logo

མདོ་སྨད་ཧེ་རུ་ཀའི་སྙན་ངག་ཁག་བཞི།

རྩོམ་པ་པོ།:མདོ་སྨད་ཧེ་རུ་ཀ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-15 ཀློག་གྲངས།:
ཟླ་དྲུག་པའི་ཚེས་པ་གཉིས།(ཞར་བཀོད་གསུམ)
མདོ་སྨད་ཧེ་རུ་ཀ

ཞོགས་པའི་ཉི་ཟེར་ཁྲོད་དུ་ཟིལ་བ་དྭངས་མོ་བསྒོ།
ཁྱོད་ཀྱི་མིག་ཟུང་ནང་ལ་སྐར་ཚོགས་ལམ་ལམ་འདྲོགས་ཤིང་ཞོགས།
རྒྱང་རིང་གི་རི་རྩེར་སྨུག་པ་ལང་ལོང་འཐུལ།
ལྷོད་ལ་འབབ་མ་ཐུབ་པའི་དབྱར་གཞུང་འདིས།
ད་དུང་སུ་ཞིག་ལ་སྒུག་གིན་ཡོད་ཨང་།

མཚོ་ཁའི་ཆར་བ་ཟམ་ཟིམ་གྱིས་སྐྲ་ལོ་བརླན་པའི་ནེམ་ཤ།
བརྙན་མིག་ནང་གི་འཛུམ་དཀར་དྲོན་མོ།
ཕ་གའི་རི་རྩེར་བབས་པའི་ཁ་བ་བཞིན་དཀར་ཞིང་གསལ།
དབྱར་གཞུང་ཤིན་ཏུ་སྣུམ་པའི་འདབ་མ་ལ།
ལང་ཚོ་ཧ་ཅང་སྨིན་པའི་སྒེག་ཉམས་བཞད།

ལས་དབང་ནི་བསིལ་རླུང་འཇམ་པོའི་རྒྱུ་བ་དང་འགྲོགས་སྟེ།
ཉིན་མཚན་བར་གྱི་གཏམ་རྒྱུད་མངར་མོ་ཀློག

ཕྱིར་ལོག་དུས།
ཉི་མ་ནུབ་རིར་ཡལ་ལ་ཉེ།
ཆར་བ་ཟམ་ཟིམ་འབབ་མཚམས་བཞག
བརྩེ་དུང་གི་མཚམས་སྤྲིན་ཁྱོད་ཀྱི་རྫི་བག་དང་འདྲེས་ཏེ།
བདེ་སྐྱིད་ཀྱི་སྔོ་དྲི་དབྱར་ཁའི་སྙིང་ཁར་ཐུལ་ཡོང་།

དབྱངས་ལ་བྲིས་པ།
 
དྲག་ཆར་བབས་ཤུལ་གྱི་ནམ་མཁའ་གཡའ་དག
རྒྱང་རིང་གི་རི་རྩེར་འཇའ་ཚོན་བབས་ནས་ངལ་གསོ།
གློག་སྐད་སྟེང་ལ་བབས་པའི་བྱིའུ་ཆུང་།
ཁེར་རྐྱང་གིས་ནགས་ཚལ་ཕྱོགས་སུ་ཡང་ཡང་ལྟ།

ཁྱོད་རང་ར་བ་འདི་དང་གྱེས་སོང་བ་བཞིན།
ངས་མཁའ་མཐའི་སྤྲིན་དཀར་ལ་ཅེར་ནས།
གཏམ་རྒྱུད་ནང་གི་ཆར་ཐིགས་རློན་པ་དང་ས་ལ་ལྷུང་བའི་མེ་ཏོག་གི་འདབ་མ་བཙལ།

ཆར་བ་དྲག་ཏུ་བབས་ཤུལ་གྱི།
ཉི་འོད་འཇམ་པོས་ང་ཡི་ཁེར་རྐྱང་གི་གྲིབ་གཟུགས་འཚོ་ཞིང་།
ནང་སེམས་ལྷོད་དུ་ཆགས་པའི་བདེ་སྣང་མཐོང་སྟེ།
སླར་ཡང་བརྩེ་དུང་གི་སྤང་ལྗོངས་སུ་ཁྲིད།

དུས་འདིར།
ཁྱོད་ཀྱིས་ང་དང་ཤིན་ཏུ་ཉེ་བའི་ཁང་མིག་ཅིག་ཏུ་གཙང་སྦྲ་བྱེད་ཞོར།
གཡའ་དག་པའི་ནམ་མཁའི་དབྱིངས་སུ་ཅེར་ཏེ།
ང་ཡི་དག་གཙང་གི་སྙན་ངག་ཀློག་བཞིན་ཡོད།

སྙིང་ཉེ་བའི་མི་ལགས།
སྤྲིན་དཀར་མཐོང་ཨེ་བྱུང་། དེ་ནི་ང་ཡི་སྙན་ངག་ཡིན།
ཆར་ཐིགས་རེག་ཨེ་སོང་།  དེ་ནི་ང་ཡི་བརྩེ་བ་ཡིན།

མཚོ་མཐར་བབས་པའི་ཁྲུང་ཁྲུང་མ་བུ།
 
ཁྲུང་ཁྲུང་མ་བུའི་ལྷིང་འཇགས་ཀྱིས་ང་རང་བཟི་ནས་ཡུན་རིང་འགོར།
དུས་འདིར། ཁེར་རྐྱང་ཟེར་བ་གནའ་བོའི་བྲག་བརྐོས་ཀྱི་རི་མོ་དེ་དག་ལས་མེད་པ་འདྲ།
ངས་གནའ་དཔྱོད་པ་དེ་དག་གི་དཀའ་ཚེགས་ནང་ལ་ལྷིང་འཇགས་མེད་པའང་དྲན་ཡོང་།
ནམ་མཁའ་དང་སྤྲིན་དཀར་གཤོག་ཟུང་དུ་བརྟེན་ཏེ་མཚོ་མཐར་བབས་འདུག
ན་འདམ་གྱི་དྲི་མ་རླུང་བུས་དཀྲོལ་ཞིང་།
རྩྭ་ལྗང་གི་འགུལ་བརྙན་སྙན་ངག་གིས་ཀློག
དུས་འདིར། ཁེར་རྐྱང་ཟེར་བ་ཚོར་ཤེས་ཀྱི་ཀློང་ནས་བརྡོལ་བའི་ཀུན་རྟོག་དང་འདྲ།
ཡོད་ཚད་ཕྲ་ཞིང་རིང་བ་སྟེ། སྐེ་དང་སུག་པ།
ཡོད་ཚད་སྙན་ཞིང་འཇེབས་པ་སྟེ། མཆུ་དང་མགྲིན་དབྱངས།
བརྩེ་དུང་གི་འདམ་ལ་ཟུག་སླ་བའི་རང་བཞིན་ལ་སྤྲས་པའི་ཁྱད་རྟགས།
མཐའ་མེད་པའི་ནམ་མཁས་ཡང་ཡང་ཀློག་ཅིང་འཚོ།
ཆར་ཤུལ་གྱི་ནམ་མཁའ་གཡའ་དག་པའི་ས་སྲོས་ཀྱི་ཉི་ཟེར་ཤིན་ཏུ་གཉོམ།
དཀར་ཞིང་གཙང་བའི་གཤོག་པའི་སྟེང་ལ་གསེར་སྐུད་ཕྲ་མོ་འཐེན།
ང་ཡི་རྡོག་སྒྲར་འདྲོགས་པའི་ཁྲུང་ཁྲུང་མ་བུ་དལ་གྱིས་མཁའ་ལ་འཕུར་དུས།
ཉི་མ་ནུབ་རིར་ཡོལ་བའི་མཚམས་སྤྲིན་དང་ཐོལ་གྱིས་ཕྲད།
གཤོག་ཟུང་ཕྲ་མོ་ཉི་ཟེར་གྱི་ཀློང་ལ་རྡེབ་གྱིན་ང་ཡི་མགོ་ཐོག་ནས་རྒྱང་ལ་འཕུར་སོང་།
གྱེས་བྲལ་གྱི་ཚིག་འབྲུ་མི་གོ་ཡང་མགྲིན་དབྱངས་ཀྱི་སྙན་པ་རིང་མོས།
ང་ལ་སྨྲེང་སེམས་ཀྱི་སྙན་ངག་ཁ་པོ་བསྐྱུར་བྱུང་།

ཁྱོད་རང་འདི་ནས་ལམ་དུ་ཆས་པ་ཡིན་ནམ།
 
ཁྱོད་རང་འདི་ནས་ལམ་དུ་ཆས་པ་ཡིན་ནམ།
མེ་ལོང་ནང་ལ་ཤིན་ཏུ་གསལ་བ་དེ་དག་ལས།
ཁྱོད་ཀྱི་དཀར་ནག་གི་མིག་ཟུང་གཏིང་ལ་འཁྱུག་པའི་རི་མོ་བརྗེད་མེད།

ཁྱོད་རང་ཐག་རིང་ལ་ཕྱིན་པ་མིན།
ར་བ་འདིའི་ཕ་རོལ་ཏུ་གྲོལ་བ་ཙམ་ལས་ཅི་ཡང་མིན།
གྲིབ་མ་ཉི་འོག་ཏུ་འཚོལ་རྒྱུ་མེད་པ་དེས།
འཇིག་རྟེན་མུན་པར་བརྫུས་པའི་སྡུག་བསྔལ་གྱི་ན་བུན་སེམས་སུ་འཐིབས་འདྲ།

བརྩེ་དུང་གི་གད་མོའི་ནང་ལ་འཚེར་བའི་འཛུམ་དཀར་ཀྱི་སྒྲ་དབྱངས།
ཆུ་ངོས་སུ་ལམ་ལམ་འཕྲོ་བའི་ཉི་རིས་དང་འདྲ་ཞིང་།
ཟླ་བ་ཁེར་རྐྱང་གིས་བྱང་སྐར་སྨེ་བདུན་འཚོལ་པ་དང་འདྲ།
བར་ཐག་ལ་དགུ་ཚིགས་སྐྱ་མོ་གླེང་མི་དགོས་རུང་།
འདས་སོང་གི་པང་ལ་བཏབ་པའི་མེ་ཏོག་གི་ལྡུམ་ར་ཁྲ་བོ་འབྲི་དགོས་ཡོད།

དངུལ་གྱི་གདུབ་གོར་ཞིག་དང་འདྲ་བའི་འཁོར་བ།
གསེར་གྱི་མཛུབ་དཀྲིས་ལྟ་བུའི་འཚོ་བ།
མི་ཡུལ་ན་གཡུ་དང་འདྲ་བའི་བརྩེ་དུང་དང་སྙན་ངག་ག་ཙམ་ཡོད་ཨང་།

བདེ་སྐྱིད་ཀྱི་རྐང་རྗེས་གང་སར་བྲིས་པའི་གྲུ་ཟུར་སོ་སོར།
གཏམ་རྒྱུད་ཀྱི་ཕྱེ་མ་ལེབ་ཁྲ་བོ་ཁྱུ་དང་ཁྱུ་བྱས་ནས་འཕུར་ཡོང་།
མཛེས་སྡུག་གི་བསུང་ངད་ཞིམ་པོ།
འཁོར་བའི་ཉིན་སྲིབ་གཉིས་ཀྱི་བར་དུ་ངང་གིས་ཐུལ་ཡོང་བ་མཛེས་ཨང་། །
འབྲེལ་ཡོད་འོས་སྦྱོར།