བྱ་གཞུང་དབྱངས་བྷ། སྟོན་ཀ་སླེབས་བྱུང་།
རྩོམ་པ་པོ།:བྱ་གཞུང་དབྱངས་བྷ།
ཡོང་ཁུངས།:སྦྲང་ཆར། ༢༠༢༦ལོའི་དེབ་གཉིས་པ།
དུས་ཚོད།:2026-07-17
ཀློག་གྲངས།:
སྟོན་ཀ་སླེབས་བྱུང་།
བྱ་གཞུང་དབྱངས་བྷ།
སྙིང་ཉེ། སྟོན་ཀ་སླེབས་བྱུང་།
དམར་གོར་གོར་གྱི་ཤིང་ཏོག་རྣམས་ས་ལ་ཕབ་སོང་།
སེར་ལམ་ལམ་གྱི་ལོ་ཏོག་རྣམས་རྐེད་ནས་བྲེགས་སོང་།
སྨིན་སྔ་བའི་ལོ་མ་རྣམས།
ཡལ་གའི་རྩེ་མོ་ན།
རླུང་གིས་འཁྱེར་གྱིན་འདུག
སྙིང་ཉེ། སྟོན་རླུང་བསིལ་བསིལ་ལྡང་དུས།
ངས་ཁྱོད་རང་དྲན།
ཁྱོད་ཀྱི་སྐུ་ལུས་མར་དྲི་ཅན་དེ་དྲན།
ཁྱོད་ཀྱི་གསུང་སྐད་རྩམ་དྲི་ཅན་དེ་དྲན།
སྟོན་རླུང་བསིལ་བསིལ་ཁྲོད་དུ།
ངས་ཁྱོད་རང་ལོ་མ་ཞིག་ལ་ཆག་འཇོག་བྱས།
སེར་ཐིག་ལྷུང་ཚར་བའི་ལོ་མ་ཞིག་ལ་ཆག་འཇོག་བྱས།
སེར་ཐིག་ལྷུང་ཚར་བའི་ལོ་མ་དེ།
སུ་ཞིག་གི་ཡལ་གའི་རྩེ་མོ་ན།
ལྷེབ་ལྷེབ་ཏུ་འདར་སིག་རྒྱག་གིན་ཡོད་སྣང་ཤར།
ཁྱོད་རང་དྲན་པའི་སྟོན་ཀ་འདིར།
ཁང་རྩེག་མཐོན་པོའི་ཨར་འདམ་གྱི་ཡལ་གའི་སྟེང་ན།
ང་ཡི་ཚང་མལ་མི་འདུག
ཁྱོད་ཀྱི་ཤ་དྲོད་མི་འདུག
རྒོད་པོ་མཁའ་ལ་འཕུར་བའི་སྡེར་ཤུལ་དང་།
ཉི་ཟེར་ས་ལ་བབས་པའི་བཀྲག་མདངས་ཀྱང་མི་འདུག
ཁྱོད་རང་དྲན་པའི་སྟོན་ཀ་འདིར།
ལོ་མ་རླུང་གིས་མི་འཁྱེར་བའི་ལྗོན་པ་ཞིག་ཡོད་ན་ཅི་མ་རུང་སྙམ།
གཡུ་མདངས་སེར་པོར་མི་འགྱུར་བའི་ལོ་མ་ཞིག་ཡོད་ན་ཅི་མ་རུང་སྙམ།
ལོ་ཏོག་བྲེགས་ཤུལ་གྱི་ཞིང་ཐང་སྐྱ་བོའི་ནང་དུའང་།
ཉི་འོད་ཀྱི་མཚོ་མོ་ཞིག་འཁྱིལ་ཡོད་ན་ཅི་མ་རུང་སྙམ།
འོད་དང་སྣང་བའི་མཚོ་མོ། མེས་པོའི་བླ་མཚོ།
དབྱངས་གསལ་སོ་བཞིའི་གསེར་གྱི་མཚོ་མོའི་ཁ་ན།
ངང་ཆུང་གསེར་གྱི་ཐིག་ལེ་ཅན་རྣམས།
གསུང་སྙན་ལྷང་ངེར།
གཏན་དུ་བཞུགས་རྒྱུ་བྱུང་ན་ཅི་མ་རུང་སྙམ།
སྙིང་ཉེ། སྟོན་ཀ་སླེབས་བྱུང་།
སྟོན་ཀ་ནི། སྦྲ་ཁྱིམ་སྟོང་བ་ཞིག་སྟེ།
ནང་ན་ཁྱོད་ཀྱི་ལུས་དྲི་མི་འདུག
ཕྱི་ན་འབྲི་མོའི་བཞོ་དབྱངས་མི་འདུག
ཕུ་ཡི་ཐབ་ཀ་དང་ལྕི་བའི་མེ་ལྕེ།
སྒོ་ཡི་སྒོ་དར་དང་གསེར་ཡིག་རང་བྱོན།
ཕོ་ཁྱིམ་གྱི་ཕྱྭ་དང་མོ་ཁྱིམ་གྱི་གཡང་རྣམས་ཀྱང་།
ཁྱོད་དང་ལྷན་དུ་བཞུད་ཅིང་བཞུད་ཀྱིན་འདུག
སྙིང་ཉེ། སྟོན་ཟླ་དཀར་ཆུང་ཤར་དུས།
ངས་ཁྱོད་རང་དྲན།
ཞལ་རས་མིག་ཤེལ་ཅན་དེ་དྲན།
སྤྱན་མིག་བརྩེ་བ་ཅན་དེ་དྲན།
སྟོན་རླུང་བསིལ་བསིལ་ཁྲོད་དུ།
ངས་ཁྱོད་རང་ལྗོན་པ་ཞིག་ལ་ཆག་འཇོག་བྱས།
ཡལ་ག་གཅིག་ཅན་གྱི་ལྗོན་པ་ཞིག་ལ་ཆག་འཇོག་བྱས།
ཡལ་ག་གཅིག་པོ་དེ་ང་རང་ཡིན་ཤག་བྱས།
བྱ་ཆེན་འབབ་སའི་རྐང་རྟེན་ཡིན་ཤག་བྱས།
བྱིའུ་ཆུང་སྡོད་སའི་ཚང་མལ་ཡིན་ཤག་བྱས།
འཐོར་རླུང་འུར་འུར་ལྡང་བའི་དཀྱིལ་ན།
བརྟན་བརླིང་ངེར་བརྐྱངས་ཡོད་ཤག་བྱས།
ཀྱེ་ཀྱེ། སྙིང་ཉེ།
ཁྱོད་རང་དྲན་པའི་སྟོན་ཀ་འདིར།
ལོ་མ་རླུང་གིས་མི་འཁྱེར་བའི་ལྗོན་པ་ཞིག་ཡོད་ན་ཅི་མ་རུང་སྙམ།
གཡུ་མདངས་སེར་པོར་མི་འགྱུར་བའི་ལོ་མ་ཞིག་ཡོད་ན་ཅི་མ་རུང་སྙམ།
ངེད་གཉིས་ནི། ཕན་ཚུན་གྱི་ལྗོན་པའི་སྟེང་གི
ཡལ་ག་ཁེར་སྐྱེས་དེ་ཡིན་ན་ཅི་མ་རུང་སྙམ།
ངེད་གཉིས་ནི། ཕན་ཚུན་གྱི་ཡལ་གའི་རྩེ་ཡི།
ལོ་མ་ཁེར་སྐྱེས་དེ་ཡིན་ན་ཅི་མ་རུང་སྙམ།
2025.9.20
འབྲེལ་ཡོད་འོས་སྦྱོར།
