logo

༄༅། །ད་ནི་ངའང་རྒས་ཆོག མཛེས་སེ།

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-04 ཀློག་གྲངས།:
༄༅། །ད་ནི་ངའང་རྒས་ཆོག
མཛེས་སེ།

       དེ་རིང་ལོ་སར་ཉིན་མོར། ང་ཚོས་ཁྱིམ་དུ་ཁ་ཟས་སོགས་ཀྱི་སྡེར་ཁ་ཅི་ཡང་བསྒྲིགས་མེད་མོད། བླ་མ་དཀོན་མཆོག་ལ་མཆོད་འབུལ་དང་གསོལ་འདེབས། ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་ལ་བསང་གི་ཆོ་ག ཚེ་འདས་དང་གཟུགས་མེད་སེམས་ཅན་རྣམས་ལ་ཚ་གསུར་གྱི་སྦྱིན་པ་བཏང་ནས། ཁྱིམ་མི་དང་ཉེ་དུ་ཡོངས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན།
       གནམ་ལོ་གསར་དུ་ཚེས་པའི་དུས་ཆེན་འདི་ལ། ངའི་སེམས་སུ། འཇིག་རྟེན་མི་ཡུལ་གྱི་བུ་དང་བུ་མོ་སུ་ཞིག་ལ་ཕ་མ་གཉིས་ཀ་འཛོམས་ན། འཚོ་བ་སྐྱོ་པོ་ཡིན་རུང་སེམས་སུ་སྐྱིད་ཅིག་ཡོད་པ་རེད། གལ་ཏེ་ཕ་མ་གཉིས་ཀ་མེད་པར་གྱུར་ཚེ། བཀྲ་ཤིས་རྟེན་འབྲེལ་ཞུ་འོས་པའི་དུས་ཆེན་ཡིན་ཡང་སྐྱིད་སྣང་སེན་མོ་ཙམ་ཡང་མེད་པར་བསམ།
       ནངས་སྔ་མོའི་ཉི་རྩེ་རང་ཁྱིམ་གྱི་ལྷས་སུ་འཕྲོས་པ་ན། དབུས་གཙང་ཕྱོགས་ཀྱི་གཞས་ཤིག་དྲན་བྱུང་སྟེ།
       ཁང་ཆུང་གྲུ་བཞིའི་ནང་ལ། །
       རིན་ཆེན་ནོར་བུ་མེད་ཀྱང་། །
       ཕ་མ་བུ་ཕྲུག་འཛོམས་ནས། །
       ཁང་ཆུང་འོད་ཀྱིས་ཁེབས་སོང་། །
       ལོ་བཅུ་གཉིས་ཀྱི་སྔོན་དུ་ཨ་ཕ་ལགས་ང་ཚོ་དང་བྲལ་བ་དང་། ན་ནིང་དཔྱིད་ཀར་ཨ་མ་ལགས་ཀྱང་ཕྱི་མར་གཤེགས་སོང་བས། ཕ་མ་དང་བུ་ཕྲུག་ལྷན་དུ་འཛོམ་རྒྱུ་མེད་ལ་གནམ་ལོ་གསར་དུ་ཚེས་པར་དགའ་སྤྲོའི་རྟེན་འབྲེལ་ཞུ་བའི་སྐལ་བ་མེད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན། ལོ་སར་ནི་དུས་ཆེན་ཞིག་མ་ཡིན། ཕ་མས་བཀྲ་ཤིས་ཁ་གཡང་བརྗོད་པའི་སྐད་དང་བསླབ་བྱ་སྐུལ་ལྕག་གནང་བའི་ངག་ཀྱང་ཐོས་རྒྱུ་མེད་པའི་ལོ་སར་ནི་དུས་ཆེན་ཞིག་ལ་བརྩི་བའི་བསམ་པ་ང་ལ་མི་འདུག ལོ་གསར་བའི་ནང་ཚེ་རིང་ནད་མེད་དང་སྐུ་གཟུགས་གསལ་དྭངས་དང་སེམས་པ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་སའི་ཕ་མ་གཉིས་མེད་དུས། ལོ་སར་དུས་ཆེན་ལ་རོལ་བའི་མི་རྣམས་ཀྱིས་དྲོ་སྐྱིད་མྱོང་གི་ཡོད་དམ།
       སྔོན་ཆད་ཕ་མ་གཉིས་ཀ་འཇིག་རྟེན་འདི་རུ་བཞུགས་དུས། སྐྱེ་བོ་གཞན་དང་མཚུངས་པར། ལོ་རེའི་ལོ་སར་གྱི་སྐབས་སུ་ང་ཚོ་ཕ་མ་དང་མཉམ་འཛོམས་ཀྱིས་སྐྱིད་པའི་དུས་ཆེན་ལ་རོལ་བ་ཡིན། ཕ་མ་གཉིས་ཀྱིས་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་དང་ལྷན་དུ་དགའ་སྤྲོའི་དཔལ་ལ་རོལ་བའི་ཆབས་ཅིག་ཏུ། རང་གི་ཕ་མ་དྲན་གྱིན་ཡོད་པ་གདོན་མི་ཟ་སྟེ། རྒྱུ་མཚན་ནི་ང་ཚོས་ཁ་བརྡ་བྱེད་དུས། ཁོང་རྣམ་གཉིས་ཀྱིས་ལན་རེར་རང་ཉིད་བྱིས་པའི་དུས་དང་གཞོན་ནུའི་དུས་ཀྱི་དོན་དག་གླེང་སྲིད་པ་དང་། འདས་དོན་ཕྱིར་དྲན་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་རང་གི་ཕ་མ་གཉིས་རེད། ད་ལྟ་ཕ་མ་ཞེས་འབོད་ས་མེད་པའི་ཁོང་རྣམ་གཉིས་ཀྱང་སྔོན་ཆད་ཕ་མའི་བུ་ཕྲུག་ཡིན། འོན་ཀྱང་ཁོང་རྣམ་གཉིས་ལ་བུ་ཕྲུག་ཅེས་འབོད་ཅིང་ནམ་རྒྱུན་སེམས་སུ་དྲན་མཁན་གྱི་མི་དེ་དག་སྔ་མོ་ནས་མཐོང་རྒྱུ་མེད་པར་གྱུར། དགའ་སྐྱོ་འདྲེས་མའི་མི་ཚེའི་འཚོ་བ་ཞེས་པ་ནི་འདི་ལྟ་བུ་ཞིག་ལ་གོ་དགོས་པ་ཨེ་ཡིན། ད་ལོ་ནས་བཟུང་། ངའི་ཕ་མས་མྱངས་པའི་མངར་སྐྱུར་ཁ་གསུམ་གྱི་ཚོར་བ་དེ་ང་དང་ནུ་བོ་སྲིང་མོ་ཚོས་ཀྱང་མྱང་དགོས་པ་རེད།
       གལ་ཏེ་ཁྱིམ་དུ་ཕ་མ་ཟེར་བའི་རྒན་རབས་ཤིག་ཡོད་ན། ང་ནི་དར་མའི་གྲས་སུ་གཏོགས་ཀྱང་རང་སེམས་ད་དུང་ན་གཞོན་གྱི་ཁྱུ་དང་འགྲོགས་ཡོད་པ་རང་གིས་ཤེས། ཕ་མ་ཟེར་བའི་དྲིན་ཅན་དེ་གཉིས་མེད་ན། བུ་ཕྲུག་གང་དེའི་ལུས་ཀྱི་ན་ཚོད་མུ་མཐུད་དུ་བྱིས་པའི་དུས་སུ་གནས་ཐབས་བྲལ་ལ། ངག་གི་ན་ཚོད་མུ་མཐུད་དུ་གཞོན་པའི་དུས་སུ་གནས་ཐབས་བྲལ་བ་དང་། ཡིད་ཀྱི་ན་ཚོད་ཀྱང་མུ་མཐུད་དུ་དར་མའི་དུས་སུ་གནས་ཐབས་བྲལ་ཏེ། ལུས་པོ་བྱིས་པ་དང་ན་གཞོན་གྱི་གྲས་སུ་དང་། ངག་དར་མའི་གྲས་སུ་ཡོད་ཀྱང་ཡིད་སེམས་ནི་རྒན་རབས་སུ་གཏོགས་པ་སྐྱེ་བོ་ཕལ་ཆེར་མཚུངས་པ་འདྲ། ཕ་མ་འཇིག་རྟེན་དུ་བཞུགས་དུས། བུ་ཕྲུག་གི་གཟུགས་དང་ལང་ཚོ་རྒུད་བར་བརྩམས་ཀྱང་སེམས་པ་རྒས་ན་ག་ལ་རུང་། གཟུགས་དང་ལང་ཚོ་རྒུད་བའི་ལམ་དུ་ཞུགས་ཀྱང་སེམས་པ་རྒ་བའི་གོམ་སྟབས་མགྱོགས་པོར་སྤོ་མི་རུང་ལ། རྒས་པའི་རྟགས་སུ་མགོ་སྐྲ་དཀར་པོར་འགྱུར་བ་དང་གདོང་ལ་གཉེར་མ་མང་པོ་འབབ་པ་སྔ་དྲགས་ཚེ་ཕ་མའི་སེམས་ཀྱིས་མི་བཟོད་ལ། དེ་ནི་ཕ་མ་གཉིས་སྔར་བས་མགྱོགས་པོར་རྒས་འཁོགས་སུ་འགྱུར་བར་རྒྱབ་ནས་ཤུགས་ཀྱིས་འདེད་པ་དང་ཡང་མཚུངས།
       རང་ཉིད་རྒས་པར་སྤྲོ་བའི་སྐྱེ་བོ་ཞིག་འཇིག་རྟེན་མི་ཡུལ་དུ་ཕལ་ཆེར་ཡོད་མི་སྲིད་མོད། ཕ་མ་གཉིས་ཀ་གཏན་དུ་བྲལ་བས་ན། དེ་རིང་ང་ནི་རྒས་ཆོག་པའི་མི་ཞིག་ཡིན་ཏེ། བྱིས་པའི་དུས་དང་བྲལ་ནས་ཡུན་རིང་སོང་ཞིང་། ན་གཞོན་གྱི་ལང་ཚོའང་སྔ་མོ་ནས་ཡལ་ཚར་ལ། དར་མའི་གྲས་སུ་ཞུགས་ནས་བགྲང་བྱ་འགའ་སོང་ཡོད་པས། ད་ནི་རྒས་ན་མི་འགྲིག་པ་ཅི་ཡང་མེད། ཕ་མ་ནི་དགུང་གི་ཉི་མའི་ཆ་ཤས་སུ་གྱུར་ཚེ་ཤིན་ཏུ་ལེགས་ཏེ། ཉིན་རེར་ཁོང་རྣམ་པས་མི་ཡུལ་དུ་གཟིགས་སྐབས་ཀྱི་སེམས་ཁམས་ཅི་འདྲ་ཡིན་པ་འུ་ཅག་གིས་ཚོར་ཐུབ། དཀར་གསལ་ཟླ་བའི་ཆ་ཤས་སུ་གྱུར་ནའང་ལེགས་ཏེ། མཚན་མོ་གཉིད་མི་ཁུག་དུས་མགོ་བོ་བཀྱགས་ནས་བལྟས་པ་ཙམ་གྱིས་དྲན་པའི་གདུང་བ་ཅུང་ཙམ་ཞི་བར་འགྱུར།
       མི་ཚེ་འདིར་ཁྱོད་ལ་དྲིན་ཆེ་བའི་མི་མང་ན་ཡང་། མཚུངས་པ་མེད་པའི་དྲིན་ཆེན་ནི་ཕ་མ་ཡིན་པ་སྨྲས་མ་དགོས། འཇིག་རྟེན་མི་ཡུལ་གྱི་ཕ་མ་མང་ཤོས་ཀྱིས་བུ་ཕྲུག་གི་ཆེད་དུ་ཡོད་ཚད་གཏང་ནུས་ཤིང་། ངས་བུ་ཕྲུག་ལ་དྲིན་བྱས་སོང་སྙམ་པའི་བློ་གཏན་ནས་སྐྱེ་མི་སྲིད་ལ། བུ་ཕྲུག་གིས་ང་ལ་དྲིན་ལན་གཞལ་ཨེ་ཡོང་ཞེས་རེ་བའང་བཅངས་མི་སྲིད། ཕ་མའི་བཀའ་དྲིན་གླེང་དུས། བློ་དང་རིག་པ་མི་གསལ་བའི་སྐྱེ་བོ་གཅིག་ཀྱང་མི་འདུག་ལ། དྲིན་ལན་ཇི་ལྟར་གཞལ་དགོས་པ་གླེང་དུས། ཁ་མཁས་དག་གིས་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་བཤད་ཀྱིན་མཆིས། ཉི་མ་སུམ་བརྒྱ་དྲུག་ཅུར་དྲིན་ལན་ཇི་ལྟར་གཞལ་ན་ལེགས་ཚུལ་བསམ་དུས། དུས་རྒྱུན་ངག་འཇམ་ཞིང་གདོང་ལ་འཛུམ་མངོན་པ་དང་། ཁ་ལེན་པ་ཚིག་བརྩི་བ་གུས་བཀུར་དང་ལྡན་པ་སོགས་བྱ་དགོས་ཚུལ་ནི་ཀུན་གྱིས་ཤེས། དེ་ལས་གཞན་ཞིག་ནི། བུ་ཕྲུག་རྣམས་ཀྱིས་ཕྱི་རུ་སློབ་གཉེར་བྱེད་པ་དང་ལས་ཀ་གང་ཞིག་སྒྲུབ་དུས་སྤྱོད་ལམ་འོས་ཤིང་འཚམས་ལ། རྒྱུ་འབྲས་བརྩི་བ་དང་དྲན་བདེན་སྐྱོང་བ། རང་ཚུགས་ཐུབ་པ་དང་ཁྲེལ་གཞུང་ཡོད་པ། ནང་དུ་ཁྱིམ་ཚང་འགྲིག་མཐུན་ཡོང་བ་སོགས་དོན་ཐོག་ཏུ་སྨིན་ན་ནི་ཕ་མའི་བདེ་སྐྱིད་རེད། མི་ཚེ་འདིར་ཕ་མའི་སེམས་མ་དཀྲུགས་ན་དེ་ལས་ལྷག་པའི་དྲིན་ལན་མ་གཟོས་ཀྱང་ཆོག་པར་སྙམ། བུ་ཕྲུག་གི་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕ་མ་ལ་བདེ་སྐྱིད་སྟེར་མི་ཐུབ་སྟེ། ཁོང་རྣམ་པ་བརྐམ་ཆགས་དང་ཧམ་སེམས་དང་ཆོག་མི་ཤེས་པ་ཞིག་ཏུ་བསྒྱུར་བའང་མང་དུ་མཐོང་། བུ་ཕྲུག་གི་ཐོབ་གོ་ས་དང་མཚན་སྙན་གྲགས་ཀྱིས་ཕ་མ་ལ་བདེ་སྐྱིད་སྟེར་མི་ཐུབ་པ་མ་ཟད། ཁོང་རྣམ་པར་གཞན་དང་འགྲན་པའི་ང་རྒྱལ་ཁེངས་སེམས་སྐྱེ་རུ་འཇུག་པ་དང་ཕྲག་དོག་ཀྱང་བསླང་བར་བྱེད་སྲིད། ཕ་མ་གཉིས་ལ་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་བསྐྲུན་འདོད་ཚེ། རྒ་བཞིན་པ་དང་རྒས་ཟིན་པའི་ཕ་མའི་སེམས་ཀྱི་དྲན་ཚུལ་རྟོགས་ཅི་ཐུབ་བྱ་དགོས་ཤིང་། ཁོང་རྣམ་པ་བློ་བདེ་བག་ཕེབས་སུ་འཚོ་གཞེས་གནང་ཚེ། དེ་ནི་དྲིན་ལན་འཇལ་བཞིན་པའི་རྟགས་ཤིག་རེད། ཕ་མ་གཉིས་ཚེ་རིང་བ་ནི་བུ་ཕྲུག་གི་བདེ་སྐྱིད་ཡིན་པ་དང་། བུ་ཕྲུག་ལ་སེམས་ཁུར་བྱེད་མི་དགོས་པ་ནི་ཕ་མའི་བདེ་སྐྱིད་ཡིན།
       དེང་སྐབས་རྒྱ་ཡིག་དྲ་རྒྱའི་ཐོག་གི་རྩོམ་ཡིག་སྐོར་ཞིག་གི་ནང་དུ། ཕ་མ་འཇིག་རྟེན་འདི་རུ་བཞུགས་དུས་བུ་ཕྲུག་རྣམས་ལ་ཕྱིར་ལོག་སའི་ཁྱིམ་གཞིས་ཡོད་པ་དང་། ཕ་མ་བཞུད་ཤུལ་དུ་ཁྱིམ་ཟེར་བ་དེའང་འཇིག་ཚར་བ་རེད་ཅེས་བྲིས་འདུག དེ་ནི་རང་གི་ཕ་ཡུལ་དང་ཕ་ཁྱིམ་དུ་ལོག་མི་འདོད་པའི་སྐྱེ་བོ་འགའ་ཡིས་ཁག་འཇོག་ས་ཞིག་བཙལ་ནས་རང་གཞན་གཉིས་གའི་མགོ་བསྐོར་བ་ཙམ་ལས་མ་འདས་སྙམ། ཕ་མ་གཅིག་གི་སྤུན་ཟླའི་བར་དུ་ཤ་རུས་ཀྱི་བརྩེ་གདུང་ཆུང་བའམ་ཉམས་ཟིན་པའི་མི་ཡིས་ད་གཟོད་ཀུན་ལ་འདི་ལྟར་སྒྲོག་པར་བྱེད། དོན་དངོས་ནི་དེ་ལས་ལྡོག་སྟེ།དྲིན་ཆེན་ཕ་མ་གཉིས་ག་འཇིག་རྟེན་འདི་རུ་མི་བཞུགས་ཚེ། ས་ཆ་གང་དུ་ཡོད་ཀྱང་ང་ཚོ་ནི་ཕ་མས་བསྐྲུན་ཅིང་མི་ཚེ་གང་བོར་བསྲུངས་པའི་ཁྱིམ་གཞིས་དེ་ལ་རྒྱུན་དུ་ལོག་འོས་པ་མ་ཟད། ཕུ་ནུ་མིང་སྲིང་དང་མཉམ་གཅིག་ཏུ་ཕ་མའི་དྲིན་དྲན་རྒྱུ་དང་། སྐྱིད་སྡུག་ཅི་ཡོད་ཕན་ཚུན་ལ་གླེང་ཞིང་སེམས་གསོ་བྱེད་པ། དོན་དག་གང་ལ་འཕྲད་ཀྱང་ཕན་ཚུན་བློ་འདྲི་གྲོས་གསུམ་དང་རོགས་རམ་རྒྱབ་སྐྱོར་བྱེད་པ། དཔུང་བ་མཉམ་གཤིབ་ཀྱིས་དཀའ་ངལ་གདོང་གིས་བསུས་ཏེ། སྤུན་མཆེད་བར་གྱི་ཤ་འདང་རུས་འདང་གི་དྲོད་མ་ཡལ་ཞིང་ཕ་ཁུ་བུ་ཚའམ་ཞང་དབོན་བར་དུ་ཤ་ཉེའི་འདུ་ཤེས་མ་དོར་བར་མི་ཚེ་འདི་བཀྲ་ཤིས་བདེ་ལེགས་ངང་རོལ་ཐུབ་པ་བྱུང་ན། ཕ་མའི་མཐར་ཐུག་གི་རེ་འདུན་དེ་མངོན་དུ་གྱུར་པ་མ་ཡིན་ནམ།
       སྐྱེ་བོ་སུ་ཞིག་ཡིན་རུང་། འཇིག་རྟེན་དཀར་ངོགས་སུ་བཞུགས་དུས། ངོ་ཤེས་མཁན་མང་ལ་དོ་སྣང་བྱེད་མཁན་ཡང་མང་། གལ་ཏེ་ཕྱི་མའི་ཡུལ་དུ་གཤེགས་པ་ན། ཕ་མའམ་བུ་ཕྲུག་གམ་སྤུན་ཟླ་དང་ཤ་ཉེ་གཉེན་འཁོར་མ་གཏོགས་སེམས་པ་སྐྱོ་གདུང་གིས་མནར་བ་ཕལ་ཆེར་མེད་ལ། ཡུན་རིང་བོར་སེམས་ནས་དྲན་ཞིང་རྗེས་སུ་མིག་ཆུ་གཏོང་མཁན་ནི་ཤིན་ཏུ་ཉུང་། རྒྱུན་དུ་ཁོང་གི་སྐྱིད་སྡུག་ངག་ནས་གླེང་མཁན་ཡོད་ཀྱང་ཁོང་གི་མི་ཚེའི་བཤུད་ལམ་ལ་ཕྱིར་དྲན་བྱེད་མཁན་ནི་དེ་བས་ཀྱང་ཉུང་། ཕ་མ་གཉིས་མིག་གིས་མཐོང་རྒྱུ་ཡོད་དུས། ངས་ལོ་དང་ཟླ་བ་ཇི་ལྟར་བཞུར་སོང་བ་ལ་དོ་སྣང་ཆེན་པོ་མ་བྱས་པ་འདྲ། སེམས་སུ། ཕ་མ་གཉིས་ནི་ད་དུང་ཡུན་རིང་བཞུགས་སྲིད་སྙམ་ནས། ཁོང་རྣམ་པ་རང་གི་ཚེ་ཚད་དང་བར་ཐག་ཇེ་ཉེ་ཡིན་པ་གཏན་ནས་དྲན་མ་བྱུང་ལ། མི་རྟག་འཆི་བ་གློ་བུར་དུ་བསླེབ་འོང་བའང་ཕལ་ཆེར་བསམས་མ་མྱོང་། ཕ་མ་མེད་པའི་བུ་ཕྲུག་ཏུ་གྱུར་བ་ན། མ་འོངས་པའི་དུས་ནི་མིག་སྡེབ་དབང་ཙམ་གྱིས་འདས་སོང་དུ་གྱུར་འདུག་པ་ཚོར་ནས། ང་ལ་བུ་ཕྲུག་ཅེས་འབོད་མཁན་འཇིག་རྟེན་འདི་རུ་གཅིག་ཀྱང་མེད་པས། ད་ནས་བཟུང་ང་རང་རྒས་ཆོག་ཆོག་ཡིན་སྙམ་བྱུང་།
       ལོ་ཉི་ཤུའི་ཡར་སྔོན་དུ་ངས་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་འགྲམ་དང་དེའི་ལྷོ་ཕྱོགས་ཀྱི་སྒོ་མེ་ཆབ་ཆ་རུ་ལས་ཀ་གཉེར་དུས། ཕ་མ་གཉིས་ལོ་རེར་ང་ལ་ཆེད་དུ་སྐོར་རྒྱག་ཐེངས་གསུམ་བཞི་ཙམ་བྱུང་། ཡོང་ཐེངས་རེར་ཟླ་གཅིག་ལྷག་ལ་ང་དང་མཉམ་དུ་འཚོ་བ་རོལ་པ་མ་ཟད། རུ་རོགས་ཁྱིམ་མཚེས་ཀྱི་རྒན་གཞོན་ཀུན་ལ་འབྲེལ་འདྲིས་དམ་ཞིང་གྲོགས་སུ་གྱུར་མོད། ང་རང་ཟི་ལིང་དུ་ལས་ཀ་སྤར་བ་ནས་བཟུང་། ཕ་མ་གཉིས་སྔར་ལྟར་ང་ལ་ལོ་རེར་ཐེངས་གསུམ་བཞི་ཙམ་སྐོར་རྒྱག་ཏུ་ཡོང་ཞིང་། ཡོང་ཐེངས་རེར་གཟའ་འཁོར་གཅིག་ཙམ་མཉམ་དུ་བསྡད་རྗེས་ཕ་ཡུལ་དུ་ཞིང་ཕྱུགས་སོགས་ཀྱི་ལས་ཀ་མང་རབས་བཤད་དེ་ཕྱིར་ལོག་འགྲོ། ཁྱིམ་དུ་ནུ་བོ་ཆེ་བ་བཟའ་མི་གང་བོ་ཡོད་པས་ན། ཕ་ཡུལ་དུ་ཁོང་རྣམ་པ་གཉིས་ཀྱིས་བསྒྲུབ་རོགས་བྱ་དགོས་པའི་ལས་ཀ་མང་པོ་ག་ལ་ཡོད། དོན་ངོ་མར་ཁོང་གཉིས་གྲོང་ཁྱེར་ནང་དུ་འདུ་འཛི་ཆེ་ཞིང་བོད་སྐད་ཀྱི་ལམ་ནས་ཁ་རྡ་བྱེད་མཁན་ཧ་ཆང་ཉུང་བ་དང་ཁང་རྩེག་མཐོན་པོའི་ནང་དུ་འཚོ་བ་རོལ་རྒྱུར་མ་གོམས་པས་རེད། ད་ལྟ་ཕ་མ་བཞུད་ཤུལ་དུ། སེམས་ཀྱི་སྡུག་བསྔལ་ནི་ལོ་དེ་ལ་ཧ་ཅང་ལྕི་ནའང་སྡུག་ལ་རྙིང་རྒྱུ་ཡོད། འོན་ཀྱང་། དྲན་པའི་གདུང་བ་ནི་ལོ་རྗེས་མ་ནས་ཇེ་དྲགས་སུ་གྱུར་སོང་། འདི་ནི་ངའི་མི་ཚེའི་སྨད་དུ་འཛད་མཐའ་བྲལ་ཞིང་ལྗིད་ཏིག་གེར་བཞུར་བའི་གཙང་པོ་ཞིག་ཡིན་པ་འདྲ།
       ཕ་མ་འཇིག་རྟེན་དུ་བཞུགས་དུས་སུ། ང་ཚོས་གླེང་མྱོང་བའི་སྡུག་བསྔལ་ཞེས་པ་ནི། དོན་ལ་བདེ་སྐྱིད་ཀྱི་གདོང་ལ་མིག་གིས་ལྟ་ཙམ་ཡང་མི་བྱེད་པར། ངའི་གམ་ན་བདེ་སྐྱིད་མི་འདུག་ཅེས་ལོང་གཏམ་བཤད་པ་དང་མཚུངས། ཕ་མ་འཇིག་རྟེན་དུ་མི་བཞུགས་དུས། ང་ཚོས་ཕྱིར་དྲན་བྱེད་བཞིན་པའམ་བྱས་མྱོང་བའི་བདེ་སྐྱིད་ཅེས་པ་ནི། དོན་ལ་སྡུག་བསྔལ་གྱི་མདུན་རྒྱབ་མཐོང་ཞིང་ཕུགས་རྟོགས་པའི་རྗེས་སུ་ཕྱུང་བའི་ཤུགས་རིང་རེད།
       ཕ་མས་བཙུགས་པའི་ཤིང་སྡོང་རྣམས་ཁོང་རྣམ་པའི་ཚབ་ཏུ་ང་ཚོའི་མིག་མདུན་དུ་འགྲེངས་ཤིང་། ཞིང་ར་དང་རྫི་གླུའི་ཁྲོད་ཀྱི་རླུང་གི་རྒྱུ་ཕྱོགས་ལ་ཉན་ཡོད་པ་རེད། ཕ་མ་གཉིས་རྒྱུན་དུ་སོང་མྱོང་བའི་ལམ་བུའང་ཁོང་རྣམ་པའི་ཚབ་ཏུ་རྒྱང་རིང་ལ་འཐེན་ཞིང་། བུ་རབས་ཚ་རྒྱུད་བདེ་བླག་ངང་འཚར་ལོངས་པ་དང་ནུས་སྟོབས་འཕེལ་བར་སྒུག་འདུག་པ་རེད།
       ཟས་ཞིམ་པོ་ཡོད་ན་ཕ་མར་བྱིན། །གོས་ཡག་པ་ཡོད་ན་རང་གིས་གྱོན། །ཞེས་པའི་གཏམ་དཔེ་ཞིག་བོད་ལ་ཡོད་ཀྱང་། ཟས་ཞིམ་པོ་ཡོད་པས་ཅི་བྱ། ད་ནི་ང་ལ་སྟེར་སའི་ཕ་མ་མེད། གོས་ཡག་པ་ཡོད་པས་ཅི་བྱ། ད་ནི་ང་ལ་གྱོན་པའི་འདུན་པ་མེད། ད་དུང་། ཇ་མགོ་མ་དྲིན་ཆེན་ཕ་མར་འདྲེན། །གླུ་མགོ་མ་དྲིན་ཆེན་ཕ་མར་ལེན། །ཞེས་པའི་གླུ་ཞིག་ཡོད་པའང་དྲན་བྱུང་སྟེ། ཕ་མ་འཇིག་རྟེན་འདི་རུ་བཞུགས་པའི་སྐྱེ་བོ་དག་གིས་ངེས་པར་དེ་ལྟར་བྱ་རྒྱུ་མཁྱེན།
       ཕ་མ་གཉིས་ཀ་བཞུགས་དུས་སུ། སྐྱེ་བོ་སུ་ཞིག་ཡིན་རུང་སེམས་ཁུང་གི་མདུན་རི་དང་རྒྱབ་རི་བརྟན་ཅིང་བརྗིད་ཆགས་ལ། མགོ་ཐོག་གི་ལྗོན་ཤིང་དེ་ཆར་རླུང་དང་ཚ་གདུག་ཁྲོད་དུ་ནམ་ཡང་ལྗང་མདོག་གིས་བརྒྱན་ཅིང་། རང་གི་མི་ཚེ་ལ་བལྟ་ས་རེ་ས་དང་ཁེན་ས་ཞིག་ཡོད་པ་རེད། ཕ་མ་གཉིས་ཀ་བཞུད་ཤུལ་དུ། རང་ཉིད་མདུན་རི་དང་རྒྱབ་རིར་འགྱུར་དགོས་པ་དང་། ལྗོན་ཤིང་དེ་ཡང་རང་ཉིད་དང་མཐོ་ཚད་གཅིག་ཏུ་གྱུར་འདུག་པ་གློ་བུར་དུ་རྟོགས་ཤིང་། ང་ནི་མི་ཚེའི་རི་ལུང་བརྒལ་ཏེ་ཐང་ཆེན་ཞིག་ཏུ་བསླེབས་ཚར་བས། གབ་ས་དང་ཡིབ་སའི་གནས་ཤིག་ག་ན་ཡོད། ལན་རེར། ངའི་མགོ་བོ་བལ་སྒྱེ་རློན་པས་བཏུམས་པ་ལྟར་མིག་མཐའ་རབ་རིབ་དང་རིག་པ་ཐམ་ཐོམ་དང་གོམ་པ་ཁྱར་ཁྱོར་དུ་གྱུར་ནས། བློ་ངོར་ཅི་ཡང་འཆར་རྒྱུ་མེད་པ་དང་བརྗེད་ངས་ཇེ་ཆེར་སོང་བ། དབུགས་ཀྱི་འབྱིན་རྔུབ་རྒྱུན་ལྡན་ཡིན་ནའང་བྲང་ཁོག་ཏུ་རླུང་ཆེན་གཡོ་བ་དང་། ཉི་འོད་ཀྱི་ཁ་དོག་ནི་དཀར་སེར་སྔོ་དམར་གང་ཞིག་ཡིན་པའང་མི་གསལ་བ་ལྟར་ཆགས་འདུག་པས། ད་ནི་ངའང་རྒས་ཆོག་སྟེ། མགོ་སྐྲ་དཀར་པོར་གྱུར་ཚེ། ངས་སྐྲ་རྩི་ནག་པོ་བྱུགས་ནས་གཞན་ལ་རྫུན་སྐུབས་བསྟན་དགོས་དོན་མེད། གདོང་ལ་གཉེར་རིས་དབབ་རྒྱུ་ཟེར་ན། ངས་ལོ་དང་ཟླ་བར་ངོ་དགའ་བྱེད་དགོས་དོན་མེད། ཁ་ནང་གི་མུ་ཏིག་ཟད་པོ་དེ་དག་འཐོར་བསམ་ན་ངས་ཀྱང་བཀག་འགོག་མི་བྱེད། རྒས་ན་རྒས་རྟགས་སྟོན་ཞོར་རང་ཚོད་རང་གིས་བཟུང་ཞིང་རང་ཚུགས་རང་གིས་ཨེ་ཟིན་འབད་དགོས།

བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་ཚེས་གཅིག་ཉིན་ཕ་ཡུལ་རྫོང་མགོ་རུ་བྲིས།

རྩོམ་འདི༢༠༢༦ལོའི«གངས་དཀར་རི་བོ»དུས་དེབ་འདོན་ཐེངས་གཉིས་པའི་སྟེང་དུ་བཀོད།
འབྲེལ་ཡོད་འོས་སྦྱོར།