logo

ཁ་བརྡ་ཐུན་གཅིག་གི་ངོས་གཉིས།

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-08 ཀློག་གྲངས།:
       དེ་རིང་ཚང་མ་ཟི་ལིང་དུ་འཛོམ་རྒྱུ་དང་སང་ཞོགས་སྔ་མོ་ནས་མཚོ་ཁར་སོང་སྟེ་ཉིན་གཉིས་ལ་སྡོད་རྒྱུ་སོགས་ཀྱི་ནང་དོན་དང་བཅས་པའི་སློབ་གྲོགས་ལྷན་འཛོམས་ཀྱི་བརྡ་སྦྱོར་ཞིག་འབྱོར།
       སྤྱིར་ན་ང་རང་ལྷན་འཛོམས་དང་དགྱེས་འཛོམས་སྣ་ཚོགས་ལ་མ་ཞུགས་པར་མི་ལོ་མང་བོ་སོང་ནའང་། སློབ་གྲོགས་ཚོས་སྒེར་ནས་ཀྱང་ཁ་པར་མང་བོ་བཏང་བས་ངས་ཀྱང་ཡོང་ངེས་ཁས་ལེན་བྱས་པ་ཡིན།
       ད་ཐེངས་ཀྱི་སློབ་གྲོགས་ལྷན་འཛོམས་ལ་ངེས་པར་ཞུགས་དགོས་ཏེ། ང་ཚོ་ཁ་བྲལ་ནས་མི་ལོ་སོ་ལྔ་འཁོར་འདུག
       དྲོས་ཇ་འཐུངས་རྗེས་ང་རང་རེབ་གོང་ནས་ཟི་ལིང་དུ་འགྲོ་བའི་རེས་འཁོར་ཞིག་ལ་བསྡད་དེ་སོང་ཞིང་། ཕྱི་དྲོའི་དུས་ཚོད་གསུམ་པར་མ་བསླེབས་ཙམ་ལ་ཟི་ལིང་དུ་འབྱོར་བ་ན་རྨ་ལྷོའི་དོན་གཅོད་ཁང་གི་སྒོ་ཁར་སློབ་གྲོགས་གཉིས་ཀྱིས་ང་ལ་བསྒུགས་ཡོད་པ་མཐོང་།
       དེ་ནས་ང་ཚོ་ཁོ་གཉིས་ཀྱི་རླངས་འཁོར་ལ་བསྡད་དེ་སློབ་གྲོགས་ཚོ་ཡོད་སའི་མགྲོན་ཁང་དུ་བསྐྱོད། ང་ཚོ་སྡོད་ས་དེ་ནི་སུམ་ཐོག་ཟ་ཁང་དང་བཞི་ཐོག་ཇ་ཁང་། ལྔ་ཐོག་ཡན་མགྲོན་ཁང་དང་། ང་རང་སྡོད་ས་བདུན་ཐོག་ཏུ་བཀོད་སྒྲིག་བྱས་འདུག
       ང་རང་ངའི་ཉལ་ཁང་དུ་སོང་སྟེ་ངལ་གསོ་ཏོག་ཙམ་བྱས་པ་ན། སློབ་གྲོགས་ཚོ་གཅིག་རེ་གཉིས་རེ་བྱས་ཏེ་མཚམས་མི་ཆད་པར་ང་སར་འཚམས་འདྲིར་ཡོང་ཞིང་། ང་རང་ཁོ་ཚོར་འགྲོགས་ཏེ་མགྲོན་ཁང་དེའི་ཚོམས་ཆེན་དུ་སོང་དུས་སློབ་གྲོགས་དྲུག་བདུན་ཞིག་མ་གཏོགས་ཚང་མ་འཛོམས་ཡོད་པ་དང་ང་ཚོས་མཉམ་དུ་དགོང་ཟས་ལ་རོལ།
       ཚང་མས་བཟའ་བཏུང་ལ་རོལ་ཞོར་ཕན་ཚན་འཚམས་འདྲི་དང་བཅས་ཀུ་རེ་རྩེད་མོའི་དགོད་སྒྲ་ལྷང་ལྷང་བྱེད།
       ཅུང་ཙམ་གྱི་རྗེས་ལ་ང་རང་ཡར་ལངས་ཏེ་ཁྱེད་ཚོས་ལྷོད་ལྷོད་གྱིས། ང་ཉལ་ཁང་དུ་བུད་འགྲོ། སང་ཉིན་སྔ་མོ་ནས་ལམ་ལ་ཆས་དགོས་པས་ཚང་མས་དོ་ནུབ་ངལ་ཡག་པོ་གསོས་ན་བཟང་། ལྷག་ཏུ་ཁ་ལོ་བ་ཚོས་ཆང་རག་མ་འཐུངས་ན་དགའ། སང་ཉིན་མཚོ་ཁ་ནས་རྩིབས་གུ་ནེམ་རག་བར་བཏུང་ཆོག་ག་ཞེས་ཀུ་རེ་ཞིག་རྩེས་ཏེ་སོང་།
       ཕྱི་ཉིན་ཉིན་གུང་མ་ལོན་ཙམ་ལ་ང་ཚོ་མཚོ་ཁར་འབྱོར་ཅིང་། རེབ་དེའི་ཁ་མགོ་བ་ཚོས་སྔ་ས་ནས་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་འདུག་སྟེ། ཁོ་ཚོའི་ཉེ་འབྲེལ་ལམ་གྲོགས་པོ་འགས་མཚོ་ཁ་རུ་ཚོགས་གུར་ཆེ་ཆུང་རན་པ་ཞིག་ཕུབ་འདུག་ཅིང་། ནང་དུ་ཅོག་ཙེ་རེ་རེའི་སྟེང་བཟའ་བཏུང་ལོངས་སྤྱོད་གྱ་ནོམ་པ་བཤམས་འདུག
       སློབ་གྲོགས་ཚོས་རང་རང་གི་རླངས་འཁོར་ལས་བཟའ་བཅའ་དང་མཁོ་དངོས་རིགས་གུར་ནང་དུ་ཕོག་རྗེས། ང་ཚོ་ཚང་མ་མཚོ་ཁར་སོང་སྟེ་ལྷ་བསང་བཏང་། ཀླུ་གཏེར་ཕུལ་རྗེས་ཕྱིར་ཚོགས་གུར་དུ་ཡོང་ནས་དགྱེས་སྟོན་ལ་རོལ། ཁོ་ཚོས་གླུ་ལེན་གར་རྩེད་སོགས་རྩེད་མོའི་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་འདུག
       ཁོ་ཚོས་ད་རུང་གཞོན་སྐྱེས་གླུ་བ་གླུ་མ་འགའ་རེ་ཡང་བོས་ཡོད་ནའང་ང་ཡོད་པས་ཁོ་ཚོས་འཚེར་སྣང་བྱེད་ཀྱིན་ཡོད་པ་ཤེས་ཐུབ། དེ་བས་ཉི་ནུབ་ཙམ་ལ་ངས་ང་རང་མགྲོན་ཁང་དུ་བུད་འགྲོ། ཁྱེད་ཅག་ག་ལེར་རྩེས་ཞེས་བཤད་དེ་སོང་།
       ང་རང་མགྲོན་ཁང་དུ་བསླེབས་ཏེ་ཡུད་ཙམ་འགོར་བ་ན་སུ་ཞིག་གིས་མགྲོན་ཁང་སྒོ་བརྡུངས་པ་དང་སྒོ་ཕྱེས་པ་ན་ལྷ་མོ་དང་ཀླུ་མོ་གཉི་ག་ནང་དུ་ཡོང་།
       ལྷ་མོས་འུ་ཅག་མ་འཕྲད་ཡུན་རིང་འགོར།  སང་ཉིན་ཡང་རང་སར་གྱེས་འགྲོ་བས་དོ་ནུབ་ཁ་བརྡ་ཡིད་ཚིམས་པ་ཞིག་བྱ་ཟེར་བ་དང་། ངས་ཀྱང་ཇ་བསྐོལ་ཏེ་རེ་རེ་བླུགས་རྗེས་ང་རང་རྐུབ་སྟེགས་སུ་བསྡད།
       སྤྱིར་ན་ངས་ཀྱང་ལོགས་སུ་དུས་ཚོད་ཅིག་བཙལ་ཏེ་སློབ་གྲོགས་ལྷ་མོར་ཁ་བརྡ་ཞིག་བྱ་སྙམ་ཡོད་མོད། མ་བསམས་ས་ནས་མོས་ང་བཙལ་ཏེ་ཡོང་བས་སྟབས་འགྲིག་སོང་།
       སློབ་གྲོགས་བཞི་བཅུ་ལྷག་ལས་ང་རང་ལྷ་མོར་འདང་རྩིས་འཕར་མ་ཞིག་ཡོད་དེ། དེ་ནི་མོ་རང་གཞུང་དྲང་དང་ཡ་རབས་ཡིན་པ་ཁོ་ནས་མ་ཡིན་པར། མོའི་དམིགས་བསལ་མིན་པའི་ནར་སོན་གྱི་ལོ་ཟླ་དེ་ནི་ང་རང་བྱིས་དུས་ཀྱི་ལོ་ཟླ་དང་ཆ་འདྲ་བས་ངས་མོ་རང་སེམས་ཀྱི་ཉེ་སར་བཟུང་ཞིང་། ནམ་རྒྱུན་མོའི་ཡོད་ཚད་ལ་དོ་སྣང་དང་སེམས་ཁུར་བྱས་པ་ཡིན།
       ངས་ལྷ་མོར་ཇ་ལྡུག་ཞོར་མོའི་སེར་ལ་སྐམ་རིད་དུ་གྱུར་པའི་གདོང་ལ་བལྟས་ཏེ་ཁྱོད་ལ་ཅི་བྱུང་སོང་། ཅི་ཞིག་ན་བ་ཡིན་ནམ་ཞེས་དྲིས་པ་ན་མོས་ཚིག་གཅིག་ཀྱང་མི་བཤད་པར་མཆི་མའི་ཆར་བ་ཤག་ཤག་བབས།
       ཡུད་ཙམ་ལ་ང་རང་སྨྲ་བརྗོད་མེད་པར་ལུས།
       དེ་ནས་ཀླུ་མོས་སློབ་གྲོགས་རེ་རེའི་བྱ་བ་དང་འཚོ་བའི་གནས་ཚུལ་ལས་འཕྲོས་ཏེ་དེ་ཚོ་རེ་རེའི་སྡེ་བའི་གནས་ཚུལ་དང་། སྡེ་བ་དེའི་རྗེས་ལ་ཡང་སྡེ་བ་གཞན་མཐུད་ནས་དེ་ཚོའི་ཉེ་འབྲེལ་གྱི་གནས་ཚུལ་སོགས་ང་རང་མགོ་འཐོམས་པའི་ཁ་བརྡ་མང་བོ་བྱས།
       མོས་སློབ་གྲོགས་ཚོའི་འཚོ་བའི་གནས་ཚུལ་ནས་བརྩམས་ཏེ་འཆད་ཀྱིན་འཆད་ཀྱིན་རྒྱ་ཁོག་གི་བཟོ་གྲྭ་ཞིག་ཏུ་བསླེབས། དེའི་མུར་ཨ་ལ། ངའི་ཁ་བརྡ་འདི་ཞིག་ལ་ཇི་ལྟར་བུད་ཐལ་ཟེར།
       རྫ་རི་བསྐོར་ནས་འགྲོ་འགྲོ། །མི་ཡི་ས་ཆར་བལྟ་རུ་འགྲོ་ཡ། །རྫ་ཆུ་ཁའི་གླུ་མ་སྐྱིད་བྱམས་ཀྱི་གླུ་སྐད་སིང་སིང་གི་ཁ་པར་འབོད་བརྡ་དེས་ཀླུ་མོའི་བཤད་མཚམས་བཅད་ཅིང་། མོས་ཝེ་ཟེར་ཞོར་སྒོར་བུད།
       ངས་ཡང་བསྐྱར་ལྷ་མོར་དོན་དམ་ཁྱོད་ལ་ཅི་བྱུང་བ་ཡིན་ཞེས་དྲིས་པ་ན་མོས་རང་གི་གནས་ཚུལ་འདི་ལྟར་བཤད།
       ལྷ་མོའི་ཁྱིམ་ལ་གོད་ཆག་ཡ་ང་བ་ཞིག་བྱུང་བས་མོ་རང་མུ་མཐུད་སློབ་གྲྭར་འགྲོ་སྐལ་ཤོར་བ་དང་ཁྱིམ་མིའི་རེ་བ་བཞིན་ཁྱིམ་ཐབ་བཟུང་།
       སྤྱིར་ན་འཇིག་རྟེན་མཐུན་འཇུག་ཐད་མོ་རང་གི་འདོད་འདུན་ལྟར་སོང་ཆོག་ཀྱང་ལྷ་མོ་ནི་ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་པས། མོ་ནི་རང་གི་མིང་སྲིང་ཚོའི་བསྙོར་སྐྱོང་ལ་བརྟེན་ཏེ་ནར་སོན་ཅིང་སློབ་གྲྭར་འགྲིམས་པ་ཡིན་པས། མོས་ཀྱང་མིང་སྲིང་ཚོར་དྲིན་གཟོའི་དོད་དུ་ཁོ་ཚོའི་རེ་བ་བཞིན་མོས་ཡེ་ནས་མཐོང་མྱོང་མེད་པའི་སྐྱེས་པ་ཞིག་དང་གཉེན་བསྒྲིགས།
       གཉེན་བསྒྲིགས་ཏེ་ཡུན་རིང་མ་འགོར་བར་ཁྱོ་གས་ཟུར་མོ་བསྟེན་ཅིང་ཚོང་ཙག་ཙིག་གི་ཡོང་སྒོ་ཐམས་ཅད་དེར་བསྟིམས་པ་མ་ཟད། ད་རུང་སྐབས་དང་སྐབས་སུ་ཁོ་དང་ཟུར་མོའི་བར་ཁ་འཛིང་ཤོར་བ་ལྟ་བུ་ཡིན་ནའང་ལྷ་མོར་གང་བྱུང་གཅར་རྡུང་བྱེད་ཅིང་། མཚམས་མཚམས་ཆང་གིས་བཟི་ན་གྲི་བཟུང་སྟེ་གསད་རྩིས་ཀྱང་བྱེད་པ་རེད་ཟེར་ནས་ལུས་ན་རྨ་ཤུལ་མང་བོ་ཡོད་པ་ང་ལ་བསྟན།
       མོས་ཉི་མ་རེ་རེ་འཇིགས་སྐྲག་གིས་བསྐྱལ་དགོས་ནའང་སྐབས་དེར་མོ་ལ་མངལ་ཆགས་འདུག་པས་གཉེན་འཐོར་བྱ་རྒྱུ་ཡིད་ལ་འཁོར་མ་ཐུབ། དེ་ནི་མོ་རང་དྭ་ཕྲུག་ཏུ་ལུས་པའི་དཀའ་སྡུག་དེས་མོའི་མངལ་གྱི་བུའམ་བུ་མོ་དེ་ཕ་མར་གསོན་བྲལ་མི་འོང་བའི་ཆེད་དུ་ཡིན་ཟེར།
       དེ་ལྟར་མོ་ལ་བུ་ཞིག་སྐྱེས།
       བུ་ཆུང་སྐྱེས་ཏེ་ལོ་ངོ་འགའི་རྗེས་སུ་ཁྱོ་གས་ཟུར་མོ་དང་ཁྱིམ་བཟུང་བས་ལྷ་མོ་དང་བུ་ཆུང་ཁེར་ཆད་དུ་ལུས།
       ལྷ་མོས་རང་གི་བུ་ཆུང་གི་མདུན་ལམ་བསམས་ཏེ་དཔལ་འབྱོར་གྱི་ཡོང་སྒོ་འབེལ་བོ་ཞིག་བཙལ་ཕྱིར་བོད་ལྭ་བཟོ་བའི་ལག་རྩལ་སྦྱངས་ཤིང་མོ་ནི་ལྷན་སྐྱེས་ནས་རིག་ཡགས་དང་ལག་གཞུན་མོ་ཡོད་པས། ཡུན་རིང་མ་འགོར་བར་མོ་རང་གིས་བོད་ལྭ་བཟོ་ཁང་ཞིག་གཉེར་ཐུབ་པ་བྱུང་ཞིང་། རིམ་གྱིས་མོས་བཟོས་པའི་བོད་ལྭ་སྣ་ཚོགས་མདོ་སྨད་ཕྱོགས་སུ་གྲགས་པ་ཡོད་པར་གྱུར།
       དེ་ནས་གཞན་གྱི་ངོ་སྤྲོད་བརྒྱུད་རྒྱ་ལྭའི་བཟོ་གྲྭ་ཞིག་ལ་མཉམ་འབྲེལ་བྱ་ཆེད། བུ་ཆུང་རང་གི་ཨ་ཅེར་བཅོལ་ཏེ་གྲོང་ཁྱེར་ག་གེ་མོར་སོང་ཞིང་། གྲོང་ཁྱེར་དེ་རུ་གྲོང་ཁྱེར་དེ་ན་སློབ་ཆེན་དངོས་གཞི་འདོན་གྱིན་པའི་བཀྲ་ཤིས་ངོ་ཤེས་པར་གྱུར།
       སྐབས་དེར་བཀྲ་ཤིས་སློབ་མཐར་སྟེར་ཉེ་བས་སློབ་ཁྲིད་མེད་ཅེས་རྒྱུན་དུ་ལྷ་མོར་ཕྲད་པས་ཁོ་གཉིས་དེ་ལྟར་འདྲིས།
       ལྷ་མོས་རང་ལ་བྱུང་བའི་གོད་ཆག་དང་འཚོ་བའི་དཀའ་སྡུག་སོགས་བཀྲ་ཤིས་ལ་བཤད་ཅིང་། བཀྲ་ཤིས་ཀྱིས་ཀྱང་ཧ་ཅང་གདུང་སེམས་ཆེ་མདོག་གིས་འུ་གཉིས་འདི་ལྟར་ཕྲད་པ་སྔོན་ལས་རེད། ཁྱོད་ཀྱིས་སེམས་ཚེགས་དེ་འདྲ་མ་བྱེད་དང་ང་ལ་ཅི་ཡོད་ཁྱོད་ཀྱི་ཡིན་ལ། ང་ཡོད་པས་ཁྱོད་ཀྱིས་ཀྱང་བུད་མེད་གཞན་དག་ནང་བཞིན་གྱི་འཚོ་བར་རོལ་ཆོག ང་རང་སློབ་མཐར་ཕྱིན་ན་ངས་ཚོང་རེ་ཨེ་ནུས་བལྟ། ཁྱོད་ཀྱི་བུ་ཆུང་ཡང་ངའི་བུ་ཆུང་ཡིན། འུ་གཉི་གས་མ་འོངས་པར་བུ་ཆུང་ལ་བདེ་སྐྱིད་ཀྱི་ཁྱིམ་གཞི་ཞིག་བསྐྲུན། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་ཆོག་སོགས་མང་བོ་བཤད་པས། ལྷ་མོར་ཅི་ཁག སུ་ཡིན་ཡང་ཧ་ཅང་དཀའ་བའི་དུས་ན་ནང་སེམས་དྲོ་བའི་ཚིག་གཅིག་ཐོས་ཀྱང་དེ་ནི་གསོན་པའི་སྒུལ་ཤུགས་དང་འཚོ་བའི་དོན་སྙིང་དུ་འགྱུར་སྲིད་པ་ཆོས་ཉིད་ཡིན་པས། ལྷ་མོས་རང་གི་ལུས་ངག་ཡིད་གསུམ་བཀྲ་ཤིས་ལ་ཕུལ།
       བཀྲ་ཤིས་སློབ་མཐར་ཕྱིན་པ་དང་ཁོས་ལྷ་མོར་ང་ཚོ་གྲོགས་པོ་འགའ་ལྗོངས་རྒྱུར་འགྲོ་རྒྱུ་བྱས་ཡོད་སོགས་བཤད་པས། ལྷ་མོས་བོད་ལྭ་བཟོ་ཁང་དེའི་ཆེད་དུ་དངུལ་བུན་བླངས་ཡོད་པ་བཀྲ་ཤིས་ལ་གསང་ཞིང་། རང་གིས་གླ་བྱས་ཏེ་ཁྲག་གསོག་རྣག་གསོག་བྱས་པའི་དངུལ་འགའ་ཡོད་པ་ཆ་ཚང་བཀྲ་ཤིས་ལ་བྱིན་ཏེ་ལམ་འཇུག་བྱས།
       བཀྲ་ཤིས་ལྗོངས་རྒྱུ་ནས་ཕྱིར་ལོག་པ་དང་ལྷ་མོའི་སར་ཡོང་ཞིང་། ཁོ་གཉིས་སྲང་ལ་འགྲོ་ཐེངས་རེར་ཡང་བཀྲ་ཤིས་ཀྱིས་ལྷ་མོར་རྒྱབ་ཁུག་ཙམ་ཡང་འཁུར་དུ་མ་བཅུག་པར་ཧ་ཅང་གཅེས་མདོག་བྱེད་པས། ལྷ་མོའི་སེམས་སུ་འཇིག་རྟེན་དུ་བདེ་སྐྱིད་ཅེས་པ་ཞིག་དངོས་གནས་ཡོད་ཤག་རེད། ལས་དབང་ཟེར་བའང་མ་གཞི་ནས་དོ་མི་མཉམ་པ་ཞིག་མ་རེད། བཀྲ་ཤིས་ནི་རང་ཉིད་དཀའ་སྡུག་སྣ་ཚོགས་ཀྱི་འོབས་ལས་སྐྱོབ་མཁན་དུ་དཀོན་མཆོག་གསུམ་པོས་ཆེད་དུ་མངགས་པར་ཡིད་ཆེས་ཀྱིས་མ་འོངས་པའི་མཛེས་སྡུག་མིག་ལ་འཆར་རྒྱུ་ཡོད་པ་ཞིག་བློས་བསླངས་བྱས།
       དེ་ནས་བཀྲ་ཤིས་ཀྱིས་ལྷ་མོར། ཐག ཐག ཐག སྒོ་བརྡུངས་པའི་སྒྲ་ཞིག་གིས་ལྷ་མོའི་ཁ་བརྡའི་མཚམས་བཅད། ལྷ་མོས་སྒོ་ཕྱེས་པ་ན་ཀླུ་མོ་རེད།
       ཀླུ་མོ་ནང་དུ་ཡོང་བ་དང་དེ་རིང་ང་མཚོ་ཁར་ཐོན་ཡོད་པ་ངའི་རོགས་པས་ཤེས་འདུག ད་ཁ་པར་གཏོང་མཁན་ཁོ་རེད་ཟེར།
       ལྷ་མོས་ཚིག་གཅིག་ཀྱང་བཤད་མ་བྱུང་། ང་ཡང་ཁ་རོག་གེར་བསྡད།
       ཀླུ་མོས་འཛུམ་དང་བཅས་གཡེ་ནག་འདིས་ང་གང་ལ་སོང་ན་ཤེས་འགྲོ་བ་ཅི་ཡིན་ནམ། དེ་རིང་ཚི་ལེན་ཞིག་ཉོ་བསམས་ཡོད་མོད་ས་རུབ་པས་ཉོ་ཐབས་མ་བྱུང་། ཚི་ལེན་དགོས་ན་སང་ཉིན་ཡུལ་ཚོར་ཤོག་ཟེར། ཧེ་ཧེ་ཞེས་ཧབ་ཆ་ལྟ་བུ་ཞིག་བྱས།
       ངས་ཀླུ་མོར་ཁྱོད་ད་རུང་གཉེན་བསྒྲིགས་མེད་པ་མིན་འགྲོ་ཞེས་པ་ན་མོས་ལན་དུ་གཉེན་བསྒྲིགས་ཏེ་བུ་བུ་མོ་གཉིས་ཡོད། བཟའ་ཟླ་ཡང་མྱི་བཟང་གོས་འདྲ་ཞིག་ཡིན། ལག་ལས་ཀས་རུ་སྡེ་བའི་ཁ་ཆོད་ཡོད། ཡིན་ནའང་གཡེ་ནག་འདི་ལ་ཐུག་སྟེ་ཐོར་སོང་། ཧེ་ཧེ་ཞེས་ལག་པས་ཁ་སྣ་བཏུམས་ཏེ་ཡང་བསྐྱར་ཧབ་ཆ་ལྟ་བུ་ཞིག་བྱས།
       དེ་ན་མི་འདི་དང་ཅི་ལ་མ་བསྒྲིགས་པ་ཡིན་ཞེས་དྲིས་པ་ན་མོ་རང་དགོད་ཞོར། ཁོར་བཟའ་ཚང་དང་བྱ་བུས་ལུང་ནག་གང་ཡོད་ནི་རེད་ཟེར། ང་ཚོའི་ཁ་བརྡ་འགག་པར་གྱུར།
       ངས་ཡང་བསྐྱར་ཀླུ་མོར…  རྫ་རི་བསྐོར་ནས་འགྲོ་འགྲོ། ། ཀླུ་མོའི་ཁ་པར་འབོད་བརྡ་སིང་སིང་གྲགས་ཤིང་མོས་ཝེ་ཟེར་ཞོར་ཡང་བསྐྱར་སྒོར་སོང་།
       དེ་ནས་བཀྲ་ཤིས་ཀྱིས་ལྷ་མོར་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་དེ་མུ་མཐུད་དུ་སློབ་གྲྭ་གདོན་འདོད་ཅེས་ལབ་བྱུང་ཟེར།
       ལྷ་མོས་བཀྲ་ཤིས་ལ་ཁྱོད་ཀྱིས་སློབ་སྦྱོང་གང་ལེགས་གྱིས་དང་ངས་རང་གི་ལས་ཀར་འབད་དེ་སྒོར་མོ་བཙལ། ཚེ་འདིར་ངས་མ་ནུས་པ་དང་ཤོར་ཟིན་པ་ཐམས་ཅད་ཁྱོད་ཀྱིས་མངོན་འགྱུར་ཐུབ་ན་ང་རང་སློབ་གྲྭར་འགྲིམས་པ་དང་གཅིག་ཡིན་ཅེས་སེམས་གཏམ་སྨར་སྨར་ཞིག་བཤད་དེ་རང་རང་སར་གྱེས།
       ལྷ་མོས་ཕ་ཡུལ་ནས་བུ་ཆུང་སློབ་གྲྭ་སྐྱེལ་ཞོར་མུ་མཐུད་བོད་ལྭ་བཟོས་ཤིང་བཀྲ་ཤིས་ཀྱིས་གྲོང་ཁྱེར་ནས་ཁང་བ་ཞིག་གླས་ཏེ་རྒྱུགས་ལ་གྲ་སྒྲིག་བྱས།
       ལྷ་མོས་འཚོ་བ་ངན་ངོན་རོལ་བཞིན་ཕྱོགས་གཅིག་ནས་དངུལ་བུན་སྤྲད་དགོས་པ་དང་། ཕྱོགས་གཅིག་ནས་བཀྲ་ཤིས་ལ་ཁང་རིན་དང་ཟས་རིན་བསྐུར་དགོས་པས་འཚོ་བར་དཀའ་ཁག་ཧ་ཅང་ཆེ།
       ལྷ་མོས་རང་མ་བུ་གཉིས་ལ་ཐུག་སྡོར་ཙམ་ཡང་མེད་ནའང་ཤ་སྣག་ཏི་ཀ་རེ་བསིལ་སྐམ་བྱས་ཏེ་བཀྲ་ཤིས་ལ་རྒྱུན་པར་བསྐུར་ཅིང་། ཐ་ན་གསང་དོར་དང་རྐང་འབོབ་ལ་སོགས་པ་ཡང་ལྷ་མོས་ཉོས་ཏེ་བསྐུར།  
       ཡིན་ཡང་བཀྲ་ཤིས་ཀྱིས་ལྷ་མོའི་དཔལ་འབྱོར་གྱི་གནོན་ཤུགས་གཏན་ནས་མི་ཤེས།
       བཀྲ་ཤིས་ལྷ་མོའི་སར་ཡོང་ཐེངས་རེར་ལྷ་མོས་རང་ལ་མེད་ཀྱང་ཐབས་བྱས་ཏེ་བཀྲ་ཤིས་དགའ་བའི་བཟའ་བཏུང་ཆེད་དུ་བཟོ་ཞིང་། བཀྲ་ཤིས་དགའ་བའི་ཞོར་ཟས་དེའི་ཆེད་དུ་ལྷ་མོ་ཚོང་ཁང་རེ་རེར་ཉུལ་ནས་སྤྱི་ལེ་དུ་མའི་ས་ལ་འགྲོ།
       ལྷ་མོར་ཟས་ཞིམ་པོ་ཁམ་གང་རག་ནའང་མོས་མི་ཟ་བར་བཀྲ་ཤིས་ནམ་ཡོང་བར་དུ་བསྒུགས་ཤིང་། མོའི་སེམས་སུ་རང་གི་བུ་དང་བཀྲ་ཤིས་གཉིས་ལ་འདང་རྩིས་ཡང་ལྕི་མེད་ལ། ལྷ་མོས་བཀྲ་ཤིས་རང་གི་བུ་བཞིན་གཅེས་པར་བསྐྱངས།
       བཀྲ་ཤིས་ཀྱིས་ལྷ་མོར … ཐག ཐག ཐག སྒོ་བརྡུངས་ཤིང་ཀླུ་མོ་ཕྱིར་ནང་དུ་ཡོང་།
       ཀླུ་མོས་ཀ་ར་ཐང་ཆུར་དབུགས་རྒྱག་ཞོར་ང་སར་འཁོར་ཏེ། ང་ལ་ཕྱི་ན་དོན་དག་ཅིག་འདུག སང་ཉིན་ངས་ཁྱོད་བསྐྱལ་ཐུབ་རྒྱུ་མ་རེད་ཟེར། ངས་མོར་ཅི་སྐྱོན། ཅི་སྐྱོན། སང་ཉིན་ཉིན་གུང་ང་ཡང་བུད་འགྲོ། རྗེས་ཕྱོགས་བྱ་བ་འདྲ་ཡོད་ན་ཁ་པར་བརྒྱུད་འབྲེལ་བ་བྱས་ཆོག་ཅེས་བཤད།
       སྐབས་དེར་ལྷ་མོས་ཅུང་དོགས་མི་བདེ་བའི་ཉམས་དང་བཅས་སང་ཉིན་འུ་ཚོས་དགེ་རྒན་བསྐྱལ་རྗེས་རང་རང་སར་སོང་ན་མི་བཟང་ངམ་ལབ་པ་ན། ཀླུ་མོས་ངས་དོན་འགྲུབ་ལ་མཚོ་ཁ་ནས་ཉིན་གཉིས་ལ་བསྡད་དེ་གཞེས་ཉིན་མ་གཏོགས་ཕྱིར་མི་ཐོན་ཞེས་རྫུན་བཤད་ཡོད། ང་ད་རུང་ཕྱིར་མི་འགྲོ་ཟེར།
       ལྷ་མོས་དེ་རིང་མཚོ་ཁར་ཐོན་ཡོད་པ་འདི་དོན་འགྲུབ་མིན་ནམ་ཞེས་པ་ན། ཀླུ་མོས་ཕེ། དོན་འགྲུབ་ག་ལ་ཡིན། དེ་རིག་སྨོན་གྱི་རེད།
       དེ་ནས་ངས་ཀླུ་མོར་དོན་འགྲུབ་ནི་ད་ལྟའི་བཟའ་ཟླ་ཡིན་ནམ་དྲིས་པ་ན་མོས་བཟའ་ཟླ་མིན། དོན་འགྲུབ་ལའང་བཟའ་ཚང་དང་བྱིས་པ་ཡོད་ནི་རེད། ཁོས་ཁོའི་བཟའ་ཚང་བསྐྱུར་ཏེ་ང་ལ་འགྲོགས་རྒྱུ་ཟེར་མོད། ངས་ཁས་ལེན་མ་བྱས། གཞན་གྱི་བཟའ་ཚང་གཏོར། བྱ་བུས་ཁ་ཁར་བཏང་སྟེ་ང་སྨྱོས་པ་མ་རེད། དེ་བྱས་ན་རིག་སྨོན་གྱི་འདི་ཡང་དགའ་ནི་མ་རེད། ཡིན་ནའང་དོན་འགྲུབ་མྱི་བཟང་གསེར་ལྟ་བུ་ཞིག་ཡིན། རྒྱུན་པར་ངའི་སྐད་རིན་དང་། སྲང་ཞོལ་ན་གླས་ཡོད་པའི་ཁང་བ་གྱན་གང་བོ་དེའི་གློག་རིན་ཆུ་རིན་ཡང་ཁོས་སྟེར་གྱིན་ཡོད་ཟེར།
       དེ་ནས་མུ་མཐུད་དུ་རིག་སྨོན་གྱི་འདིས་ང་ལ་རྒྱུན་པར་ངོ་སྣུམ་ཉོ་བཞིན་ཡོད། ངོ་མ་བཤད་ན་སང་ཉིན་ཟི་ལིང་ལ་ཁོས་ང་འཁྲིད་དེ་ངོ་སྣུམ་ཉོ་བར་འགྲོ་རྒྱུ་བྱས་ཡོད་ཟེར།
       ཀླུ་མོའི་འཚོ་བ་བཤད་ན་མཉན་མི་ཤེས་ཤིང་ངས་མོར་ཅི་ཞིག་བཤད་དགོས་པའང་མི་ཤེས།
       རྫ་རི་བསྐོར་ནས་འགྲོ་འགྲོ། ། སིང་སིང་གྲགས་བྱུང་། ཀླུ་མོ་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་དང་བཅས་རྒྱབ་ཁུག་ཆུང་བ་དེ་ལག་ཏུ་བཟུང་ནས་སྒོར་བུད།
       བཀྲ་ཤིས་ཀྱིས་ལྷ་མོར་ང་ལ་བལྟ་བར་ཤོག་ཅེས་འབོད་ཐེངས་རེར་ལྷ་མོས་དེ་མ་ཐག་སྒོར་ཡར་བསྐྱི་མར་བསྐྱི་བྱས་ཏེ་འགྲོ་ཡི་ཡོད་ཅིང་། གྲོང་ཁྱེར་གྱི་ཟ་མ་དང་གྲོང་ཁྱེར་གྱི་ལྭ་བས་ལྷ་མོའི་དངུལ་ཁུག་སྟོང་བར་ཕུད་ཀྱང་། བཀྲ་ཤིས་ཀྱིས་ལྷ་མོའི་མེད་མུག་ནམ་ཡང་ཤེས་མི་སྲིད།
       དེ་ནི་ལྷ་མོས་བཀྲ་ཤིས་ལ་སློབ་སྦྱོང་ཁོ་ན་ལས་སེམས་ཁུར་ལྷག་མ་ཅི་ཡང་སྤྲད་མ་འདོད་པས་ཡིན། རང་གི་དཀའ་ཁག་བཀྲ་ཤིས་ལ་གླེང་མ་མྱོང་བས་ཡིན།
       བཀྲ་ཤིས་ཀྱིས་ཞིབ་འཇུག་སློབ་མར་ཡིག་ཚད་ལོན་པ་དང་སྔར་བཞིན་གྲོང་ཁྱེར་དེ་རུ་སྡོད་དགོས་པས། སློབ་མགོ་རྩོམ་པའི་ཉིན་མོར་ལྷ་མོས་བཀྲ་ཤིས་བསྐྱལ་ཏེ་གྲོང་ཁྱེར་དེ་རུ་ཡོང་ནས་བཀྲ་ཤིས་ལ་སློབ་སྦྱོང་དང་འཚོ་བའི་མཁོ་དངོས་ཡོད་ཚད་ཚགས་སུ་ཆུད་པ་བྱས།
       བཀྲ་ཤིས་ལ་མཚོན་ན་དེ་དག་ལ་རིན་ཐང་ཅི་ཡང་མེད་ནའང་ལྷ་མོའི་འཚོ་བའི་འགྲོ་གྲོན་དང་ལས་ཀའི་ཡོང་འབབ་ཆ་ཚང་ཡིན། ཆ་རྐྱེན་དེ་ལས་ལྷག་ཅིག་ལྷ་མོར་མེད།
       ཞིབ་འཇུག་ལོ་རིམ་དང་པོའི་མཇུག་ནས་རིམ་གྱིས་རིམ་གྱིས་བཀྲ་ཤིས་ཀྱིས་ལྷ་མོའི་ཁ་པར་མི་ལེན་ལ་འཕྲིན་ལ་འཕྲིན་ལན་མེད་ཅིང་། སྐབས་ཤིག་ནས་ལྷ་མོའི་འབྲེལ་ལམ་མཐའ་དག་བསུབས།
       ལྷ་མོས་དོན་དམ་ཅི་བྱུང་དངོས་སུ་དྲི་དགོས་བསམས་ཏེ་བཀྲ་ཤིས་བཙལ་ནས་སློབ་གྲྭར་སོང་ཡང་། ཁོ་གང་ཞིག་ལ་བསྐུངས་ཏེ་མ་རྙེད་པས་ལྷ་མོའི་སེམས་པ་གྲང་ཤུར་ཤུར་ཕྱིར་ཕ་ཡུལ་དུ་ལོག
       དེ་ལྟར་དུས་ཡུན་གང་འཚམ་འདས་རྗེས་ཀྱི་ཉིན་ཞིག་བཀྲ་ཤིས་གློ་བུར་ལྷ་མོའི་སྒོ་ཁར་མངོན།
       ལྷ་མོ་ཧ་ཅང་ཡི་མུག་པའི་ངང་ཁྱོད་ལ་ཅི་བྱུང་། དོན་དག་ཅི་ཡིན་ཡང་ང་ལ་བཤད་ན་འགྲིག་པ་ལ། ཁྱོད་ཀྱིས་གློ་བུར་ཅི་འདི་མེད་པར་འབྲེལ་ལམ་གཅོད་དོན་ཅི་ཡོད་སོགས་མང་བོ་བཤད་པ་ན། བཀྲ་ཤིས་ཀྱིས་ངས་ཁྱོད་ལ་ཉམས་སད་ཅིག་བླངས་པ་དེ་ཡིན། ཡིན་ཡང་ངའི་བྱེད་སྟངས་ཐལ་དྲགས་པ་ངས་ཤེས་པས་སེམས་གཏིང་ནས་ཁྱོད་ལ་དགོངས་དག་ཞུ། ད་ནས་ནོར་འཁྲུལ་འདི་འདྲ་གཏན་དུ་བཟོ་མི་སྲིད། ཁྱོད་མེད་ན་ང་རང་གསོན་པར་དོན་སྙིང་མི་འདུག ཁྱོད་ནི་ངའི་སྲོག་ཡིན། དཀོན་མཆོག་གསུམ་ཞེས་ཚིག་རྟིང་མནའ་ཡིས་མནན་པ་ནས་ཁོ་གཉིས་སྔར་བཞིན་ལྷོ་འགྲིག་བྱང་འགྲིག་ཏུ་གྱུར།
       དེ་ནས་ཟླ་གཅིག་ཙམ་གྱི་རྗེས་སུ། ཐག ཐག ཐག ཡང་སྒོ་བརྡུངས་བྱུང་། ལྷ་མོས་སུ་ཡིན་ནམ་ཟེར་ཞོར་སྒོ་ཕྱེས་པ་ན་ཡང་ཀླུ་མོ་རེད།
       ཀླུ་མོ་ནང་དུ་ཡོང་སྟེ་ལྷ་མོའི་ལག་པར་འཇུས་ནས་ད་སོ་མ་འགག་གི་དེས་ཁ་པར་བཏང་སྟེ་ང་གར་ཡོད་དྲིས་སོང་། ངས་ང་སྨན་ཁང་དུ་ཞག་སྡོད་བྱས་ཡོད་ལུགས་བཤད་མོད་ཁོས་དེ་ཙམ་རློམ་གྱིན་མེད་པས། ངས་མི་རློམ་ན་ལྷ་མོར་ཐྲིས་ཞེས་བཤད་ཡོད། ཁོས་ཁྱོད་ལ་ཁ་པར་གཏང་སྲིད། ཨ་ཅེ་ལེ་ལེ། ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ང་ལ་རོགས་ཤིག་གྱིས་ཞེས་ཞུ་བ་བྱས། ལྷ་མོས་མོར་ལན་མ་བྱིན་གོང་རྫ་རི་བསྐོར་ནས་འགྲོ་འགྲོ། ། སིང་སིང་གྲགས་ཤིང་མོ་ཡང་གང་མགྱོགས་སྒོར་བུད།
       དེ་ནས་ལྷ་མོས་གོང་གི་ཁ་བརྡའི་འཕྲོ་མཐུད་དེ། ཟླ་ངོ་གཅིག་ཙམ་གྱི་རྗེས་སུ་བཀྲ་ཤིས་ཀྱིས་མོར་ཁ་པར་བཏང་སྟེ་བདུན་ཕྲག་རྗེས་མར་ང་ཚོའི་འཛིན་གྲྭ་ཡུལ་དངོས་བརྟག་དཔྱད་དུ་འགྲོ་དགོས་པས་སྒོར་སྟོང་ཕྲག་འགའ་དགོས་མཁོ་ཆེ་རབས་ཟེར་བ་དང་། ལྷ་མོས་ཀྱང་དེ་བཞིན་བསྐུར།
       སྒོར་བསྐུར་རྗེས་ཀྱི་ཟླ་ངོ་གཅིག་ཙམ་གྱི་རྗེས་ནས་བཀྲ་ཤིས་ཀྱིས་ལྷ་མོའི་འབྲེལ་ལམ་ཡོངས་རྫོགས་མེད་པ་བཟོས་ཤིང་། ཐ་ན་རང་གི་ཁ་པར་ཨང་གྲངས་ཀྱང་བརྗེས།
       རྗེས་ལ་ལྷ་མོས་བཀྲ་ཤིས་ཀྱི་སློབ་གྲོགས་འགའ་རེར་ཁོའི་གནས་ཚུལ་དྲིས་མོད་གསལ་བོར་འཆད་མཁན་གཅིག་ཀྱང་མ་བྱུང་ཞིང་། རིམ་གྱིས་མོས་ཀྱང་སུ་དང་གང་ལའང་ཅི་ཡང་དྲིས་མ་མྱོང་། མདོར་ན་དྲི་བློ་མི་འདུག་ཅེས་མིག་ཆུ་ཤམ་ཤམ་གཏོང་།
       སྐབས་དེར་ངས་ལྷ་མོར་སེམས་གསོ་ཇི་ལྟར་བྱ་དགོས་པ་མི་ཤེས། ང་ནི་འཁོར་བ་མ་ཟིན་ཞིང་གང་དུའང་མི་གཏོགས་པའི་ཕུང་གསུམ་པ་ཞིག་གིས་ཅི་ཞིག་བཤད་ན་འོས་སམ། དངོས་གནས་ལྷ་མོར་ཁག་མི་འདུག་ཨང་།
       … …
       ཀླུ་མོ་ད་རུང་མུ་མཐུད་སྐྱེས་པ་ག་ཚོད་ཀྱི་རྗེས་འབྲང་རྒྱུ་ཡིན་ནམ། ལྷ་མོར་ཁྱོད་ནི་ངའི་སྲོག་ཡིན་ཟེར་མཁན་དེས་རང་གི་སྲོག་ཅི་མི་སྙམ་པར་དོར་ཏེ་ད་ལྟ་གང་དུ་ཡོད་དམ། གང་ཞིག་ན་སུ་ཞིག་ལ་ཁྱོད་ངའི་སྲོག་ཡིན་ཟེར་གྱིན་ཡོད་དམ།
       སྣང་བ་ཟེར་བའི་རྒྱ་འདི་ལས་སེམས་ཅན་ཅི་འདྲའི་མང་བོ་ཞིག་མ་ཐར་བར་ཡོད་དམ། མི་ཚེ་ཟེར་བའི་ཁུར་བོ་གཏོས་ཆེ་བ་འདི་སེམས་ཅན་ག་ཚོད་ཀྱིས་མ་ཐེག་པར་ཡོད་དམ་སོགས་ལ་འདང་བརྒྱབ་སྟེ་ངེས་འབྱུང་གཞོན་ནུའི་དད་པ་ལྟ་བུ་ཞིག་ཀྱང་སྐྱེས།
       སྐབས་དེར་ལྷ་མོས་ད་འཕྱི་བོ་འདུག ཁྱོད་ཀྱང་ངལ་གསོ་རོགས། སང་ཉིན་ཐུག་ཟེར་ནས་རང་གི་ཉལ་ཁང་དུ་བུད་སོང་།
       རེད་དེ་དངོས་གནས་འཕྱི་བོ་འདུག ནམ་སྨད་ཀྱི་ཆུ་ཚོད་བཞི་བར་བསླེབ་ལ་ཉེ། གཟིམ་བདེ།

༢༠༢༥ལོའི་ཟླ༣ཚེས༨ཉིན་བྲིས།
 
རྩོམ་ཁུངས། «ནས་ཀྱི་གྱེ་མ»
འབྲེལ་ཡོད་འོས་སྦྱོར།