རྒྱང་རིང་ལགས། འཆི་མེད།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:«གངས་རྒྱན་མེ་ཏོག»
དུས་ཚོད།:2026-06-16
ཀློག་གྲངས།:
རྒྱང་རིང་ལ་སྨོན་ཞིང་རྒྱང་རིང་ཁོ་ན་གླེང་ནས་མལ་ཁྲི་མཐའ་མར་གཏུག་པ་ནི་འོས་སུ་མ་མཆིས་ཤིང་འདོར་བར་བྱ་བ་ཉག་གཅིག་ཏུ་སེམས། རྒྱང་རིང་དུ་ཅི་ཞིག་ཡོད་དམ། ཚམ་ཚོམ་མེད་པར་དུས་ཀྱི་བཙོག་ཆུའི་རྒྱུན་ལ་ཞུགས་པ་ནི་རུང་བ་མ་ཡིན་ནོ། །ཕྱིན་ཅི་ལོག་པའི་འཆར་སྣང་ལ་ལ་ཞིག་ཨ་འཐས་སུ་འགྱུར་བར་སྲོག་བསྡོས་སྒོས་འབད་འབུངས་ཅིའི་ཕྱིར་བྱ། མ་འོངས་པའི་མ་འོངས་པ་དེ་ཡི་མ་འོངས་པར་གཞའ་ཚོན་གྱིས་སྤྲས་པའི་བཞུད་ལམ་གཅིག་ཏུ་རྡོག་པ་མཉམ་སྤོའི་ཐ་སྙད་ཀྱི་རྩེད་ར་སྒྲིག་པ་ནི་མ་འོངས་པའི་ཆེད་དུ་སྐྱེས་ཤིང་མ་འོངས་པའི་བམ་ཁ་བརྩེག་ཕྱིར་གསོན་པ་དང་འདྲ་ཨང་། ཡི་ཆད་དང་རེ་དོགས། རྫོགས་མེད་ཀྱི་འཁང་རས་བསྐྱལ་བའི་བཤུལ་ལམ་ནི་སྐྱ་ཤར་རེར་ཕྱིར་མིག་གི་ལམ་ནས་ནམ་མཁའི་མཐའ་ལ་འཐེན། ཐེ་ཚོམ་གྱི་དཔྱང་ཐག་ལ་བརྒྱུས་པའི་རྒྱང་རིང་གི་འབྲས་བུ་མང་བོ་རྣམ་རྟོག་གི་ཡལ་གར་གཡུར་དུ་ཟ་ཞིང་འཕྱང་འཕྲུལ་ཤམ་ཤམ་གཡོ་བར་རེ་བས་མནར་ནའང་སྔར་བཞིན་སྐྱ་ཐེར་རེའི་དངོས་ཡོད་ལམ་བུ་ཨུ་ཚུགས་ཀྱི་རྡོག་པས་གནོན་པར་བྲེལ་དགོས།
བཟློག་མེད་ལས་ཀྱི་བཀའ་ལུང་བཙན་པོའི་མངའ་ཞབས་སུ་མི་བསྒུར་ཐབས་མེད་བྱུང་ནའང་ཕྱིར་འཁོར་ནས་བརྩེ་བས་སྐྱོད་པའི་དངོས་ཡོད་ལ་ལག་པས་རེག་རེག་གནོངས་དང་། དུངས་པས་བཞུར་བའི་སྙིང་གཏམ་ལ་རྣ་བ་ཀྲོང་ཀྲོང་བློགས་དང་། འཛུམ་ཀོང་ལ་འཁྱིལ་བའི་ལྷད་མེད་སེམས་པའི་མཐིལ་དུ་གློན་དང་། བདེ་སྐྱིད་དང་དྲོད་ཁོལ་ནི་སོ་སོའི་མདུན་དུ་ལྷགས་ལ་དབང་བོའི་སྤྱོད་ཡུལ་དུ་གྱུར་ཅིང་ཉམ་ང་འཁོས་ཞན་དང་བབ་ཆགས་འཚོ་བའི་འགྲུལ་བཞུད་ཀྱི་འགྲོས་དང་བསྡོངས་ནས། དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུའི་ཐིགས་པ་རེ་རེ་དང་ངོ་བོ་དབྱེར་མེད་ཀྱི་ཚུལ་གྱིས་གོ་མེད་ཚོར་མེད་ངང་ས་ལ་ཐིམ་དང་ཐིམ་བཞིན་པར་སུ་ཞིག་ཕངས་སེམས་ཤོར་མྱོང་། རླངས་པ་ཐུལ་ཐུལ་དང་དྲོད་ཁོལ་ལམ་ལམ་གྱི་སེམས་པར་སེམས་པ་གླན་ནས་དགའ་མགུའི་དགོད་སྒྲ་རེ་རེས་སྐྱོ་སྡུག་གི་འཁྱགས་རོམ་རྨང་ནས་བཞུ་འཆར་གྱི་སྟ་གོན་དེ་རྙི་ལས་ཤོར་བའི་བྱ་རྒོད་ཀྱི་གཤོག་སྣེར་བཀལ་བ་བཞིན། ཁྲ་ཆུང་མིག་གིས་བལྟས་བལྟས་ལ་དབྱིངས་ནས་དབྱིངས་སུ་ཡལ་དུ་འཇུག་དགོས་པའི་རྟག་བརྟན་ཐེར་ཟུག་གི་རྡོ་རྗེ་བཀའ་ལུང་ཞིག་སུས་ཀྱང་མ་བསྩལ་ཅིང་མི་རྣམས་འཇིག་རྟེན་དུ་རང་དང་གཞན་གྱི་བརྩེ་བ་ཆུད་གཟོན་ཕྱིར་སྐྱེས་པའང་ག་ལ་ཡིན་ཏེ་མ་ཡིན་ནོ། །
གླིང་ན་དཀོན་པའི་མཉེས་གཤིན་གྱི་རི་མོ་རང་བྱོན་གཡུང་རིས་མ་ཞིག་ལག་མཐིལ་དུ་བབས་པར་འཇུངས་སེམས་མེད་པར་རྡོ་ལ་བརྡར་བའི་སྙིང་ཁམས་ཤིག་གཞར་ཡང་མི་སྐྱེ་བའི་གཡར་དམ་ཆོས་ལ་གཅེས་གཅེས་མཛད་རོགས། མི་ཚེར་འཐོབ་པར་དཀའ་བའི་ནོར་བུ་སྟེ་སྙིང་བོའི་ཉིང་ཏིག་གང་ཞིག་མཁོ་འམ་ཅི་ཞིག་རེད་དམ་ཞེ་ན།
ཐེ་ཚོམ་མེད་པར་དེ་ནི་ལྷད་མེད་པའི་བརྩེ་བའོ་ཞེས་སུས་ཀྱང་སྨྲ་བར་གདོན་མི་ཟ་བས་ཤེས་བཞིན་སྙིང་བོས་སྟོངས་པའི་ནག་ནོག་གི་དྲི་མ་བསྒོ་བ་ནི་ཕྱིས་འབྱུང་རུས་རྐང་ལ་ཟུག་པའི་འགྱོད་གདུང་གི་གཟེར་བུ་སྒྲུག་པ་དང་གཉིས་སུ་མ་མཆིས་ལ། ཧར་གྱིས་བལྟས་ན་བེད་མེད་མཁོ་མེད་དུ་སྣང་བའི་ཉམ་ཆུང་ཁའི་རླངས་པ་ལའང་བསླུ་བ་མེད་པའི་རྟེན་འབྲེལ་ཟབ་མོའི་ཆོས་ཉིད་ལ་དབང་བའི་བདེན་པ་རྟ་རྔ་ཙམ་རེ་བདོག་སྲིད་པས་དུས་དང་རྣམ་པ་ཀུན་ཏུ་འདང་བརྩེའི་གསོ་རླུང་དུ་བཞེས་ལ་ཉག་ཕྲ་བའི་སྲོག་གི་རྒྱུན་ཐག་མཐའ་ཅན་དུ་མ་བྱས་བར་སེམས་ཀྱི་རིན་ཆེན་དང་བོར་ཉར་རོགས།
ལྗང་མྱུག་འབུས་དུས་ཀྱི་དྲན་གདུང་དང་སྟོན་ལོ་འཕུར་སྐབས་ཀྱི་སྨྲེང་སྐྱོའི་ཟོ་ཆུན་འཁྱིར་བའི་བགོ་སྐལ་རྣམས་དགའ་བས་དང་བླངས་མིན་རུང་དཔྲལ་བར་ལས་ཀྱིས་བབས་པའི་གསུབ་བྲལ་གྱི་རི་མོ་ལགས་པས་གང་ལའང་ལེ་བདའ་དང་སྣང་དོགས་མེད་པར་སྟོང་བའི་དབྱིངས་སུ་རླུང་བུར་སྤུར་དགོས། བག་ཆགས་ནི་དུས་ནམ་ཡང་གབ་སྦས་ཀྱི་འབྲུ་གུ་བསླུ་མེད་ཅིག་ཡིན་པ་བདེན་ན་སྐྱེ་བའི་རབས་ཀྱི་སྒང་གཤོང་ག་ཚོད་ཀྱི་ག་ཚོད་ཅིག་གི་བྱང་ལམ་གཅད་དགོས་བྱུང་ཡང་རླུང་གི་བཞོན་པས་འཁྱེར་བའི་འདབ་ལྡན་གྱི་ཟླ་བོས་དུས་ལས་ཡོལ་བ་མེད་པར་སྙེགས་ནས་འོང་ངེས་པས། ཡིད་གཅུགས་མཁའ་ཡི་པདྨོར་མཐོང་སྟེ་དབྱིངས་སུ་རྒྱུ་བའི་ཆུ་འཛིན་གྱི་གྲིབ་མའི་འགོམ་ཡུག་ཙམ་ཡང་འཆོར་དུ་མ་འཇུག་པར་རིང་ནས་རིང་དུ་སྲེལ་རོགས། ང་ཡི་དྲན་པ་ལགས།
རྨི་ལམ་ལ་རྫོགས་མཐའ་མེད་པས་མཉེན་འཇམ་གྱི་ཐ་སྙད་ཁོ་ན་བདའ་འདེད་བཏང་སྟེ་ལོ་ཟླ་བཞུར་འགྲོ། སྙིང་ཉེ་བའི་འཕྲུལ་འཁོར་གྱི་ལྷུ་ལག་ཟད་པའི་མཐའ་འབྲས་ལག་མཐིལ་དུ་སྡུག་གུར་བཞད་པར་སྨོན་པ་ག་ཚོད་བཏང་བ་སུ་ཡིས་དཔག་པར་ནུས། འཇིག་པ་མེད་ཅིང་བརྟན་བརླིང་ངང་ཆགས་ལ་འཇའ་ཚོན་གྱིས་སྤྲས་པའི་བློས་བསླངས་ཀྱི་འཇིག་རྟེན་དེས་གང་དུ་སྒུག་པའི་ལུང་བསྟན་སུ་ལ་ཞུ་ཨང་།
སྟོན་དུས་ཀྱི་འབྲུ་གུ་སྨིན་ཐག་ཆོད་ཅིང་ཐུར་དུ་འཕྱང་ནའང་རྒྱང་རིང་ནས་སྲེད་པའི་འགྲམ་ཆང་སྒོག་གེར་མིད་རྗེས། ལ་རྒྱབ་ལ་ཡིས་བསྟུད་པའི་བྱེ་མའི་རི་སྒང་གཏོས་ཆེ་བ་འདི་སྐོམ་གདུང་གིས་གཞལ་དགོས། སྙིམ་པར་བཏེགས་པའི་འཁྱགས་ཤི་ཐེབས་ཉེའི་སེམས་པ་འདི་ལ་དྲོད་ལམ་ལམ་གྱི་མཆིན་པ་གློན་མཁན་གང་དུ་མཆིས། དྲན་པར་ཉར་ཚད་ལག་པར་གཞག་ཏུ་རུང་ན་སྔ་མོ་ཞིག་ནས་ལྗིད་ཏིག་གེའི་ཁུར་བོ་འདིས་བདེན་པ་ལྟར་སྣང་རྣམས་དབུགས་རྨེག་གེར་གཏང་ངེས་པས་གནས་ལུགས་ལ་གསལ་འགྲེལ་གྱི་ངལ་བ་ཅིའི་ཕྱིར་བསྟེན།
བྱང་ནས་ལྷོ་རུ་བཞུད་པའི་ཆུ་འཛིན་གྱི་སྡིངས་སུ་དྲན་པའི་མིག་ཆུ་བསྐུར་ཡོད། འཇམ་ཡུག་ཡུག་རྒྱུ་བའི་བསིལ་རླུང་ལ་དུངས་པའི་སེམས་པ་བཅོལ་ཡོད། མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བར་བསྙབ་ཐབས་བྲལ་བ་ནི་གཙང་བོའི་ཕ་རོལ་གྱི་ཚེར་མའི་མེ་ཏོག་རེད། ཉམ་ཐག་པ་ནི་མགུ་སླ་བ་སྟེ། རྒྱང་རིང་ནས་སྙིང་དུ་སྡུག་པའི་འདབ་མ་ཡོམ་ཡོམ་འགུལ་དང་དེ་གས་འཐུས་འོང་། ཁམས་གསོ་བའི་དྲི་བསུང་རླུང་བུར་སྐུར་དང་སྐོམ་གདུང་སོད་འགྲོ།
ཉི་མའི་ཕྱི་དྲོ་ཞིག་ལ། །ཟེར་མ་ཆུ་ལ་འཕྲོས་བྱུང་། །གྲིབ་སོ་བསམ་པ་ནག་པོས། །ཉི་ཟེར་ཟོས་ནས་ཚར་འགྲོ། །སུས་ཀྱང་བླངས་མ་མྱོང་ཞིང་ལྷགས་པ་ལྟར་འཁྱགས་པའི་གཞས་ཚིག་འདི་རང་བྱུང་གིས་གྲུབ་ཅིང་རང་བྱུང་གི་ཉི་ནུབ་དང་བསྡོངས་ནས་མི་སེམས་ལ་དགུན་གཞུང་སྐྱིལ་བའི་གཤེད་གཏེ་ཞིག་ཏུ་གྱུར་ཐེངས་རེ་རེའི་གྲངས་མཐའ་སུ་ཡིས་ཟིན། ཡིན་ཡང་ཞུམ་པ་མེད་པའི་མིག་ཟུང་མཁའ་མཐའི་སྐར་མར་གྱུར་ནས་གཏན་དུ་གཟིམ་པ་མེད་པར་ཁྱེད་ཕྱོགས་ཀྱི་མཁའ་དབྱིངས་བདག་ཏུ་བཟུང་ཡོད།
ཐ་ན་ཁྲོ་ཞིང་གཏུམ་པའི་རྩུབ་སྤྱོད་ཀྱི་འདུ་བྱེད་རེ་རེ་ལས་ཀྱང་བརྩེ་བའི་མེ་ཏོག་ཅིག་མཉེས་གཤིན་གྱིས་འཁྲུང་བར་སྒུག་པའི་བུང་བ་དེ་བཅུད་ཀྱིས་འགྲང་བ་མེད་རུང་རེ་བས་བཟི་ཞིང་འཁྱོར་བཞིན་འཁོར་བཞིན་ཉམ་ཆུང་བའི་གཤོག་སྣེ་རླུང་བུར་ཡང་ཡང་རྡོར་གྱིན་ཡོད། དུས་ཀྱིས་བྲིས་པའི་འདབ་མའི་སེར་ཐིག་ནི་མཛེས་སྡུག་གི་མངོན་སྟངས་གཞན་ཞིག་ལས་སྐྱོ་ཞིང་སྨྲེང་བར་བྱེད་པའི་ཕམ་ཉེས་ཤིག་ཏུ་དུས་ནམ་ཡང་འགྲེལ་བར་མི་བྱའོ། །
བརྒྱ་བཤད་སྟོང་བཤད་ཀྱི་མཐའ་མ་ལ་ཅི་ཡང་བཤད་མི་འདུག་པའང་འདྲ་སྟེ། སེམས་བྱུང་གི་ཉིང་ཏིག་རྣམས་དྲུངས་ནས་ཕྱུང་སྟེ་གཅལ་དུ་དགྲམ་པར་མི་ནུས་ཤིང་། འོང་ལ་མི་འོང་བའི་ཐ་སྙད་ཚོགས་ག་ཤེད་ཅིག་ཏུ་བསྐུངས་ནས་སྔར་ལྟར་བཟོད་གླགས་བྲལ་བའི་སུན་གདུང་ངང་ན་ལུས། ང་ཡི་རྒྱང་རིང་ལགས།
༢༠༡༩ལོའི་ཟླ༡༠ཚེས༣༡ཉིན།
རྩོམ་ཁུངས། ༢༠༢༡ལོའི«གངས་རྒྱན་མེ་ཏོག»དེབ་བཞི་བ་ལས་བཤུས།

འབྲེལ་ཡོད་འོས་སྦྱོར།