ལྷ་རྒྱལ་འོད་ཀྱི་སྙན་ངག ཁ་ལེབ།
རྩོམ་པ་པོ།:ལྷ་རྒྱལ་འོད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-06
ཀློག་གྲངས།:
ཁ་ལེབ།
དྲན་པ་མཐའ་དག་ཚ་ལམ་མེར་རུམ་ལ་ལྷུང་།
སྨུག་པ་ལྷ་མ་ལྷོད་ཀྱི་ལྕགས་ཐག་གིས་གྲོང་འདི་བསྡམས།
ཤེལ་སྡེར་ནང་གི་རྟ་ནག་ཉི་ཤུ་ཐང་སྟོང་གི་རྡུལ་ལ་འདྲེས།
རླངས་པ་འཕྱུར་འཕྱུར་གྱི་ལུག་ཤ་སྡེར་གང་གིས།
ལུས་གསེང་གི་རྣམ་ཤེས་གཙང་མར་བཀྲུས།
གྲིའི་རྣོ་དབལ་གྱིས་ཕོ་བ་འགེངས་ཟིན།
ཆུ་ཤེལ་ལས་དྭངས་པའི་ཉི་མ།
གདོང་ཕྱེད་ཀྱི་གྲིབ་མ་ལས་ཡང་།
རྟོག་འགྱུ་བྱེ་མ་བཞིན་ཟགས་པས།
ཆིག་ཤད་གྲི་ཞིག་ལ་འཁྲུལ་བར་གྱུར།
ཡིད་ཀྱི་ནགས་ཚལ་ལ་སྨིན་པའི་གཅན་གཟན།
རྨི་ལམ་གྱི་ལྗོངས་རྣམས་སུ་ཉལ།
ཆུ་རིས་ལ་བབས་པའི་སྒྲ་ཟ་ཟི།
རྣ་ཡི་རྒྱ་མཚོར་འདྲེས་སོང་།
ཁ་ལེབ།
ཕྱི་དྲོའི་ཆ་ཤས་རྡུལ་དུ་བཟོས།
སྔ་དྲོའི་དུས་ཚོད་དང་དགོང་ཁའི་གྲིབ་ནག་ལྷམ་སྒྲོག་ལྟར་བསྡམས།
སྨན་ཁང་ལ་བསྐྱལ་བའི་ཆམ་པ་དང་།
ཀོག་ཧྥེ་ཁང་གི་འུར་ཟིང་གིས་འོད་ངོགས་ཤིག་ལ་འཚང་ཁ་རྒྱག
ཚོང་ཁྲོམ་དུ་ཁ་རོག་གེར་ལུས་པའི་ཐང་གས།
སྲང་ལམ་དུ་ཤ་སྐམ་ཞིག་མིད་ནས་འདུག
“ལ་ལ”ཞིག་གི་ང་རྒྱལ་ཁུག་མར་བཅུག་སྟེ།
ཇ་ཚ་པོ་མཆོད་དུ་འགྲོ་དགོས་ཨང་།
ཁ་ལེབ།
ང་སྐྱེ་བོ་སྐོར་ཞིག་གི་རྐང་བར་སྤྲུལ།
ས་རྡུལ་གྱི་འོད་ཟེར་ཁ་ནང་ལ་བཏབ།
མེ་ཏོག་ལྟ་བུའི་གློག་གི་རྒྱུ་བ་ཤེས་པའི་ནང་དུ་བསོགས།
ནད་དང་ཀླད་པའི་སྐད་ཅིག་མ་ས་ཞིང་ལ་བསྒྱུར།
གོམ་ཁ་སྣ་ཚོགས་སྒྲ་དང་བསེར་བུ་བཞིན་ཡལ།
གྲིབ་མ་སོ་ཡི་བར་དུ་བཞག
ནགས་ཚལ་སྟོང་བས་གཅན་གཟན་ལ་འོ་མ་དྲངས།
དྲི་ལ་ཆགས་པའི་སྐྱེ་བོ་དག་ཚེ་རིང་བར་ཤོག
ཁ་ལེབ།
བཞུར་ཏེ་ཚར་བ་མེད་པའི་གཙང་བོ་ཨང་།
ང་རང་རླབས་ཀྱིས་ཕར་ཚུར་གཡོ།
སྤྲིན་ནག་དང་རླུང་འཚུབ་ཤེལ་དམ་དུ་བཅུག
དྲན་པ་དང་སྟོང་བསམས་གནམ་གཤིས་ཀྱིས་བཅིངས།
འཁྲུལ་སྣང་གི་རྟ་བ་བརྒྱ་ཕྲག་ཡན་ལག་རེ་ལ་འཐིམ།
ངས་རང་གི་རྣམ་རྟོག་ཆུ་ལ་བསྒྱུར།
རྟ་ཕོའི་རྔོག་རྩེ་རློན་མ་ནུས།
ས་གཞིའི་སྟེང་གི་གྲིབ་མ་དག་ཀྱང་།
གློ་ཚ་བྱུང་བའི་རང་ཉིད་ཡིན་སྣང་སྐྱེས།
དགུན་ཁ་འདིའི་འཆར་སྒོ་ཨང་།
ཚ་འཁྲུལ་བྱུང་བའི་མི་ཞིག་ལ་བསྒྱུར་སོང་།
ཁ་ལེབ།
གཉིད་དང་བོའི་རྨི་ལམ།
རྟ་ནག་ཉི་ཤུ་ང་ཡི་མལ་སར་ལྷུང་།
ཉི་འོད་ཀྱི་ཤིང་རྟ།
གྲིབ་མ་ཐུང་ངུ་ཞིག་གིས་བཟུང་།
ཆུའི་འཇིགས་པ་དང་ཐར་འདོད་ཀྱི་དངངས་འཚབ།
མུན་པའི་སྡེར་མ།
གཟུགས་མ་རྙེད་པའི་མི་མང་བོ་ཞིག་ལ་འབྱར།
དབང་བོའི་ཨུ་ཁུང་འདི་དག
གཙང་བོ་མིང་མི་ཐོགས་པ་རེར་སྐྱེས།
སྒྲ་སྣ་ཚོགས་ཀྱི་དབྱིབས།
ཡིད་ནས་ཟླུམ་པོར་གྱུར།
འཐོམ་པའི་རྗེས་ཀྱི་རྒྱལ་ཁམས།
རྨི་ལམ་མམ་འཁྲུལ་བ།
ཡང་ན་ཐག་པའམ་གངས་རི།
བྱིས་དུས་ཀྱི་ནགས་ཚལ།
གནའ་གཏམ་ཐུང་ངུ་ཞིག་གི་རྒྱལ་སྲས་བཞིན།
ཤིན་ཏུ་མཛའ་བ་ནས་སྡང་བའི་གནས་སུ་བསྐྱལ།
རྨི་ལམ་ནས་འདས་པའི་དུས་ལ་སླེབས།
ཐང་གའི་ངོས་སུ་ཁྲོ་བ་དང་ཞི་བའི་ཐ་སྙད་གཅིག་ཏུ་བཟོས།
ཞོགས་པའི་ཆུ་ཚོད་ལྔ་བར།
འཁྲུལ་བ་མཐའ་དག་ཐང་ལ་འཐོར།
ཁ་ལེབ།
སྐབས་རེར། གྲིབ་མ་ཆག་པོ་ཞིག
རྣམ་ཤེས་ཀྱི་སྲུབས་ཁར་འཚང་འོང་སྙམ།
ལམ་མདོ་རེ་བརྒལ་བས།
རླུང་འཚུབ་སྐྱེ་བོ་གཞན་ཞིག་གི་ལུས་སྟེང་དུ་འབྱར་སོང་བ་འདྲ།
མདང་དགོང་གི་རྨི་ལྟས།
འོ་ཇ་གཙང་མའི་ཁ་རུ་མར་གྱི་གོ་ལ་ལྟར་འགུལ།
གློ་བུར་གྱི་དངངས་འཚབ་འདི།
ཤེལ་ཆག་ལྟར་སོ་སོའི་རང་མལ་སྲུང་།
ཨ་སྔོན་གྱི་སྐར་མ་མཐའ་དག་འགུལ་ཙམ་བྱས་པས།
ཤོག་བུའི་ངོས་ཀྱི་ནམ་མཁའ་མི་རྟག་སྣོད་ཀྱི་གསེང་ལ་བཞུགས།
ཁ་ལེབ།
ཉིན་མཚན་གཉིས་ཀྱི་སྦྲེལ་མཚམས།
ས་རྡུལ་གྱི་གཙང་བོའི་ནང་དུ་གདའ།
རྐང་འོག་ནས་ཕྱིར་བསྡུ་མ་ཤེས་པའི་རླུང་འཚུབ།
སྲབ་མདའ་བཅད་ཅིང་ཤོར་བའི་རྟ་ནག་ཅིག་གི་དཔུང་བར་ཆགས།
སྣང་བརྙན་བཤད་ཐབས་བྲལ་བས་ཉི་མ་བརྒྱ་ལ་ངག་བཅད།
ཚིག་གི་སྦྲེལ་ཐག་སྣ་ཚོགས་རྣམ་ཤེས་ཀྱིས་བཟུང་།
ཆུ་བོ་ཐུར་ལ་བརྒྱུག་པའི་འཚུབ་ཆས།
ཡ་ཆུང་གི་སྲུབས་ཁར་གཟུངས་གཞུག་བྲིས།
རྨི་ལམ་ཆག་པོ་འདི།
བྲག་ཐེམ་རྣོན་པོ་ཞིག་གིས་གཏུབས་སོང་།
གྲིབ་མ་ཐར་ཐོར་ནང་གི་རང་ཉིད།
མུན་པ་མཐུག་པོའི་སྐྱེ་བ་བླངས།
འབྲེལ་ཡོད་འོས་སྦྱོར།
