་པ་ཡིན་ཚེ། སྙན་ཚིག་དེ་ད་གཟོད་ཀུན་གྱིས་ངག་ཏུ་བདེ་ལྷང་ལྷང་གི་གྱེར་སྲིད།
བྱིས་པ་ནི་དཔེར་ན་གསར་དུ་སྐྱེས་པའི་ལྗོན་ཕྲུག་དང་། དགེ་རྒན་ནི་ལྗོན་ཕྲུག་གི་རྩ་བ་གསོ་བར་བྱེད་པའི་བཞའ་རླན་ཡིན་པས་ན། བཅུད་འཛོམས་བཞའ་ཚན་འོ་མས་གཉོར་སྐྱོང་བྱས་པ་ཡིན་ཚེ། ལྗོན་ཕྲུག་དེ་གཞི་ནས་གཉོམ་ལག་རྒྱས་སྲིད།
བྱིས་པ་ནི་དཔེར་ན་རྫ་རིའི་སྟེང་གི་མེ་ཏོག་གསེར་ཆེན་དང་། དགེ་རྒན་ནི་དགུན་དུས་ཀྱི་ཁ་བའི་འདབ་མ་ཡིན་པས་ན། ཁ་བའི་འཁྱག་གྲང་གི་བགམ་པ་བརྒྱུད་ནས། གསེར་ཆེན་ལ་གཞི་ནས་འདབ་མ་རྒྱས་སྲིད།
ཤེས་པར་བྱ་བ་ལ། ཆུ་བོ་ཐམས་ཅད་རྒྱ་མཚོར་འཇུག་པའི་ངེས་པ་མེད་དེ། བཞུར་རྒྱུན་ཆད་པའི་ཆུ་བོ་དེ་སྲོག་ཁམས་ཀྱི་རྟེན་དང་བྲལ་པའི་ལྟེང་ཀ་ཙམ་ལས་མ་འདས་སོ། །ས་བོན་ཡོད་ཚད་སྐྱེ་ནུས་ལྡན་པའི་ངེས་པ་མེད་དེ། སྐྱེ་ནུས་མེད་པའི་ས་བོན་དེ་སྐོགས་ཤུན་སྐམ་པོ་ཙམ་ལས་མ་འདས་སོ། །
ལྟ་ན་སྡུག་པའི་མེ་ཏོག་དེ། ཆར་རླུང་དང་སད་སེར་གྱི་བྱབས་ཁྲུས་ལས་གཞོལ་ཏེ། འབྱོར་ལྡན་བཀོད་ལེགས་མི་ཁྱིམ་གྱི་བུམ་པའི་རྒྱན་དུ་མཚན་ན། རང་ལ་དབང་བའི་ཚེ་ཡི་རྟེན་པ་དེ་གཞན་དབང་དུ་སོང་བ་དང་། རང་གིས་ལོངས་སུ་སྤྱད་ཆོག་པའི་དཔལ་སྐྱིད་དེ་སྟོང་སྣང་དུ་ཟད་དོ། །
ལྟ་ན་སྡུག་པའི་མེ་ཏོག་དེ། འགོལ་བའི་དུས་ཚིགས་ཤིག་བརྒྱུད་རྗེས་གཞི་ནས་མཆོག་ཏུ་མཛེས་པའི་དུས་ཚིགས་ཤིག་འཆར་སྲིད་ལ། བོགས་པའི་དུས་ཚིགས་ཤིག་བརྒྱུད་རྗེས་གཞི་ནས་གཡུར་དུ་ཟ་བའི་དུས་ཚིགས་ཤིག་མངོན་ཡོང་ངོ་། །
མེ་ཏོག་གི་གང་བུ་རྒྱས་ཏེ་འདབ་མའི་འཛུམ་སྟོང་གྲོལ་པ་དེ། ངོམ་འཕྱར་གྱི་ཆེད་དུ་མ་ཡིན་པར། འབྲས་བུ་སྨིན་པའི་སླད་དུ་ཡིན་ཞིང་། དྲི་ཞིམ་བར་མེད་དུ་འདོན་པ་དེ། ཕྱེ་ལེབ་དང་བུང་བ་འགུག་པའི་ཆེད་དུ་མ་ཡིན་པར། ནོར་འཛིན་མ་མར་དྲིན་ལན་འཇལ་བའི་སླད་དུའོ། །
གནས་ལུགས་རྒན་པོར་མཁྱེན་དཔྱོད་ཡངས་པའི་དགོངས་འཆར་ཞིག་ཡོད་པར་མ་ཟད། ལག་ལེན་དུ་བསྟར་མཁས་པའི་ཕྱག་ཟུང་དང་། འཕོ་ཉུལ་གྱི་ལས་ལ་འཇུག་སྤོབས་པའི་ཞབས་གོམ་སྙོམས་པོ་ཞིག་འཛོམས་པས་སོ། །
རང་ཉིད་ཅི་སྟེ་ཡང་བསྐྱར་བྱིས་པའི་དུས་སུ་ལོག་ཐུབ་པའི་དབང་དུ་སོང་ན། བློ་སེམས་ལ་དཀུ་བ་མེད་པའི་སྙིང་སྟོབས་ཅན་ཞིག་ཏུ་འབད་པ་བྱེད་སྲིད་ཅིང་། ཅི་འོས་ལ་རྣམ་གཡེང་མེད་པའི་བརྩོན་འགྲུས་ཅན་ཞིག་ཏུ་འབད་པ་བྱེད་སྲིད་ལ། དྲན་ཤེས་ལ་ཉམས་པ་མེད་པའི་ཐོས་ལྡན་པ་ཞིག་ཏུ་འབད་པ་བྱེད་སྲིད་ཅིང་། དམིགས་པ་ལ་ཕྱོགས་རིས་མེད་པའི་བརྩེ་ལྡན་པ་ཞིག་ཏུའང་འབད་པ་བྱེད་སྲིད་དོ། །
ཤེས་རབ་ཀྱི་བློ་ཁ་རྣོ་བའི་རྩོམ་པ་པོ་ཞིག་གིས། འཇིག་རྟེན་འདིའི་དཔའ་བོ་ནི་ཞི་ཞིང་དུལ་བའི་སྐྱེས་མཆོག་དམ་པ་དག་ཡིན་ལ། འཇིག་རྟེན་འདིའི་སྲིན་པོ་ནི་སྡིག་ཅིང་ལྟུང་བའི་ཝ་སྐྱེས་སྡར་མ་རྣམས་རེད་ཅེས་གསུངས་སོ། །
འཚོ་བ་ནི་མེ་ལོང་ཞིག་དང་མཚུངས་པར། ཁྱེད་ཀྱིས་འཛུམ་མདངས་མེ་ལོང་ལ་བསྟན་ན་མེ་ལོང་ཡང་དགོད་སྲིད་ལ། ཁྱེད་ཀྱིས་སྡུག་གཉེར་མེ་ལོང་ལ་བསྟན་ན་མེ་ལོང་ཡང་ཁྲོ་སྲིད། ཁྱེད་ཀྱིས་ཐེ་ཚོམ་གྱི་ཉམས་བསྟན་ན་མེ་ལོང་གིས་ཀྱང་སོམ་ཉི་ཡི་བཞིན་རས་སྟོན་སྲིད་པའི་དཔེ་ལྟར། ཐེ་མཚོ་གྱིས“མིན་ནོ”ཟེར་བའི་ཐ་སྙད་དེ་ནམ་ཡང་སེམས་སུ་གཡོ་བ་མེད་པར་སྐྱོར་མཁན་ནི། འཇིག་རྟེན་གནས་ལུགས་རྒན་པོ་རེད་ཨང་།གངས་རི་ལས་བལྟམས་པའི་ཆུ་ཕྲན་ནི་མཐའ་ཀླས་པའི་སྤང་ལྗོངས་བརྒྱུད་དེ། ཆད་མེད་ཀྱིས་བཞུར་བཞིན་པའི་སྐབས་སུ། བསམ་ལོང་དྲན་ལོང་མེད་པར་ལྷུན་ཞིང་བརྗིད་པའི་བྲག་རི་དང་འཕྲད་བྱུང་། ཆུ་ཕྲན་གཞོན་ནུས་མ་ཡུམ་གངས་རིའི་བསླབ་བྱའི་གདམས་ངག་སྙིང་གི་རུས་པར་བསྒྱུར་ནས། ཕྱི་ནུར་གྱི་ལེ་ལོ་རིང་དུ་སྤངས་ཤིང་ཐེ་ཚོམ་མེད་པར་རླབས་ཀྱི་རལ་གྲི་འཕྱར་བཞིན། རྩེ་གཅིག་གིས་རྡེག་གཅོད་ཀྱི་དཀའ་བ་གྲངས་མེད་སྤྱད་མཐར། བྲག་རི་ཆེན་པོ་འོབས་ཚལ་དུ་བརྟོལ་ཅིང་། ཆུ་ཕྲན་དེ་ཟླ་ལམ་ཉིན་གྱིས་ཆོད་པའི་གཙང་བོ་དར་མ་ཞིག་ཏུ་རྒྱས་ཏེ། མཐའ་མར་དངུལ་གྱི་བྱེ་མའི་ལེགས་སྐྱེས་ཐོགས་ཤིང་ཆུ་ཕྲན་ལྔ་བརྒྱའི་སྐུ་འཁོར་དང་བཅས། སྙིང་ནས་འདོད་པའི་མཛའ་མོ་ས་མཆོད་མ་དང་དབྱེར་མེད་དུ་འདྲེས་པར་གྱུར་ཏོ། །
འཇིག་རྟེན་འདིར་ཚོས་གཞི་གཅིག་ལས་ཚོན་མདངས་མེད་པ་མ་ཡིན་ལ། མི་ཚེ་འདིར་ལས་དབང་གཅིག་ལས་འགྱུར་བ་མེད་པ་མ་ཡིན་པའི་ཕྱིར། བདག་གིས་མི་ཚེ་འཚོ་བའི་ཁྲོད་རླུང་འཚུབ་དྲག་ཆར་དང་ཚ་བ་གྲང་ངར་གྱི་ཉམས་ཚོད་ལས་གཞན། ད་དུང་རྐང་འཐུང་གེ་སར་ཅན་གྱི་འཛུམ་སྟོང་དང་། སྙན་ངག་མཁན་པོའི་ལྷག་བསམ། བཀྲ་བྱེད་པིར་རྩེའི་ཚོན་རིས་བཅས་དགའ་སྐྱིད་ཀྱང་མཆིས་པར་ཡིད་ཆེས་བློ་སྨོན་བྱེད་ཀྱིན་ཡོད་ལ། སྐྱེས་བུ་དམ་པས་རྩོལ་སྙེག་གི་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ཏེ། ཕ་རོལ་གཏན་གྱི་འདུན་མའི་ནོར་གླིང་དུ་འབྱོར་བཞིན་པ་མཐོང་ན། བདག་གིས་ཀྱང་བརྩོན་འགྲུས་ཀྱི་གཤོག་ཟུང་གང་ནུས་ཀྱིས་བརྐྱངས་ཏེ། ཤེས་བྱའི་མཚོ་མོའི་ནང་ནས་སེམས་བསྐྱེད་ཀྱི་ནོར་བུ་འཐོབ་པར་ཡིད་ཆེས་བློ་སྨོན་བྱེད་བཞིན་ཡོད་དོ། །
ཟུག་གཟེར་གྱི་འཚེ་བ་མེད་ན་སྐྱེ་མཆེད་ཀྱི་དབང་བོ་མེད་ལ། རང་དོན་དུ་འཚོ་བ་ཁོ་ནར་ཟད་པ་དུད་དེ་འགྲོ་བ་དག་གིས་ཀྱང་ཤེས་ལ། ཀུན་ཕན་གྱི་ཆེད་དུ་འབད་པ་བར་མེད་བྱེད་པ་དེར། གཞི་ནས་མི་ཚེ་ཡི་བདེ་སྐྱིད་དམ་པར་འབོད་ཅེས་གནས་ལུགས་རྒན་པོས་གསུངས་སོ། །
གསུམ་པ། རང་གཅེས།
ཡུལ་རྒྱལ་ཁམས་རིང་མོར་སྐྱོད་བསམས་ན།།
དགོད་ས་སྲོས་བར་ལ་འགོར་དོན་མེད།།
རི་མཐོན་པོའི་རྩེ་མོར་སྙེག་བསམས་ན།།
སྤྲིན་སྨུག་པའི་ཆོ་གར་འཇིགས་དོན་མེད།།
མཚོ་ཆེན་པོར་གྲུ་གཟིངས་གཏོང་བསམས་ན།།
རླབས་ཕྲེང་བའི་གཡེལ་བར་འཛེམ་དོན་མེད།།
གླུ་སྙན་མོ་དབྱངས་ལ་འགུགས་བསམས་ན།།
དབྱར་དྲུག་པའི་དུས་བཟང་ཡིན་དོན་མེད།།
སེམས་ལྷད་མེད་བརྩེ་དུངས་འབུལ་སྙམ་ན།།
ཟླ་ཉ་གང་ཡིན་མིན་དོགས་དོན་མེད།།
གྲོགས་རྣམ་དག་ལྷན་འཛོམས་བྱུང་དུས་ན།།
ཟས་རོ་མཆོག་གསེར་སྐྱེམས་ཡིན་དོན་མེད།།
ཕུགས་འདུན་མའི་བཅོལ་བ་མ་ལྷོད་ན།།
སྤྱན་མཆི་མའི་མཆོད་ཡོན་འབུལ་དོན་མེད།།
ལས་བརྩོན་པའི་ལ་རྒྱ་མ་བོར་ན།།
དབུ་དཀར་པོར་འགྱུར་དུས་གནོང་དོན་མེད།།
རང་གཅེས་ཀྱི་བརྟུལ་ཞུགས་འཛིན་ན། ལྗོན་ཤིང་གི་ལོ་མ་ཇི་བཞིན་དྲག་ཆར་གྱི་བརྡབ་རྡེག་ལ་ཞུམ་མེད་ཀྱིས་བསུ་བ་བྱེད་ཕོད་ཅིང་། ཀློང་ཆེན་དུ་ཞུགས་པའི་གྲུ་གཟིངས་ཇི་བཞིན་རླུང་འཚུབ་དང་རྦ་རླབས་ཀྱི་གཡོ་སྐྱོམ་བརྒྱུད་རྗེས། ཡང་བསྐྱར་གྲུ་ཡོར་དགུང་དུ་ཕྱར་ནས་ཤར་མར་མདུན་སྐྱོད་པའི་བརྗིད་ཉམས་ལྡན་ཞིང་། རང་གཅེས་ཀྱི་བརྟུལ་ཞུགས་འཛིན་ན། མེ་ཏོག་གངས་ལྷ་ཡི་འདུ་ཤེས་ཇི་བཞིན་སྟོང་འཇགས་ཀྱི་རྫ་རིའི་སྟེང་ནས། ཡིད་དབང་འཕྲོག་པའི་མཚར་སྡུག་གི་འཛུམ་མདངས་ངོམ་འོས་ཤིང་། སྐྱོ་སྡུག་གི་མཆི་མས་ཁ་སང་གི་ཉིན་མོ་ལྕི་བ་བཞིན་སྦངས་ཚར་ནའང་། འཛུམ་དམུལ་གྱི་བསམ་ཚུལ་དང་བཅས་ཏེ་སང་ཉིན་གྱི་ཉི་མ་བསླེབ་པར་རྩིས་འགོད་ཞིབ་མོ་བྱ་འོས། རང་གཅེས་ཀྱི་བརྟུལ་ཞུགས་འཛིན་ན། རྨོངས་མུན་གྱི་རྩྭ་ཡན་རྟིང་ནས་བཅད་དེ་མོས་འདུན་གྱི་མྱུ་གུ་འབུས་སུ་འཇུག་འོས་ཤིང་། རྟ་བདུན་དབང་བོས་ཚ་ཟེར་གྱི་ཕོ་ཉ་བཏང་ནས། དཔྱིད་དཔལ་གྱི་སྒེག་ཉམས་བཞེངས་པ་ཇི་བཞིན་བརྩོན་པའི་རྒྱུན་སྐྱོང་འོས་སོ། །
རྣམ་གསལ་ལགས་ན་རེ། ཁོ་མདུན་དུ་སྐྱོད་སྐབས་ཁྱེད་ཀྱིས་ཕྲག་དོག་བྱེད་མི་རུང་ལ། ཁོ་ཕྲག་དོག་བྱེད་སྐབས་ཁྱེད་མདུན་དུ་བསྐྱོད་དགོས། ཟླུམ་གཟུགས་གོ་ལའི་སྟེང་ཆེས་འབྱམས་ཀླས་པ་ནི་རྒྱ་མཚོ་ཡིན་ལ། རྒྱ་མཚོ་ལས་འབྱམས་ཀླས་པ་ནི་སྣང་བའི་ཁམས་ཡིན་ཞིང་། སྣང་བའི་ཁམས་ལས་ཀྱང་འབྱམས་ཀླས་པ་ནི་མི་ཡི་སེམས་རྒྱའོ། །
གསར་སྐྱེས་ཀྱི་ལྗོན་ཕྲུག་དེ། སྐྱོན་ཅན་ཡལ་གའི་ལྕུག་ཕྲན་ལ་གཅོད་བཅོས་ཀྱི་ན་ཟུག་བརྒྱུད་རྗེས། གཞི་ནས་ལྡེམ་ལྡེམ་སྐྱེ་གཟུགས་དྲང་བའི་མཛེས་སྡུག་གི་ཉམས་སྣང་མངོན་པ་དང་། རང་བྱུང་གི་ཉེར་འཚེ་མཐའ་དག་ཉམས་སུ་བླངས་རྗེས། གཞི་ནས་སྐྱེ་སྟོབས་ཀྱི་ཟིལ་ཤུགས་ལྡན་ཞིང་གཞན་སྡེ་ཞུམ་པར་བྱེད་པའི་ལྗོན་ཆེན་ཞིག་ཏུ་རྒྱས་ཤིང་། ཁྲི་གདུགས་ཨ་མའི་དྲོ་འཇམ་དེ་གཞི་ནས་རང་སེམས་ཀྱི་ཆ་ཤས་སུ་སྦྲུམ་པར་ནུས་སོ། །
བཤད་རྒྱུན་ལ། རྟག་ཏུ་འཛུམ་ནས་དགོད་པ་དེ། གླེན་པ་ཅན་གྱི་གླེན་རྟགས་ཡིན་ཟེར་སྐད་དུ། གླེན་རྟགས་དེར་སྐྱོན་ཅི་ཡོད་དམ། མཁས་མཆོག་ཕྱི་བལྟས་གླེན་པའི་ཚུལ་བྱད་ཅན་ཞེས་པ་མ་ཐོས་སམ།
བཤད་རྒྱུན་ལ། བཤུམ་པ་ནི་སྐྱོ་བའི་རྟགས་མཚན་ཡིན་ཟེར་སྐད་དུ། བཤུམ་པ་ལ་སྐྱོན་ཅི་ཡོད་དམ། འཇིག་རྟེན་འདིར་མི་བཤུམ་པའི་གང་ཟག་ཅིག་ག་ལ་ཡོད་སྲིད། ཐོག་མར་རང་ཉིད་བཤུམ་བཞིན་མི་ཡུལ་དུ་བསླེབས་པ་ཡིན་ལ། མཐར་མར་ནང་མི་བཤུམ་བཞིན་རང་ཉིད་ཕྱི་མར་བསྐྱལ་བ་མ་ཡིན་ནམ།
བཤད་རྒྱུན་ལ། རང་དང་འབྲེལ་བ་མེད་པའི་གཞན་དོན་མཐོལ་ལོ་བཤགས་ཟེར་སྐད་དུ། རང་དང་འབྲེལ་བ་མེད་པའི་གཞན་དོན་ལ་ཞུགས་པར་སྐྱོན་ཅི་ཡོད་དམ། རང་དང་འབྲེལ་བ་མེད་པའི་གཞན་དོན་ལ་མ་ཞུགས་ན། གཞན་དང་འབྲེལ་བ་མེད་པའི་རང་དོན་ཁེགས་ཚེ་ཇི་ལྟར་བྱའམ།
བཤད་རྒྱུན་ལ། གཞུང་དྲང་ཅན་ལ་བྱིས་བློ་འདྲེས་ཟེར་སྐད་དུ། གྱུ་རུ་ལུགས་སུ་བཤད་པ་བྱིས་བློ་ཅན། བྱ་མེད་ལེགས་པར་བཤད་པ་བྱིས་པའི་ངག་ཅེས་ཟེར་སྒྲོས་ལས་ཐོས་སོ། །
བཤད་རྒྱུན་ལ། ཕར་ལ་དུངས་ན་ཚུར་ལ་ཞེན་པའི་ངེས་པ་མེད་ཟེར་སྐད་དུ། བདག་གིས་མ་གཞི་ནས་རང་ལ་ཞེན་པའི་ཆེད་དུ་ཕར་ལ་དུངས་པ་མ་ཡིན་ནོ། །
བཤད་རྒྱུན་ལ། སྐྱེ་བ་ཡོད་ན་འཆི་བ་ཡོད་ཟེར་སྐད་དུ། དེའི་སྐོར་སྐྱེས་བུ་སུས་ཀྱང་ནམ་ཡང་སྟ་གོན་བྱ་འོས་ཏེ། ཚེ་མི་རྟག་དཀར་ཡོལ་འབྲུག་རིས་བཞིན། །ནངས་སྔ་དྲོ་མཆིས་ཀྱང་ནུབ་ལ་གྲུམ་ཞེས་པའི་དཔེ་དེ་སུ་ཡིས་བཟློག་པར་ནུས།
མ་ཡུམ་གྱི་བྱམས་བརྩེ་ནི་སྔས་འབོལ་ཞིག་དང་མཚུངས་པར། སྔས་འབོལ་དེར་བསྟེན་ནས་གཉིད་དུ་ཡུར་ན། བུས་ཕྲུག་ཚོ་དབུས་ལམ་གྱི་ཨ་ཁུ་སྤྱང་ཀི་ལ་སྐྲག་མི་དགོས་ཤིང་། གྲོ་མ་རྐོ་བའི་ཨ་མ་དྲེད་མོང་ལ་ཡང་འཇིགས་དོན་མེད་དོ། །
མ་ཡུམ་གྱི་བྱམས་བརྩེ་ནི་ཐོང་གཤོལ་ཞིག་དང་མཚུངས་ཏེ། ཐོང་གཤོལ་དེས་བུ་ཡི་དམར་ཤ་མངོན་པའི་སེམས་ཁམས་ཀྱི་གཤོངས་ལ་རྨོ་འདེབས་བྱས་རྗེས། འཆར་སྣང་ཡན་པ་བའི་ཞ་ལུ་དག་ཉམས་དགའ་བའི་ངང་ནས་སྐྱེ་འོང་ངོ་། །
མ་ཡུམ་གྱི་བྱམས་བརྩེ་ནི་ལྕགས་ཀྱུ་ཞིག་དང་མཚུངས་ཏེ། ལྕགས་ཀྱུ་དེས་བུ་ཡི་རྒོད་བག་ཆེ་བའི་བླ་སྲོག་ལ་སྲུང་མདུད་བཏགས་ཚེ། མི་ཡུལ་ལུང་བ་གང་དུ་ཕྱིན་ཀྱང་། གཟུགས་མེད་ཀྱི་ཐུགས་བརྩེ་ཞིག་གིས་ནམ་ཡང་ལྷོད་མེད་དུ་བཟུང་ཡོད་དོ། །
གལ་ཏེ་སྤྱན་མིག་ཟུང་ནི་སེམས་རྒྱུད་ཀྱི་སྒེའུ་ཁུང་ཆ་གཅིག་དང་། སེམས་རྒྱུད་ལས་བལྟམས་པའི་ཆུ་མིག་དྭངས་སང་ངེ་བ་ཆ་གཅིག་ཡིན་པའི་དབང་དུ་བཏང་ན། ལྐོག་གྱུར་གྱི་གསང་བ་ནི་སེམས་རྒྱུད་ཀྱི་བང་མཛོད་ནང་གི་འོད་ཐིག་ཅིག་ཡིན་ལ། ལྐོག་གྱུར་གྱི་གསང་བ་མཆིས་ན། གཞི་ནས་གང་ཟག་རྣམ་དག་ཅིག་ཏུ་འབོད་པ་ཡིན་ནམ་ཅི།གལ་ཏེ་ཀློག་སློབ་པ་ནི་མི་ཚེ་ལ་རྨང་རྡོ་འདིང་བ་དང་། མི་ཚེ་ཡི་གཤོག་ཟུང་གི་སྒྲོ་རྐང་གཙང་གསེད་བྱེད་པ་ཡིན་པའི་དབང་དུ་བཏང་ན། ཉམས་སུ་ལེན་པ་ནི་མི་ཚེ་ཡི་འགྲོན་ཁང་བཟོ་སྐྲུན་དང་། མི་ཚེ་ཡི་གཤོག་ཟུང་སྦྱོང་བརྡར་བྱེད་སྤྱད་ཡིན་པས། མི་ཚེ་ཉམས་སུ་བླངས་རྗེས། རྒྱལ་ཁམས་ཀྱི་མཐོན་དབྱིངས་སུ་གཞི་ནས་གཤོག་འགྱུར་གྱི་གར་ལ་རྩེན་ནུས་པ་ཡིན་ནམ་ཅི།
ཨེ་མ། གངས་དཀར་ལྷུན་པོ་ལགས། ཁྱེད་དང་འབྲེལ་ཐག་རིང་བའི་དུས་ཡུན་འདིར། ངས་སྔར་བཞིན་ཐུགས་དགོངས་ཟབ་ཅིང་བརྟན་པའི་ཕ་ལགས་ལྟ་བུའི་གང་དེའི་འབོད་སྐད་ཐོས་ཐུབ་པ་འདི་ལྟར། ང་ཐམ་ཐོམ་སོམ་ཉིའི་དྲ་བར་ཚུད་དུས། གང་དེས་ང་ལ་འདི་སྐད་དུ། གངས་དཀར་ལྷུན་པོའི་བུ་རྒྱུད་ཡིན་ན་བློ་སེམས་གནམ་ལྕགས་བྲག་ལྟར་བརྟན་དགོས་ཟེར་ཞིང་། ང་ཁེངས་དྲེགས་ཚུལ་འཆོས་ཀྱི་དྲ་བར་ཚུད་དུས། གང་དེས་ང་ལ་འདི་སྐད་དུ། གངས་དཀར་ལྷུན་པོའི་བུ་རྒྱུད་ཡིན་ན་བློ་ཁོག་ཨ་ཆེན་ཐང་ལྟར་ཡངས་དགོས་ཟེར་ལ། ང་སྐྱི་བུང་འཇིགས་སྣང་གི་དྲ་བར་ཚུད་དུས། གང་དེས་ང་ལ་འདི་སྐད་དུ། གངས་དཀར་ལྷུན་པོའི་བུ་རྒྱུད་ཡིན་ན་དཔའ་སྙིང་བྱང་ཐང་འབྲོང་ལྟར་གྲུང་དགོས་ཟེར་རོ། །
ཚེས་སྲོག་ནི་མ་གཞི་ནས་འཁོར་བའི་བརྒྱུད་རིམ་ཞིག་ཡིན་པའི་ཆ་ནས། འཁོར་རིམ་དེའི་ཁྲོད་ཕ་རོལ་ཟིལ་གྱིས་གནོན་པའི་རླབས་ཆེན་ཡོད་ལ། བབ་ཆགས་བརྫེས་མེད་ཅན་གྱི་དཀྱུས་མ་ཡོད་ཅིང་། བདེན་ལུགས་སྲོག་གིས་སྲུང་བའི་དཔའ་རྒོད་ཀྱང་ཡོད། དེ་དག་ནི་དཔེར་ན། དཔྱིད་དཔལ་གྱི་བཞིན་མདངས་ཇི་བཞིན་མཛེས་སྡུག་ཡིད་དུ་འོང་ཞིང་། སྟོན་ཟླའི་སྟེང་འཕུར་ཇི་བཞིན་ལྟ་བས་ཆོག་མི་ཤེས་པ། དགུན་གཞུང་གི་ཆར་སྐུ་ཇི་བཞིན་དྭངས་གཙང་དྲི་མ་མེད་པ་བཅས་ལྟ་བུའོ། །
བསམ་སྣང་རིགས་ཤིག་ནི་དེ་དང་འཕྲོད་པའི་ཁོར་མོ་ཡུག་གི་ཤུགས་རྐྱེན་བཏང་འོག གཞི་ནས་གོ་དོན་གྱི་འབྲས་བུ་སྨིན་སྲིད་ཅིང་། ཉམས་སྣང་རིགས་ཤིག་གི་ཁྱད་པར་ཅན་གྱི་གཟིགས་མོའི་ཡུལ་གྱི་རྟིང་སྐུལ་གནང་འོག གཞི་ནས་ཞི་མཐུན་གྱི་རི་མོ་མཐོང་སྲིད་དོ། །
མཁའ་ལྡིང་ཁྱུང་ཆེན་མིན་ན་ནམ་འཕང་གཅོད་པའི་སྡུག་ཡུས་བྱེད་དོན་མེད་ལ། རྐྱལ་ཆེན་ཆུ་པ་མིན་ན་རྒྱ་མཚོར་འཇུག་པའི་ཨུ་ཚུགས་བྱེད་དོན་མེད། དཔྱིད་ཀྱི་མེ་ཏོག་ཡིན་ན་དཔྱིད་ཀྱི་དཔལ་ཡོན་ཁྲོད་ནས་རང་ཉིད་ཀྱི་མཛེས་ཆོས་ངོམ་ཆོག་ལ། ཨུ་དུམ་ཝ་ར་ཇི་བཞིན་སྐད་ཅིག་ཙམ་ལ་བཞད་ན་ཡང་སྐྱེ་འགྲོ་ཀུན་ལ་བག་ཆགས་གསབ་ཏུ་མེད་པ་འཇོག་སྲིད། སྟོན་གྱི་ལོ་མ་ཡིན་ན་སྟོན་གྱི་རེག་ལྡན་ཁྲོད་ནས་རང་ཉིད་ཀྱི་བཀྲག་མདངས་བསྟན་ཆོག་ལ། ལྷགས་པའི་གྲང་རེག་རྒོད་པའི་དགུན་གཞུང་ལ་བརྩེ་ཞིང་དུངས་པའི་མཚར་སྡུག་གི་བསམ་བྱ་ཞིག་སྟེར་དགོས། དགུན་གྱི་གཙང་བོ་ཡིན་ན་རླབས་ཀྱི་ཅ་ཅོ་སྤངས་ཏེ། འགྱུར་བ་མེད་པའི་རང་བཞིན་དང་བཅས་ཏེ་ཉལ་འགྲོའི་གཏེར་ལ་ཅི་ནུས་ཀྱིས་འཇུག་ཆོག་ཅིང་། རང་བྱུང་སྣོད་ཀྱི་འཇིག་རྟེན་ནས་ཚེ་སྲོག་ལ་དབང་བའི་བར་རོལ་ཆོག་གོ །
ཚེ་སྲོག་ལ་མཆོག་དམན་དགར་རྒྱུ་མེད་དེ། ར་ཡིག་གཉིས་པ་ཞིག་བྱ་རྒོད་ཅིག་དང་བསྡུར་བའི་དབང་དུ་བཏང་ན། དེ་ནི་ཉམ་ཆུང་ཉག་ཕྲ་བ་ཡིན་ཡང་། དེས་མེ་ཏོག་གི་རྩི་བཅུད་སྟོར་ནས་རང་བྱུང་ཁོར་མོ་ཡུག་དེ་དབང་བོའི་གཞུ་རིས་བཞིན་དུ་བསྒྱུར་ནུས་ལ། བྱེ་ཟེགས་གཅིག་གཡུ་རྡོ་གཅིག་དང་བསྡུར་བའི་དབང་དུ་བཏང་ན། དེ་ནི་མིག་ལ་ཧ་ཅང་མི་རན་ཡང་། དེས་རྨང་གི་གཞི་མ་དང་ལས་གྱི་རྟིང་མ་བྱས་ནས། བར་སྣང་དང་མཉམ་པའི་ཁང་རྩེག་དང་། བས་མཐའ་མ་མཆིས་པའི་བདེ་སྙོམས་ཀྱི་ལམ་ཆེན་བསྐྲུན་ནུས་སོ། །
རྩྭ་ཕྲན་ཉག་གཅིག་ལ་ལྡན་པའི་ནུས་ཤུགས་ནི་ཟིལ་བ་ཐིགས་ཙམ་འདེགས་ཐུབ་པ་དེ་ཡིན་ལ། མེ་ཏོག་རྐང་གཅིག་ལ་འཛོམས་པའི་ནུས་མཐུ་ནི་ཞིམ་ཏིལ་ཙམ་འདོན་ཐུབ་པ་དེ་ཡིན། འོན་ཏེ་རྩྭ་ཕྲན་དང་མེ་ཏོག་བགྲང་ཡས་པ་ལྷན་དུ་འདྲེས་ཚེ། རྨ་བྱའི་སྒྲོ་མདོངས་དང་ནེ་ཙོའི་འདབ་གཤོག་བརྐྱངས་འདྲའི་མུ་མཐའ་བྲལ་བའི་སྤང་ལྗོངས་གྲུབ་སྟེ། ལྗོངས་རྒྱུའི་འགྲོན་པོ་དག་གིས་བསྔགས་བརྗོད་ཀྱི་ཚིག་ཕྲེང་དབང་མེད་དུ་སྟོར་ཞིང་། རྟ་མཆོག་གི་བང་རྩལ་འགྲན་པའི་སྐྱ་མི་རྣམས་ཀྱིས་དགའ་འབོད་ལྷང་ལྷང་སྒྲོག་པ་དང་། གནས་ལུགས་ཀྱི་མཚོ་འཇིངས་སུ་མངོན་པར་མཐོ་བའི་མཁས་པ་རྣམ་པས། མཁྱེན་དཔྱོད་ཀྱི་གཟིགས་པ་གཟབ་གཟབ་གནང་བཞིན་པ་ནི་ཅི་འདྲའི་ཉམས་དགའ་བ་ལ་ཨང་།
རང་གཅེས་ཀྱི་བརྟུལ་ཞུགས་འཛིན་པའི་སྐྱེས་བུ་དེ། ཐོག་མར་རང་གི་ཕ་མ་མིང་སྲིང་དང་ཕུ་ནུ་གཅེན་གཅུང་ལ་གཅེས་པའི་བརྟུལ་ཞུགས་འཛིན་མཁན་རྣམ་དག་ཅིག་ཡིན་པའི་རྨང་གཞིའི་ཐོག གཞི་ནས་རང་གི་མི་རིགས་དང་རང་གི་མེས་རྒྱལ་ལ་གཅེས་པའི་བརྟུལ་ཞུགས་འཛིན་མཁན་ཤ་སྟག་ཅིག་ཡིན་པ་ལྟ་ཅི་སྨོས། དེ་ལས་ལྡོག་སྟེ། རང་གི་ཕ་མ་ནང་ཚན་ཙམ་ལའང་གཅེས་སེམས་མི་འཛིན་པའི་སྐྱེས་པའི་ཞིག་གིས། མི་རིགས་དང་མེས་རྒྱལ་ལ་གཅེས་སེམས་རྣམ་དག་བཟུང་ཡོད་ཟེར་བ་ནི། ངང་གིས་བརྟག་རྒྱུ་ཞིག་དང་ཡུན་གྱིས་དཔྱད་རྒྱུ་ཞིག་མ་ཡིན་ནམ།འཐབ་འཛིང་པ་རྣམ་དག་ཅིག་ཡིན་ན། གངས་རིའི་བརྗིད་ཉམས་ལ་དད་མོས་བྱེད་ཅིང་། ཆུ་ཕྲན་གྱི་ཅ་ཅོ་ལ་དང་བས་བསྟོད་པ། སེང་གེའི་ང་རོ་ལ་ཡིད་སྨོད་འཆོར་ཞིང་། བྱིའུ་ཆུང་གི་གྲེ་འགྱུར་ལ་དུངས་སེམས་སྐྱེས་མཁན་ཞིག་གོ །
སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། ཤི་ཡང་ཕྱིར་མིག་ལྟ་བའི་རེ་བ་ཡོད་ཅེས་པ་ལྟར། འཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ལན་གཅིག་བླངས་པ་ན། རང་རེར་མཁོ་གལ་ཆེ་བ་ནི་སྟོང་བའི་མཁའ་དང་མཉམ་པའི་རླབས་ཆེན་གྱི་མཛད་པ་མ་ཡིན་ཞིང་། ཡང་ན་རྟ་བརྒྱའི་གོང་ནས་ལྕག་འཕྱར་བ་དང་། མི་བརྒྱའི་མགོ་ནས་གཏམ་བཤད་པའི་དཔོན་ཆེན་གྱི་དབང་ཤེད་ཀྱང་མ་ཡིན་ཏེ། འོ་སྐོལ་སྐལ་མཉམ་པས་རང་ཉིད་ལ་དབང་བའི་སེམས་ཁོངས་ཀྱི་ཞིང་ཁམས་དག་གཙང་ཅན་དེ་བརྟན་སྲུང་བྱེད་ཐུབ་པ་ཡིན་ཚེ། རང་ཉིད་ཀྱིས་དམིགས་བྱའི་ཡུལ་དེར་བདེ་བླག་ངང་སླེབས་སྲིད་པ་དང་། རང་ཉིད་ཀྱི་མི་ལུས་རིན་ཐང་དེ་རྒྱ་མཚོར་ཞུགས་པའི་ཆུ་ཐིགས་ཇི་བཞིན། ལྷུང་ལྷུང་འཕྱོ་བའི་རྦ་རླབས་ཀྱི་རྩེ་མོ་ནས་གཟི་བརྗིད་ཀྱི་འཛུམ་མདངས་ངོམ་ཆོག་ཆོག་ཡིན་པ་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།
