གྲུ་རིའི་དབུས་ཀྱི་གུ་གེའི་གནའ་ཤོན།
རྩོམ་པ་པོ།:པ་སངས་སྒྲོལ་དཀར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-24
ཀློག་གྲངས།:
གྲུ་རིའི་དབུས་ཀྱི་གུ་གེའི་གནའ་ཤོན།
པ་སངས་སྒྲོལ་དཀར།
ཉེ་བའི་ལོ་ཤས་རིང་ཆ་འཕྲིན་གྱི་འཕེལ་རྒྱས་དང་བསྟུན་ནས། ཡུལ་དུས་ཀྱི་བར་སྟོང་ཡོད་ཚད་རིམ་བཞིན་བསྐུང་པའི་སྣང་བ་ཞིག་དབང་མེད་དུ་འཆར་ཞིང་། ལོ་གོང་མར«སྒེར་རྩེ་འབྲོག་མོ»ཞེས་པའི་གླུ་གཞས་ཤིག་ཡུན་ཐུང་ཉིན་ཤས་རིང་དྲ་ལམ་བརྒྱུད་ས་ཁྱབ་རྡོ་ཁྱབ་ཏུ་སོང་རྗེས། སྟོད་མངའ་རིས་ཀྱི་དམངས་ཁྲོད་གླུ་གར་ཙམ་མ་ཟད། རང་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས། བསེ་འཁོར་གྱོན་ཆས་ཀྱང་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཞིང་། རིམ་བཞིན། གནའ་ཉམས་ཀྱིས་ཕྱུག་པའི་ཨ་ཅེ་འབུམ་པ་དང་། དགའ་སྐྱིད་སྤེན་པ་ལགས། ཨ་ཞང་ཏོག་ཏོག་སོགས་རྩྭ་མདའ་དང་སྤུ་རང་ཕྱོགས་ཀྱི་ཤོན་རེ་རེ་བཞིན། གངས་མཚོའི་འདབས་རོལ་ནས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་ཐུབ་པ་བྱུང་སྟེ། དེ་དང་འབྲེལ་བའི་དམངས་སྲོལ་རིག་གནས་ཀྱི་ཚ་རླབས་ཤིག་འགོག་མེད་དུ་འཕྱུར།
དེ་ལྟར་གནའ་བོའི་ཤོན་གྱི་གསོན་ཤུགས་ནི། དམངས་ཁྲོད་ཀྱི་ཨ་ཅེ་ལྷ་མོ་དང་། གར། བྲོ། གཞས་ཆེན། རལ་པ། ནང་མ་སྟོད་གཞས། སྒོར་གཞས་སོགས་དང་འདྲ་བར། རང་རང་གི་དམིགས་བསལ་ཁྱད་ཆོས་ངོམ་བཞིན། རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་པ་ལས་མངོན་པས། གནའ་བོའི་དུས་ནས་མཐོ་སྒང་གི་ཡུལ་ལུང་འདིར། གླུ་གར་གྱི་རྒྱ་མཚོ་ཞེས་བརྗོད་པ་ཡང་མིང་དོན་མཚུངས་པ་རང་དུ་ངེས།
དོན་དུ་ཡང་། ཤོན་ནི་ཞང་ཞུང་གི་སྐད་དེ་བོད་སྐད་དུ་གླུ་གར་ཞེས་པའི་དོན་དུ་གོ་བར་བརྗོད་ཅིང་། ངའི་བསམ་པར་འཇིག་རྟེན་གྱི་ཆགས་ལུགས་དང་། ཉི་ཟླའི་འཆར་ནུབ། འབྱུང་བཞིའི་འཕེལ་འགྲོས། དུས་བཞིའི་འགྱུར་བ་སོགས་བརྗོད་གཞི་གཙོ་བོར་བྱས་པའི་གླུ་གར་གྱི་རྣམ་པ་འདི་ཉིད་དུས་སྔ་མོ་ཞིག་ནས་མི་རྣམས་ཀྱིས་དམངས་ཁྲོད་ཆོ་གའམ་འདུ་འཛོམས་ཐོག་ཡིད་ཀྱི་དད་འདུན་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པར་ཚོད་དཔག་བྱས་ཆོག་པར་སྙམ།
ད་ཡོད་ཡིག་ཐོག་གི་དཔྱད་གཞི་ལྟར་ན། བོན་ཆོས་ཀྱི་དར་འཕེལ་དང་བསྟུན་ནས། སྟོན་པ་གཤེན་རབ་མི་བོ་ཆེ་གདན་འདྲེན་སྐབས་ཤོན་འཁྲབ་པའི་སྲོལ་ཡོད་པ་ནི། ཇི་ལྟར། «མི་ནུབ་མཚན་མདོ»ལས། བླ་ན་མེད་པའི་མཆོད་པ་ཡོངས་སུ་གཏོར་བའི་སྤྲིན་ཞེས་བྱ་བ་བཤམས་ནས། སྟོན་པ་ལ་ཕུལ་ཏེ། དེ་ཡང་མཚན་ལྡན་པའི་ཁྱེའུ་ཆུང་བཞིས་སྣ་དྲངས་ནས། སྔོན་དུ་མཆོད་པ་ཐམས་ཅད་ཀྱི་མདུན་དུ་འགྲོ་བ་ལྷའི་གར་མཁན་བཅུ་དྲུག་དང་ཁྱིའུ་བཞིའི་ཤུལ་མཚོན་ནས། ལ་ལ་ཞིག་ནི་གསལ་བའི་མགྲོན་མེ་ཐོགས་སོ། ། … …ལ་ལ་ཞིག་ནི་ཤོན་འཁྲབ་བོ། །ལ་ལ་ཞིག་ནི་བྲོ་བརྡུང་ངོ་། །ལ་ལ་ཞིག་ནི་གར་བྱེད་དོ། །ལ་ལ་ཞིག་ནི་གླུ་དབྱངས་ལེན་ནོ། །ལ་ལ་ཞིག་ནི་མཆོད་བརྗོད་བྱེད་དོ། །ཞེས་སོགས་འཁོད་པའམ། མཁས་དབང་ནམ་མཁའི་ནོར་བུའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»ཀྱི་ཁྲོད་དུའང་། ཤོན་རྩེད་མི་གྲངས་ཉི་ཤུ་ནས་བརྒྱ་སྐོར་བར་གང་ཡོད་ཚོ་གསུམ་དུ་བཅད་དེ་ལག་བསྣོལ་ནས་བསྒྲིལ་མ་ཟླུམ་སྐོར་ཕྱི་ནང་རིམ་པ་མི་མང་ན་གསུམ་དུ་བྱེད། ཤོན་དཔོན་དང་པོ་དེས་ལག་གཡས་ཀྱིསརྡོ་རཞེས་གཡག་དཀར་པོའི་རྔ་མ་དངུལ་གྱི་ཡུ་བ་ཅན་འཕྱར་བསྐོར་བྱེད་ཅིང་། རྔ་ཆེ་ཆུང་དང་། དུང་ཆེན། སུར་སྣ། འཁར་རྔ། སྦུབ་ཆེལ་སོགས་ཀྱི་སྒྲ་བཅས་ཁ་ནས་དབྱངས་དང་། རྐང་པའི་འགྲོས་ཀྱིས་གཡས་སྐོར་དུ་བསྐྱོད། ཅེས་དང་། འདི་ཡང་སྔར་དུས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་བསུ་སྐྱེལ་གྱི་སྐབས་རྣམས་སུ་ཡང་འདི་ལྟར་རྩེད་པའི་ལུགས་ཡོད་པ་ཡིན་ཏེ། ཞེས་སོགས་གསལ་བ་ལས་རིམ་བཞིན་གཡུང་དྲུང་ཤོན་རྩེད་ཅེས་གུས་ལུགས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཐུབ།
སྤྱི་ལོའི་དུས་རབས་བཅུ་པའི་ནང་། གུ་གེ་རྒྱལ་རབས་ཀྱི་སྟོབས་འབྱོར་རིམ་བཞིན་རྒྱས་པའི་དུས་དང་བསྟུན། གནའ་བོའི་ཤོན་འདི་ཉིད་མཛད་སྒོ་ཆེ་གྲས་ཀྱི་ཁྲོད་འཁྲབ་སྲོལ་བྱུང་ཞིང་། རིམ་བཞིན་ནང་དོན་གྱི་ཆ་ནས་ཀྱང་། གུ་གེའི་ཤོན་སྣ་བཅུ་གསུམ་ཞེས་གྲགས་པ་ཆེས་ཆེར་འཕེལ་ལ། ཇི་ལྟར་བྱ་འདུལ་འཛིན་ཟུལ་ཕུ་བ་ཆེན་པོས་བསྒྲིགས་པའི«ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་པ»ལས་ཀྱང་། སྤྱི་ལོལོར་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པའི་སྐོར་ལ། དེ་ནས་མཐོན་མཐིང་གི་གཙུག་ལག་ཁང་ཆེན་པོར་ཕྱགས་ཕབ་སྟེ། དེའི་དུས་སུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་བསུ་བ་ཆེན་པོ་བྱས་ཏེ། ར་དུང་འདི་ཡང་ལྷ་བཙུན་པའི་ཐུགས་ཀྱིས་དྲན་ནས་ལོ་པཎ་སྤྱན་འདྲེན་དུང་དུ་གྲགས་སོ།། ཞེས་སོགས་འཁོད་པའམ། གངས་རི་བ་ཆོས་དབྱིངས་རྡོ་རྗེས་བརྩམས་པའི«མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས»ལས་ནི། དེ་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་དཀར་སུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར། དེ་བཞིན་གླུ་གར་ཤོན་དང་རོལ་དབྱངས་སོགས་བཀྲ་ཤིས་པའི་ཤིས་བརྗོད་སྣ་ཚོགས་དང་བཅས་གཟབ་ཅིང་རྒྱས་པའི་ཕེབས་བསུ་ཞུས། ཞེས་པ་ལྟར་ན། སྐབས་དེར་ཤོན་ནི་ཆེས་མཐོའི་གུས་ལུགས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པར་ངེས་ལ། དེང་གི་ཆར་ཡང་གནའ་ཉམས་མ་དོར་བའི་འཁྲབ་ལུགས་ལ་གཞིགས་ན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། གནའ་བོའི་གླུ་གར་འདི་ཉིད་རྩྭ་མདའ་ཙམ་མ་ཟད། སྤུ་རང་དང་རུ་ཐོག་སོགས་མངའ་རིས་ཀྱི་རྒྱ་ཆེ་བའི་ས་གཞིའི་ཐོག་རྩ་བ་ཚུགས་ཤིང་། ཡལ་ག་ལོ་འདབ་རྒྱས་ཡོད།
གཅིག
ན་ནིང་ལོ་མཇུག་ཏུ་ལྗོངས་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཏག་ཏག་སྐབས་དེའི་ཚོགས་འདུའི་ཐོག་ཕ་ཡུལ་མངའ་རིས་རྩྭ་མདའ་ནས་ཡིན་པའི་ཤོན་གྱི་རྒྱུན་འཛིན་པ་རྫ་རོང་ཚེ་རིང་མཚོ་མོ་ལགས་མཇལ་བའི་གོ་སྐབས་བཟང་པོ་ཐོབ།ཚོགས་འདུའི་བར་མཚམས་སུ་ཁོང་གིས་ང་ཚོ་མི་རེར་གངས་ལྗོངས་སྒྲ་སྙན་གློག་རྡུལ་པར་སྐྲུན་ཁང་ནས་སྤེལ་བའི«གུ་གེའི་ཤོན»ཞེས་པའི་ཆེད་བསྒྲིགས་ཤིག་གནང་ཞིང་། ཚོགས་འདུའི་བགྲོ་གླེང་གི་སྐབས་སུ་ཡང་། གུ་གེའི་གནའ་ཤོན་གྱི་རྒྱུན་འཛིན་སོགས་ཀྱི་ཐད་རང་ཉིད་ཀྱི་བསམ་ཚུལ་ལྷུག་གླེང་གནང་། མ་གཞི་ངས་ཁོང་དང་ཤོན་གྱི་ལས་འབྲེལ་སྐོར་ལ་ཤེས་རྟོགས་བྱེད་པའི་འདུན་པ་རབ་ཏུ་འཕེལ་ཡང་། ཚོགས་འདུའི་བྲེལ་ཟིང་གི་བར་ནས་གོ་སྐབས་མ་ཐོབ།
འོན་ཀྱང་ངའི་བསམ་པར་ཁོང་དང་ངོ་ཤེས་བྱུང་བ་ནི་ཤོན་ལ་ཐད་ཀའི་རྒྱུས་ལོན་བྱེད་པའི་གོ་སྐབས་ལེགས་ཤོས་དེ་ཡིན་པས་ངས་ཅིས་ཀྱང་གོ་སྐབས་དེར་དམ་འཛིན་མ་ཞུས་ན་གང་ནས་འགྲིག
དེ་ལྟར་ཐེངས་ཤིག་གཟའ་མཇུག་དང་བསྟུན་ཚལ་གུང་ཐང་དུ་ཡོད་པའི་ཁོང་གི་གཟིམ་ཁང་དུ་བསྐྱོད། དང་ཐོག་བྱས་ན་ཐེངས་དེའི་བཅའ་འདྲིའི་ནང་དོན་ཁག་སྔ་དྲོའི་རིང་གྲུབ་པ་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། ཁོང་གི་སེམས་རྩ་འཁོལ་བའི་ཐུགས་གཤིས་དང་། དགའ་སྐྱོ་འདྲེས་མའི་མི་ཚེའི་གཏམ་རྒྱུད་རེ་རེའི་ཁྲོད་ངས་ཉིན་གཅིག་གི་དུས་ཚོད་ཇི་ལྟར་འདས་པ་ཡང་མ་ཚོར།
མ་གཞི་ཡུལ་དུ་དར་ཁྱབ་ཆེ་ཡང་། རྒན་རབས་ཤིག་གི་ཁྲིད་སྟོན་མེད་ན་ཆ་ལག་ཚང་བའི་ཤོན་གྱི་འགྲོ་ལུགས་གང་ནས་ཤེས། དེའི་ཐད་ཚེ་རིང་མཚོ་མོའི་ཕ་ནི་ཁོ་མོའི་དགེ་རྒན་ཐོག་མ་དེ་ཡིན་ཞེས་བརྗོད་ཆོག
སྐུ་ཚེ་གང་པོར་གནའ་བོའི་ཤོན་དང་མ་བྲལ་བའི་བགྲེས་སོང་ཁོང་གི་ངོས་ནས་བརྗོད་ནའང་། རིག་གནས་ཀྱི་གཅེས་ནོར་ལྟ་བུའི་ཤོན་འདི་ཉིད་ལ་རྒྱུན་འཛིན་པ་མེད་ན་གང་ནས་འགྲིག དེ་ལྟར་བུ་ཕྲུག་ཚོའི་ཁྲོད་ནས་གྲེ་བ་བདེ་ལ་གཞས་ཞབས་བྲོར་ལྷན་སྐྱེས་ཀྱི་དགའ་སྣང་ཡོད་པའི་ཚེ་རིང་མཚོ་མོར་ལོ་བཅུ་གསུམ་ཙམ་ནས་གནའ་བོའི་ཤོན་གྱི་ཚིག་དང་གདངས་རེ་རེ་བཞིན་སློབ་འགོ་ཚུགས།
ལོ་རེ་གཉིས་ཙམ་སློབ་གྲྭར་འགྲིམ་མྱོང་བའི་ཚེ་རིང་མཚོ་མོའི་ངོས་ནས་བརྗོད་ན། མ་གཞི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཚུགས་མེད་ཀྱང་། ཚིག་གི་ངེས་ཆའི་ཐད་པ་ཕའི་ཐུགས་ཡིད་རབ་ཏུ་མགུ། ཉིན་རེ་བཞིན་རྫི་བོར་བསྐྱོད་ཅིང་། མཚན་རེ་བཞིན་ཕའི་དྲུང་ནས་ཚིག་གདངས་རེ་རེ་བཞིན་སྦྱོང་རྒྱུ་ནི་འཆར་ཅན་གྱི་བཀོད་སྒྲིག་ལྟ་བུར་གྱུར་ལ། ཉིན་མོའི་ལས་ཀ་དཀའ་ལས་ཇི་ལྟར་ཆེ་ཡང་མཚན་མོའི་དུས་སུ་ཕའི་དྲུང་ནས་ཤོན་སྙན་པོ་དེ་དག་ཉན་རྒྱུ་ཡོད་པས། སྐབས་དེ་ནི་ཚེ་རིང་མཚོ་མོས་ད་ལྟའང་ཡང་ཡང་གླེང་བར་སྤྲོ་བའི་ཡིད་འོང་གི་དྲན་གསོ་ཞིག་ཅི་ལ་མ་ཡིན།
གལ་ཏེ་ཀློག་གི་ཡོན་ཏན་ཀློག་པ་རང་ཡིན་ན། གླུ་ཡི་ཡོན་ཏན་ཡང་ལེན་པ་རང་ཡིན་འོས་ཤིང་། སྐབས་དེའི་ཚེ་རིང་མཚོ་མོའི་ངོས་ནས་བརྗོད་ན། ཉིན་གང་གི་ལས་ཀ་ཤོན་གྱི་གདངས་དབྱངས་དང་མི་བྲལ་བ་ནི། མཐའ་བཞི་གཡའ་ཡིས་བསྐོར་བའི་ལུང་པ་ཆུང་ཆུང་འདིའི་སྣོད་བཅུད་ཀུན་གྱིས་ཁོ་མོའི་སྙིང་རུས་ལ་བདེན་དཔང་ཐུབ་པ་ལྟར་དུ་སྣང་ལ། ཆུང་དུས་ཀྱི་དྲན་པའི་ངོས་སུའང་། མཛད་སྒོ་ཐམས་ཅད་གླུ་ཡིས་སྣ་དྲངས་དགོས་པ་ནི་དཔེར་ན། འཛོམས་གླུ་དང་གྲལ་གླུ། རྟེན་འབྲེལ་བཅུ་གསུམ་ལྟ་བུ་རེད།
ངས་རྩོམ་ཐུང་འདི་འབྲི་བཞིན། ཁོ་མོའི་ངོས་ནས་བརྗོད་ན། ལོ་བཅུ་གསུམ་ནས་བཅོ་ལྔ་བར་ནི་ཤོན་ལ་བྱང་ཆ་སླེབས་པའི་དུས་སྐབས་དང་། སླར་ཡང་ཤོན་དང་ལས་འབྲེལ་ཚུགས་པའི་སྐབས་ནི་དེ་ནས་བརྩིས་པའི་ལོ་བཅུའི་རྗེས་ནས་གླེང་དགོས་པར་འདུག
དེ་ནིལོའི་ཉིན་ཞིག་སྟེ། བཟོ་པའི་ལས་གནས་ལས་གཤོལ་བའི་ཚེ་རིང་མཚོ་མོ་བཟའ་ཚོ་གཉིས་སྒར་རྫོང་མོན་འཚེར་ཤང་ནས་རྩྭ་མདར་ལོག ལོ་བཅུ་དྲུག་ལ་ཕ་ཡུལ་དང་ཁ་བྲལ་བའི་ཁོ་མོ་ད་ཆ་ཕྲུ་གུའི་ཨ་མ་ཆགས་ཟིན། མ་གཞི་ཁྱིམ་འཛིན་མ་ཞིག་གི་ངོས་ནས་རང་དགའ་རང་འདོད་དུ་འཚོ་བའི་དུས་ནི་སྔ་ས་ནས་ཡོལ་ཟིན་མོད། སླར་ཡང་ཆ་རྒྱུས་ཆེ་བའི་ཕ་ཡུལ་དང་། ན་ཚོད་སྨིན་པའི་ཕའི་དྲུང་དུ་ལོག་རྗེས། ཆུང་དུས་ཀྱི་བག་ཆགས་རེ་རེ་ནི་མངོན་མེད་ཀྱི་སྟོབས་ཤུགས་གང་གིས་སྐུལ་བ་ལྟར་རིམ་བཞིན་སད་ཅིང་། དེའི་ཁྲོད་ནས་ཚབ་མཚོན་དུ་འོས་པ་ནི་གནའ་བོའི་ཤོན་ལ་སློབ་གཉེར་བྱེད་པའི་དུས་དེ་རང་ཡིན་འོས།
དེ་རྗེས་ཀྱི་ལོ་གཅིག་ནི་ཚེ་རིང་མཚོ་མོས་ད་ལྟའང་མགྲིན་པ་བརྣངས་བཞིན་གླེང་བའི་ལོ་གཅིག་སྟེ། ལོ་དེར་ཕ་ལ་མི་འདོད་ནད་ཀྱིས་ཟིན་ནས་ཁོ་མོའི་ལྟ་རྟོག་འོག་རྫོང་མཁར་ནས་བསྡད། དེའི་རིང་བདག་ལ་སེམས་འགུལ་རབ་ཏུ་ཐེབས་པའི་དོན་ཞིག་ནི། ཕ་ཡིས་གཟུགས་པོ་བདེ་དུས། བསྐྱར་དུ་ཚེ་རིང་མཚོ་མོའི་ཤོན་གྱི་གདངས་དང་ཚིག སྟངས་སྟབས་སོགས་ལ་དག་བཅོས་ལན་ཤས་གནང་ཞིང་། མཚམས་རེ་ཚེ་རིང་མཚོ་མོའི་ཤོན་གྱི་སྟངས་སྟབས་ལ་གཟིགས་ཤིང་ཀོང་དུ་རྡིབ་པའི་སྤྱན་ཟུང་ལས་དགའ་སྤྲོའི་འོད་ཀྱིས་ཁེངས།
དེ་ལྟར་སྐུ་ཚེའི་མཐའ་མར་ཡང་ཕས་ཁོ་མོའི་གསོ་སྐྱོང་ལ་འཐུས་ཤོར་མེད་པ་གནང་ཡོད་ལ། ད་ཆ་ཚེ་རིང་མཚོ་མོས་ཀྱང་ཕའི་ཐུགས་རེ་བཞིན་གནའ་བོའི་ཤོན་རྒྱུན་འཛིན་གྱི་འཁུར་ཆེན་པོ་དེ་བླངས་ཡོད།
གཉིས།
ངས་ཤོན་ལ་རྒྱུས་ལོན་བྱེད་འགོ་བརྩམས་པ་ནི་སྟེས་དབང་རང་དུ་སོང་མོད། མངའ་རིས་སུ་བསྐྱོད་ནས་དེའི་ཤུལ་འཚོལ་བའི་གོ་སྐབས་ནི་ལྗོངས་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱིས་ཆེད་དུ་བསྩལ་བ་ཞིག་ལགས།འདི་ལོའི་དབྱར་གསེང་གི་ཚ་བ་ཤིན་ཏུ་ཆེ་བའི་ཕྱི་དྲོ་ཞིག་ལ། ང་དང་ལས་རོགས་ཚོ་སྤུ་རང་ནས་རྩྭ་མདར་འབྱོར། དེ་ཉིན་རྫོང་གཉིས་ཀྱི་བར་ལའང་ཆུ་ཚོད་འགའ་ཤས་འགོར་མོད། ལམ་བར་དུ་ཡངས་པའི་རྩྭ་ཐང་དང་། མུ་ལ་མུ་འཁྱུད་དུ་ཆགས་པའི་གྲུ་རིའི་མཛེས་ལྗོངས་སོགས་མིག་ཡིད་ཀྱི་དགའ་སྟོན་དུ་འཆར་ཞིང་། རྩྭ་མདའ་རྫོང་འདི་ཉིད་ཀྱང་གྲུ་རིའི་དབུས་སུ་ཉམས་དགའ་བར་གནས་པ་ནི། གུ་གེ་གཡའ་ཡིས་བསྐོར་ཞེས་པའི་ས་བབ་དེ་རང་དུ་སྣང་།
ང་རང་རྩྭ་མདར་བསྐྱོད་པའི་དམིགས་ཡུལ་ཆེ་ཤོས་ནི། ས་ཡུལ་དངོས་ནས་གུ་གེའི་ཤོན་ལ་རྒྱུས་ལོན་བྱེད་འདོད་པ་རང་ཡིན། དེའི་ཐད་ཀྱི་མཐུན་རྐྱེན་ཡག་ཤོས་ནི་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱི་རྒན་ལྷག་པ་བཀྲ་ཤིས་ལགས་ཀྱིས་ང་ལ་གུ་གེའི་ཤོན་གྱི་རྒྱུན་འཛིན་པ་དབྱངས་ཅན་ལགས་ངོ་སྤྲོད་གནང་།
སྐམ་ཤས་ཅུང་ཆེ་བའི་དབྱར་དུས་ཀྱི་དགོང་མོ་དེར། ངས་སྲང་ལམ་འགའ་ཤས་བརྒྱུད་མཐར་མཐོ་ལྡིང་གྲོང་རྡལ་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་ཡོད་པའི་དབྱངས་ཅན་ལགས་ཀྱི་ཁྱིམ་དུ་བསྐྱོད།
བཅར་འདྲིའི་འགྲོ་སྟངས་ཕལ་མོ་ཆེ་དང་འདྲ་བར་ངེད་གཉིས་ཀྱི་གཏམ་འགོ་ནི་མཚམས་སྦྱོར་མདོར་བསྡུས་ནས་གླེང་ཞིང་། ཁོང་ཡང་སེམས་རྩ་འཁོལ་ལ་ཁ་གསང་བས། ངས་ཤོག་ཐོག་གི་དྲི་བའི་གོ་རིམ་བཞིན་ལན་སྒུག་དགོས་གང་ཡང་མི་འདུག
འདི་ནས་བརྩིས་པའི་མི་ལོ་ཉི་ཤུ་ལྷག་གི་ཡར་སྔོན་དུ། དབྱངས་ཅན་ཡང་ན་སོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་སྟེ། ཕོ་བརྒྱ་སེམས་པ་ཤོར་བའི་བྱད་བཞིན་ཙམ་མ་ཟད། ལྷན་སྐྱེས་ཀྱི་གྲེ་བ་བདེ་པོ་ཞིག་ཀྱང་ཡོད་པས། ཕ་ཡུལ་དུ་དམངས་སྲོལ་ཆོ་ག་དང་། བག་མ་གཏོང་ལེན་སོགས་ཀྱི་སྐབས་རྒྱུན་པར་འཁྲབ་པའི་ཤོན་ལ་དགའ་དད་ཆེ་མོད། ཚིག་དང་གདངས་འགའ་རེ་ཙམ་ཤེས་པ་ཡང་རྨོ་བོ་དང་ཨ་མའི་བག་ཆགས་ཙམ་ལས། སྒྲིག་གཞི་ལྡན་པའི་སློབ་སྦྱོང་བྱེད་མྱོང་ལྟ་ཅི། ཕྱིན་ཆད་འདི་ལྟ་བུའི་གོ་སྐབས་ཐོབ་སྙམ་པ་བསམ་པའི་ཡུལ་ལའང་མེད།
དྲང་པོར་ཞུས་ན། དེ་དུས་དབྱངས་ཅན་དམངས་ཁྲོད་ཀྱི་རིག་རྩལ་འདིར་དགའ་བ་ཡང་ཁོར་ཡུག་གི་བག་ཆགས་རང་དུ་སོང་ཞིང་། ཁོང་དང་ཁོང་འདྲ་བའི་གཞོན་ནུ་མ་མང་པོ་ཤོན་ལ་དགའ་བ་ནི། ཁོང་གིས་ཡང་ཡང་གླེང་བའི་གཅེན་མོ་འཆི་མེད་སྒྲོལ་དཀར་ལྟ་བུ་རེད།
དེ་དུས་མཐོ་ལྡིང་དགོན་གྱི་བཅོ་ལྔ་མཆོད་པ་དང་། གྲོང་ཚོ་ཕན་ཚུན་བག་མ་གཏོང་ལེན་སོགས་དམངས་སྲོལ་གྱི་བྱེད་སྒོ་གང་ལ་ཞུགས་ཀྱང་། ན་གཞོན་ཚོའི་ཡིད་སྨོན་གྱི་མིག་ཟུང་དོ་དར་ཕྱོགས་ཏེ། མཚམས་རེ་གདངས་གསར་པ་རེའམ། ཚིག་དུམ་བུ་རེ་ཤེས་ཀྱང་ན་མཉམ་བར་གྱི་གླེང་གཞི་གཙོ་བོར་གྱུར།
དེ་ནས་མི་རིང་བར་གནའ་བོའི་ཤོན་འདི་ཉིད་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཐོ་གཞུང་དུ་ཚུད་པའི་ཆ་འཕྲིན་ཞིག་དང་ལྷན། མཐོ་ལྡིང་རང་ནས་ཡིན་པའི་བགྲེས་སོང་སྒྲོལ་དཀར་ལགས་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་གཞག་གི་རྣམ་གྲངས་གུ་གེའི་ཤོན་གྱི་དཔེ་མཚོན་རྒྱུན་འཛིན་པར་བདམས་ཐོན་བྱུང་།
ཐག་རིང་གི་གཏམ་བཟང་འདི་ནི་གཤོག་པ་ཐོགས་པ་ལྟར་གང་མགྱོགས་གནའ་བོའི་ཡུལ་ལུང་འདིའི་སྟོད་སྨད་ཀུན་ལ་ཁྱབ། མང་ཚོགས་ཚོའི་ངོས་ནས་དེ་ནི་གླེང་གཞི་ཆེ་བའི་དོན་ཆེན་ཞིག་སྟེ། དོན་དེ་བརྒྱུད་ཁོ་ཚོས་ཆ་རྒྱུས་ཆེ་བའི་དམངས་ཁྲོད་ཀྱི་ཤོན་ལ་བསྐྱར་དུ་བསམ་གཞིག་ཐེངས་གཅིག་བྱེད་དགོས་བྱུང་ཞིང་། ད་ཆ་ན་གཞོན་ཚོའི་ངོས་ནས་ཤོན་སྦྱོང་བ་ནི་དགའ་ཕྱོགས་ཙམ་གྱིས་མི་ཚད། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གྱི་དོན་སྙིང་ཡང་ལྡན་པས་སློབ་སྦྱོང་གི་སེམས་ཤུགས་དེ་བས་ཆེ་རུ་སོང་།
མ་གཞི་སྐབས་དེར་བགྲེས་སོང་སྒྲོལ་དཀར་ལགས་དགུང་ལོ་བརྒྱད་ཅུ་ལྷག་ལ་ཕེབས་ཟིན་ཡང་། ཁོང་གི་སེམས་ཤུགས་ནི་གཞོན་ནུ་ཚོ་ལས་ལྷག་ཅིང་། ལོའི་ལོ་མཇུག་ཏུ་དཔེ་མཚོན་རྒྱུན་འཛིན་པར་བདམས་ཐོན་བྱུང་བ་ནསལོར་ལམ་སེང་དགེ་ཕྲུག་བུ་མོ་དགུ་བསྡུས་པའི་ཁྲོད། དབྱངས་ཅན་དང་གཅེན་མོ་འཆི་མེད་སྒྲོལ་དཀར་ཡང་ཡོད།
མ་བསླབ་མཁས་པ་གཅིག་ཀྱང་མེད། བསླབས་ནས་མི་ཤེས་གཅིག་ཀྱང་མེད། དེའི་རྗེས་ཀྱི་ལོ་ཤས་ནི་དབྱངས་ཅན་དང་འཆི་མེད་སྒྲོལ་དཀར་གྱིས་གཙོས་པའི་གཞོན་ནུ་མ་ཚོས། བགྲེས་སོང་སྒྲོལ་དཀར་ལགས་ཀྱི་སྐུ་མདུན་ནས་གོ་རིམ་ལྡན་པའི་ངང་གུ་གེའི་ཤོན་སྣ་ཁག་ལ་སློབ་སྦྱོང་བྱེད་པའི་སྐལ་བཟང་གི་དུས་ཏེ། ཉིན་རེ་བཞིན་རང་རང་གི་ཁྱིམ་ལས་དང་། དགོང་རེ་བཞིན་བགྲེས་སོང་གི་ཁྱིམ་དུ་འདུས་ནས་ཤོན་སྦྱོང་བའི་འདས་དོན་ནི་དབྱངས་ཅན་གྱི་མི་ཚེའི་ཁྲོད་བརྗེད་དཀའ་ཤོས་ཀྱི་དུམ་བུ་ཞིག་ལགས།
དགེ་རྒན་འགན་སེམས་ཆེ་ལ། དགེ་ཕྲུག་ཚོའང་བརྩོན་སེམས་ཆེ་བས། དུས་ཡུན་རིང་པོ་མ་སོང་བར་ཁོ་ཚོས་གུ་གེའི་ཤོན་སྣ་དགུ་ཙམ་སྣང་དོགས་ཅི་ཡང་མེད་པར་གཏོང་ཤེས་པ་དང་འཁྲབ་ཀྱང་ཤེས་ཀྱི་ཡོད།
རིམ་བཞིན་འགྲིམ་འགྲུལ་གྱི་སྟབས་བདེ་དང་བསྟུན། ས་ཕྱོགས་གང་སར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བའི་སྐབས་སུ། གུ་གེའི་གནའ་ཤུལ་དང་། གནའ་བོའི་ཤོན། མཐོ་ལྡིང་དགོན་པ། གྲུ་རིའི་མཛེས་ལྗོངས་སོགས་ཀྱི་འགུག་ཤུགས་ལ་བརྟེན་ནས་རྩྭ་མདའི་མིང་གྲགས་ཀྱང་ལམ་ཐག་གིས་འགོག་ཐུབ་པ་ཞིག་ག་ལ་ཡིན་ཏེ། ཉིན་རེ་བཞིན་ཡུལ་སྐོར་བའི་མི་གྲངས་ཇེ་མང་དུ་འཕེལ་བཞིན་ཡོད།
སྐབས་དེར་གནའ་བོའི་ཤོན་ནི་ཡུལ་འདིའི་མིང་བྱང་ལྟ་བུ་དང་། ཁོ་ཚོ་ནི་རིག་གནས་རྒྱུན་འཛིན་པ་ཞིག་གི་ངོས་ནས། གུ་གེའི་གནའ་ཤུལ་དང་། མཐོ་ལྡིང་དགོན་པའི་རྡོ་གཅལ་སོགས་སུ་ཤོན་འཁྲབ་པ་གྲངས་ལས་འདས་ཤིང་། སྐབས་དེར་བྲེལ་འཚུབ་ཆེ་ལ། ཁྱིམ་ལས་ལའང་འཐུས་ཤོར་གང་ཙམ་འགྲོ་མོད། ན་ཚོད་རབ་ཏུ་སྨིན་པའི་བགྲེས་སོང་སྒྲོལ་དཀར་ལགས་ཀྱང་བྱེད་སྒོ་དེ་དག་ནང་ཞུགས་གང་ཐུབ་གནང་གི་ཡོད་པས། ཁོ་མོ་ཚོས་ཕྱི་བཤོལ་བྱེད་པའི་བབ་འོས་ཅི་ལ་མཆིས།
དུས་ཀྱི་འཕེལ་འགྲོས་ནི་དལ་མེད་རྟག་ཏུ་འབབ་པའི་གླང་ཆེན་གཙང་པོ་བཞིན། སྔོན་ཆད་ལོཙམ་བར་འབྲོག་སར་འཚོ་བའི་དབྱངས་ཅན། རྩྭ་རང་ནས་རྫོང་གྲོང་དུ་སྤོས་ནས་ལོ་ངོ་བདུན་བརྒྱད་ཙམ་འདས་མོད། འགྱུར་ཟིན་པ་ནི་འཚོ་བའི་གནས་སྟངས་ཙམ་ལས་ནམ་ཡང་མི་འགྱུར་བ་ནི་ཁོ་མོས་གནའ་བོའི་ཤོན་ལ་བཅངས་པའི་དགའ་ཞེན་དེ་ལགས།
བཀའ་དྲིན་ཆེ་བའི་བགྲེས་སོང་སྒྲོལ་དཀར་ལགས་དགོངས་པ་རྫོགས་ནས་ལོ་གསུམ་ཙམ་འདས་ཟིན་ལ། ན་ནིང་ནས་དབྱངས་ཅན་ཡང་ས་ཁུལ་རིམ་པའི་རྒྱུན་འཛིན་པར་ཚུད། དེའི་ཐད་དབྱངས་ཅན་གྱིས་ཞལ་གསང་པོས་ང་ལ་གསལ་བཤད་ལན་ཤས་གནང་བ་ནི། མ་གཞི་བྱས་ན་བསླབ་པ་རྒན་གཞོན་དང་གང་སྤྱིའི་ཆ་རྐྱེན་ངོས་ནས་གཅེན་མོ་འཆི་མེད་སྒྲོལ་དཀར་བགྲེས་སོང་གི་སློབ་མའི་རྩེ་ཕུད་ཡིན་ཡང་། ཕྱིས་སུ་རྒྱུན་འཛིན་གྱི་ལས་འགན་གཙོ་བོ་དེ་ན་ཚོད་ཅུང་གཞོན་པའི་དབྱངས་ཅན་ལ་གནང་། ངའི་བསམ་པར་རིག་གནས་ཤུལ་གཞག་རྒྱུན་འཛིན་པ་ཞིག་གི་ངོས་ནས་དཀྱེལ་ཡངས་ཆེན་པོས་ཤོན་གྱི་རྒྱུན་འཛིན་ལ་དགོངས་པ་བཞེས་ཐུབ་པ་དང་། ད་ལྟ་དབྱངས་ཅན་གྱིས་དྲང་པོའི་ངག་གིས་དེའི་སྐོར་གླེང་སྐབས་ས་ཆ་འགར་རྒྱུན་འཛིན་པའི་མིང་སྟོང་ཙམ་ལ་ཡང་ཧབ་ཐོབ་བྱེད་པའི་སྣང་ཚུལ་དང་བསྡུར་ན་མིག་དཔེར་འོས་པ་རང་དུ་མཐོང་།
ད་ཆ་དབྱངས་ཅན་གྱིས་སྣེ་ཁྲིད་པའི་ཤོན་གྱི་ཚོགས་པའི་ནང་དང་ཐོག་དགེ་རྒན་སྐབས་ཀྱི་སློབ་གྲོགས་ཕུད། རང་ཉིད་ཀྱི་དགེ་ཕྲུག་རེ་གཉིས་བཅས། འཁྲབ་སྟོན་ཆེ་ཕྲ་ཀུན་ལ་ཞུགས་ཐུབ་པའི་རྒྱུན་འཛིན་པ་ཁག་ཅིག་གསོ་སྐྱོང་ཐུབ་ནས། ལྷ་སའི་ཞོ་སྟོན་དང་། མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་སྒྱུ་རྩལ་དུས་ཆེན། རྩྭ་མདའ་རྫོང་གི་དངོས་མིན་རིག་གནས་ཤུལ་གཞག་འཁྲབ་སྟོན་མཚན་ཚོགས་སོགས་སུ་ཞུགས་མྱོང་ལ། ཉེ་བའི་ལོ་ཤས་རིང་རྩྭ་མདའ་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་ལ་སློབ་ཁྲིད་བྱས་པ་ཕུད། འདི་ལོ་དབྱངས་ཅན་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་ཁྲིད་ལ་བསྐྱོད་རྒྱུའི་འཆར་གཞི་སོགས་ལ་ཉན་བཞིན། སྔོན་ཆད་བགྲེས་སོང་སྒྲོལ་དཀར་ལགས་ལ་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་ཡིད་ལ་ལྷང་གིས་དྲན་པ་ནི། གསར་འགོད་པས་ཁོང་ལ་བུ་ཕྲུག་ཡོད་མིན་འདྲི་སྐབས། ཁོང་གིས་ང་ལ་བུ་རྒྱུད་མེད་ཀྱང་ཡུལ་འདིར་བུ་རྒྱུད་ཡོད་པས། ཁོ་པ་ཚོས་རྒྱུན་འཛིན་བྱེད་ངེས་རེད་ཅེས་གསུངས་པའི་བཀའ་མོལ་དེ་རེད།
གསུམ།
རྩྭ་མདའི་ཆར་ཆུ་དཀོན་པའི་དབྱར་གཞུང་འདིར། ངས་གུ་གེའི་གནའ་ཤུལ་གྱི་རྡོ་སྐས་རེ་རེ་བཞིན་གྱེན་དུ་འཛེགས། སྐམ་ཤས་ཆེ་བའི་ཡུལ་འདིའི་ཕང་བ་ན་ང་དང་འདྲ་བའི་ཡུལ་སྐོར་བ་ཚོའི་གདོང་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར་ཞིང་། དུམ་བུ་དུམ་བུར་བྱས་པའི་རྡོ་སྐས་ཀྱི་གདང་བུའི་ཐོག ང་ཚོ་ཕལ་མོ་ཆེའི་གོམ་འགྲོས་ཤིན་ཏུ་དལ།མ་གཞི་ང་རང་ལོ་རྒྱུས་ཐད་སྦྱངས་པ་ཆུང་བས། གུ་གེའི་ལོ་རྒྱུས་ཀྱང་རབ་རིབ་ཙམ་ལས་ཐོས་བསམ་དབེན་མོད། མཚམས་དེར་ལོ་ངོ་བདུན་བརྒྱ་ལ་ཉེ་བའི་ལོ་ཟླའི་ཆར་རླུང་བརྒྱུད་པའི་བརྗིད་ཆགས་གནའ་ཤུལ་འདིའི་ཁྲོད། འཆར་སྣང་སྣ་ཚོགས་ཀྱི་ཀློང་དུ་ཚུད།
འབྲེལ་ཡོད་ལོ་རྒྱུས་དཔྱད་གཞི་ལྟར་ན། མངའ་རིས་གུ་གེའི་རྒྱལ་རབས་ནི་རྒྱལ་པོ་གླང་དར་གྱི་གདུང་རྒྱུད་མངའ་བདག་འོད་སྲུང་ནས་མཆེད་པ་ཞིག་སྟེ། དེ་ནི་བོད་སིལ་བུའི་སྐབས་སུ་མངའ་བདག་འོད་སྲུང་གི་དབང་སྒྱུར་ས་གནས་རིམ་བཞིན་སྟོད་ཕྱོགས་སུ་འཕོ་འགྱུར་བྱུང་བ་དང་། ཁོང་གི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པའི་བར་པ་བཀྲ་ཤིས་མགོན་གྱིས་སྤྱི་ལོཡས་མས་སུ་མངའ་རིས་གུ་གེར་རྒྱལ་ས་བཟུང་སྟེ། རིམ་གྱིས་དེང་གི་རྩྭ་མདའ་རྫོང་ལྟེ་བར་བྱས་ཐོག སྤུ་རང་སོགས་མངའ་རིས་ལྷོ་རྒྱུད་ཀྱི་ཡུལ་དག་ལ་དབང་སྒྱུར་བ་ནས། གུ་གེའི་རྒྱལ་རབས་ཉི་ཤུ་ལྷག་བརྒྱུད་སྤྱི་ལོལོ་བར་ཧ་ལམ་ལོ་ངོ་བདུན་བརྒྱ་ལ་ཉེ་བའི་རིང་། ཡུལ་དེའི་ས་གནས་རྒྱལ་པོ་བྱས་པའི་རྒྱལ་རབས་སམ་རྒྱལ་རྒྱུད་ལ་གོ་དགོས་པར་འཁོད།
ཞིབ་ཏུ་ན། «མངའ་རིས་ཆོས་འབྱུང»དུ། གུ་གེའི་མཁར་དེ་ཤིན་ཏུ་བཙན་ཞིང་དགྲ་བོས་གནོད་པ་ཡེ་ནས་བསྐྱལ་མི་ཐུབ་པའམ་དུས་གཏན་དུ་རྦད་དེ་བློས་འགེལ་ཐུབ་པ་ཡོད་གཤིས། མཁར་དེའི་མིང་ལ་གུ་གེའི་བློས་ཐུབ་མཁར་ཞེས་དང་། དེའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་བརྒྱད་ཅུ་ལྷག་ཙམ་ཡོད་པ་ལ། ཁང་གོག་ལྔ་བརྒྱ་ལྷག་ཙམ་དང་ས་ཕུག་བརྒྱད་བརྒྱ་དགུ་བཅུ། ལྕོག་ལྔ་བཅུ་ང་བརྒྱད། ས་འོག་འགྲུལ་ལམ་སྦུབས་དོང་ལྔ་སོགས་ཡོད་པར་གསལ་ཡོད།
ཉི་མའི་ཚ་གདུག་འོག་ངས་མུ་མཐུད་གོམ་པ་རེ་རེ་བཞིན་མདུན་དུ་སྤོ་བཞིན། དབུགས་ཧལ་ཧལ་ངང་ལྷ་ཁང་དམར་པོའི་མདུན་དུ་འབྱོར་སྐབས། ཡུལ་སྐོར་བ་མང་པོ་ཞིག་ནང་སྒོའི་གཡོན་ཕྱོགས་སུ་རུབ་ནས་འདུག་ཅིང་། འཚང་ཁའི་ཁྲོད་ངས་ཀྱང་སྐེ་བསྣར་ནས་ལྡེབས་རིས་དེ་དག་མཇལ་སྐབས། ཏག་ཏག་གྱང་ངོས་ཡོངས་མཐོང་དཀོན་པའི་དམངས་སྲོལ་རིག་གནས་ཀྱི་སྟོན་མོ་ཆེན་པོ་ཞིག་ཡིན་པའི་ངེས་ཤེས་ཡོངས་སུ་འདྲོངས།
ལྡེབས་རིས་དེ་ནི་ང་རང་ཐེངས་འདིར་གུ་གེའི་གནའ་ཤུལ་དུ་བསྐྱོད་པའི་དམིགས་ཡུལ་གཙོ་བོ་སྟེ། ཉེ་བའི་ལོ་ཤས་རིང་མངའ་རིས་ཀྱི་རིག་གནས་སྒྱུ་རྩལ་འདི་ཉིད་ལ་སྔོག་འདོན་གང་ལེགས་ཐུབ་ནས། ལོར་མངའ་རིས་ས་ཁུལ་ཞང་ཞུང་སྒྱུ་རྩལ་ཚོགས་པས་སྣེ་ཁྲིད་འཁྲབ་སྟོན་བྱས་པའི་དངོས་ལྗོངས་གླུ་གར«ཞང་ཞུང་གི་འབྱུང་ཁུངས། གུ་གེའི་གནའ་སྲོལ»ཞེས་པའི་གསར་རྩོམ་གྱི་མ་དཔེ་ཡང་ལྷ་ཁང་དམར་པོའི་ལྡེབས་རིས་འདི་རང་དུ་སྣང་ཞིང་། ལྡེབས་རིས་ཀྱི་ཆ་ཤས་ཕལ་ཆེར་དྲ་ཐོག་ཏུ་ཁྱབ་མོད། ཡུལ་དངོས་སུ་མཇལ་ན་གསོན་ཉམས་ལྷག་པར་དོད།
ལྡེབས་རིས་སྤྱིའི་ནང་དོན་གྱི་ངོས་ནས། དང་ཐོག་མི་ཤུགས་དང་སྒོ་ཟོག་སེམས་ཅན་ལ་བརྟེན་ནས་ཚ་ཚ་འུར་འུར་ངང་ཨར་སྐྲུན་གྱི་ཤིང་ཆ་འདི་གར་དབོར་ཡོང་བའི་རྣམ་པ་དང་། རིམ་བཞིན། ཟབ་རྒྱས་ཀྱི་ཕེབས་བསུ་དང་སྟོན་མོའི་རྣམ་པ་སྟེ། འཁྲབ་སྟོན་གྱི་རྣམ་པར་སེང་འཆམ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་ཕུད། མིང་དུ་གྲགས་པའི་རྟའི་ཞབས་བྲོ་དང་། དེ་མིན་བུད་མེད་གར་མ་བཅུ་ལས་གྲུབ་པའི་ཤོན་གྱི་ཞབས་བྲོ་སོགས་འདུག
མ་གཞི་ལྡེབས་རིས་ཁྱོན་གྱི་རྣམ་པ་ནི། ལྷ་སྐུ་དང་གུ་གེའི་རྒྱལ་རྒྱུད་སྐུ་འཁོར་ཕྱི་མགྲོན་དང་བཅས་པ། དེ་མིན་ཡང་སྤུས་ལེགས་ཀྱི་བུམ་པ་དང་གཡུ་བྱུར་དོ་ཤལ་གྱི་འབུལ་བ་སོགས་འདི་གའི་ཕོ་ཉ་འགྲོ་འོང་དང་། རིག་གནས་སྤེལ་རེས། དམངས་སྲོལ་རྒྱན་གོས་སོགས་ཀྱི་ཆ་ནས་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་སྨྲས་མི་དགོས་ཀྱང་། ངའི་གསོན་ཤུགས་བྲལ་བའི་ཐ་སྙད་སྐམ་པོ་ཙམ་གྱིས་དེའི་ཡོད་ཚད་མཚོན་པར་མི་ནུས་པས། དོ་སྣང་བྱེད་ཡུལ་སླར་ཡང་ཤོན་དེ་རང་ལ་བབས།
མཐའ་འཁོར་གྱི་མི་རྣམས་རིམ་བཞིན་ལྟ་སྐོར་གྲུབ་ཀྱང་། ང་ནི་མུ་མཐུད་ལྡེབས་རིས་དེའི་མདུན་དུ་ལངས་ནས་ཡུན་རིང་ལྟ་གིན་བསྡད། རི་མོའི་ཐོག་གར་མ་བཅུ་པོའི་བཞིན་ལས་སྒེག་པའི་ཉམས་ཀྱིས་ཕྱུག་ཅིང་། ཞབས་བྲོའི་སྟངས་སྟབས་གསོན་ཉམས་དོད། དེ་བས་ཁོ་ཚོའི་ལུས་ཀྱི་གྱོན་པའི་ཁ་དོག་དམར་ནག་སྤེལ་མ་ལས། བཀོད་མཛེས་ཡིད་འོང་གི་མཛེས་པ་ཞིག་མངོན་ལ། སྐབས་དེའི་གུ་གེའི་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱབ་ལྗོངས་འོག ཁོ་ཚོས་འཁྲབ་པ་ཡང་གུ་གེའི་ཤོན་སྣ་གང་རུང་ཡིན་པའི་ཚོད་དཔག་བྱས་ཆོག་པ་དང་། ལྟ་བཞིན་ལྟ་བཞིན་ལུས་ཀྱི་ཆ་བྱད་དང་གདོང་གི་རྣམ་འགྱུར་གང་གི་ཆ་ནས་ཀྱང་། གསོན་ཤུགས་རབ་ཏུ་རྒྱས་པ་ནི། ལོ་ཟླའི་ཆར་རླུང་བརྒྱུད་པའི་སྣང་བ་གང་ཡང་མ་མཆིས།
དོན་དངོས་ཐོག་ལྷ་ཁང་དམར་པོ་ནི། གུ་གེ་རྒྱལ་པོ་བློ་བཟང་རབ་བརྟན་པའི་བཙུན་མོ་དོན་གྲུབ་མས་མཆོད་ཁང་དམར་པོ་ཀ་བ་སུམ་ཅུའི་ཁྱོན་ལྡན་བཞེངས་པའི་སྐོར་བཻ་སེར་སོགས་སུ་འཁོད་པ་ལྟར་ན། ཕལ་ཆེར་དུས་རབས་བཅོ་ལྔའི་དུས་མཇུག་གམ་དུས་རབས་བཅུ་དྲུག་གི་དུས་སྟོད་ཙམ་དུ་བརྩི་ལ། ངས་ན་ནིང་ནས་བོད་ཀྱི་རི་མོའི་བྲིས་རྒྱུན་ཁག་ལ་རྒྱུས་ལོན་ཅུང་ཙམ་བྱས་པའི་ཉམས་མྱོང་ལྟར་ན། ལོ་རྒྱུས་དོན་བརྗོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལྡེབས་རིས་འདི་རིགས་ནི། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་སོགས་རེ་གཉིས་ཕུད་ཕལ་ཆེར་དཀོན་ཞིང་། སྤྱིར་གཟབ་རྒྱས་ཀྱི་ཕེབས་བསུའི་རྣམ་པ་ནི། ཇོ་བོ་རྗེ་མངའ་རིས་སུ་ཕེབས་སྐབས་ཀྱི་རྣམ་པར་ངོས་འཛིན་སྲོལ་ཡང་མངའ་བས། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དཀོན་ཙམ་ཡིན་པའི་གུ་གེའི་གནའ་ཤུལ་ཙམ་མ་ཟད། གནའ་བོའི་ཤོན་གྱི་ངོས་ནས་བལྟས་ནའང་དཔྱད་གཞིའི་རིན་ཐང་ཆེ་ཙམ་ལྡན་ཡོད།
བཞི།
ཉེ་ལམ་དམངས་ཁྲོད་དུ་རྩོམ་རྒྱུ་འཚོལ་བསྡུར་བསྐྱོད་ཐེངས་རེ་རེ་བཞིན། རིག་གནས་ཀྱི་རྣམ་པ་གང་ཞིག་ཡིན་ཡང་ཡུལ་ལུང་སོ་སོའི་འཚོ་གནས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་མཆིས་པའི་ངེས་ཤེས་ཇེ་བརྟན་དུ་འགྲོ། དེའི་ཐད་མངའ་རིས་སུ་ཁ་བབ་རྣམ་བཞིའི་ཆུ་རྒྱུད་རིག་གནས་ཙམ་མ་ཟད། གླང་ཆེན་ཁ་བབ་དང་རྨ་བྱ་ཁ་བབ་ཀྱི་བཞུར་རྒྱུན་གཅིག་ཏུ་ཆགས་པའི་གྲོང་ཚོ་དང་གྲོང་ཚོའི་བར་ལའང་། ཤོན་གྱི་གདངས་དབྱངས་དང་། ཤོན་ཆས་སོགས་ལ་རང་རང་སོ་སོའི་དམིགས་བསལ་ཁྱད་ཆོས་ལྡན་པ་ནི། ངའི་བསམ་ཚོད་ལས་ཡོངས་སུ་འདས།དེ་ནི་ཇི་ལྟར་གཏམ་རྒྱུད་གསེར་ཐང་ལས། དབུས་གཙང་ཕྱོགས་ནི་ཡུལ་གྲུ་ཆེ་བས་སྤྱོད་ལམ་དང་སྐད་ལུགས་ཆས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། སྐད་ཀྱང་ཨ་མདོ་དང་མི་འདྲ། ཆས་ཀྱང་མི་འདྲ་ཡང་། སྟོད་མངའ་རིས་དང་རྒྱ་གར་མཚམས་ཀྱི་མཐའ་ན་གནས་པའི་ཡུལ་ཆུང་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་དཔྱངས་ཏེ་དེར་གཡུ་བསྒྲིགས་པ་ཨ་མདོ་དང་འདྲ། ཐ་ན་གླུ་ལེན་སྟངས་ཀྱང་དབུས་པའི་གཞས་ལྟ་བུ་མ་ཡིན་པར་ཁམས་དང་ཨ་མདོ་བཞིན་གདངས་རིང་པོ་འཐེན་ཏེ་ལེན། ཞེས་སོགས་འཁོད་པ་ལྟར། ཤོན་ནི་སྤྱིར་གཞས་གདངས་རིང་ལ། ཚིག་ལ་ཁྱད་པར་དེ་ཙམ་མེད་མོད། ཡུལ་ལུང་སོ་སོའི་དབྱངས་ཀྱི་འགུག་སྟངས་ལ་ཁྱད་པར་ཅུང་ཟད་མཆིས་ཤིང་། སྲོལ་རྒྱུན་གྱི་འཁྲབ་སྲོལ་ལྟར་ན། སྤྱིར་རྒྱབ་ཤོན་དང་མདུན་ཤོན། གར་མ་ཤོན་གསུམ་དུ་དབྱེ་ཞིང་། གར་མ་ཤོན་ནི་གར་མཁན་རྣམས་ཀྱི་ལག་པ་སྦྲེལ་མི་དགོས་པས་གླུ་དུམ་བུ་ཞིག་བླངས་རྗེས་བརྡ་རྔའི་སྒྲ་ལ་དཔག་པའི་འཁྲབ་གྱེར་བྱེད་པ་དང་། རྒྱབ་ཤོན་དང་མདུན་ཤོན་ནི། གར་མཁན་རྣམས་ཀྱི་ལག་པ་བསྣོལ་ནས་སྦྲེལ་དགོས་པ་དང་། རྒྱབ་ཤོན་ལ་དལ་གཞས་ལས་འཁྲུག་གཞས་མེད་ལ། མདུན་ཤོན་ལ་དལ་གཞས་དུམ་བུ་འགའ་ཤས་ཀྱི་རྗེས་འཁྲུག་གཞས་འཁྲབ་སྲོལ་མཆིས་པ་ནི། དབུས་ཁུལ་གྱི་གཞས་ཆེན་དང་ཡང་འདྲ་ལ། ཕལ་ཆེར་རྒྱབ་ཤོན་དང་བསྡུར་ན་ཅུང་འཁྲབ་བདེ་བས་ཡིན་ཡང་སྲིད།
དེང་གི་ཆར་སྤྱིར་གར་མཁན་གྱི་གྲངས་ཚད་ཐད་བདུན་ནས་དགུ། བཅུ་གཅིག་ལྟ་བུ་ཡ་གྲངས་དང་། སྐོར་བ་གཡོན་སྐོར་ཁོ་ནར་འགྲོ་སྲོལ་མཆིས་པ་ཡང་། རྐང་པའི་གདེགས་འཇོག་གཡུང་དྲུང་བོན་སྐོར་དུ་བསྐྱོད་པ་དང་། བྲོ་རོགས་ཕན་ཚུན་གཡུང་དྲུང་ལག་སྦྲེལ་གྱི་ཚུལ་དུ་བྱེད་པའི་གཡུང་དྲུང་ཤོན་རྩེད་ཀྱི་སྲོལ་དེ་རང་འཛིན་པ་ཡིན་སྲིད་ཀྱང་། སྔ་མོའི་ལྡེབས་རིས་དང་ཡིག་ཐོག་གི་དཔྱད་གཞི་ཁག་ལ་གཞིགས་ན། ཕོ་མོའི་དབྱེ་བ་དང་གྲངས་ཚད་སོགས་ཀྱི་ཐད་མཐའ་གཅིག་ཏུ་ངེས་པ་ཡོད་མེད་ཁ་ཚོན་གཅོད་དཀའ་བ་ནི། གཡུང་དྲུང་ཤོན་རྩེད་འདི་ཉིད་ལའང་། དུས་རབས་བདུན་པ་དང་། དགུ་པ། བཅུ་བདུན་བཅས་སུ་བཅོས་བསྒྱུར་ཐེངས་གསུམ་ཙམ་བྱུང་བར་གསལ་བས། དེའི་ཐད་དུས་རབས་མི་འདྲ་བའི་ཁྲོད་རིག་གནས་ཀྱི་འགྱུར་བ་དང་བསྟུན་ནས་འཕོ་འགྱུར་འགྲོ་སྲིད་པ་ཡང་ཆོས་ཉིད་ལས་མ་འདས།
རམ་སྐྱོར་རོལ་ཆ་གཙོ་བོ་ནི། བརྡ་རྔ་དང་སུར་སྣ་ཡིན་ཞིང་། དེས་ཤོན་སྤྱིའི་གཅོད་མཚམས་དང་གར་མཁན་ཚོའི་ལུས་ཀྱི་སྟངས་སྟབས་སོགས་ལ་གལ་ཆེའི་ནུས་པ་ཐོན་པ་དང་། ནང་དོན་གྱི་ཆ་ནས་ཀྱང་། ཡུལ་དུས་ཀྱི་བར་སྟོང་ཆེན་པོ་ཞིག་མཚོན་པ་ཙམ་མ་ཟད། སྣོད་བཅུད་རྟེན་ཅིང་འབྲེལ་བའི་བསམ་བློ་རྒྱ་ཆེན་པོ་ཞིག་མཚོན་པའི་སྣང་བ་རྟག་ཏུ་འཆར་ཏེ། དཔེར་ན། «རྟེན་འབྲེལ་བཅུ་གསུམ»ཞེས་པའི་གཞས་ཚིག་ཏུ། གསུང་མཐོ་པོ་ན་དགུང་སྔོན་མཐོན་པོ་ཀུན་མཐོ་བྱུང་།
བཞུགས་ན་ཉི་ཟླ་གཉིས་པོ་ཀུན་ནི་བཞུགས། །
འཛོམས་ན་རྒྱུ་སྐར་འཛོམས་པོ་ཀུན་ནི་འཛོམས། །
སྒྲིག་ན་དང་པོའི་རྟེན་འབྲེལ་ཀུན་ནི་སྒྲིག །
སྒྲིག་ན་རྟེན་འབྲེལ་དང་པོ་ཀུན་ནི་སྒྲིག །ཅེས་རིམ་པ་བཞིན། གངས་སྟོད་མཐོན་པོ་དང་། བྲག་སྟོད་མཐོན་པོ། རྫ་སྟོད་མཐོན་པོ། སྐུ་མཁར་མཐོན་པོ། མཁར་སྟོད་མཐོན་པོ། མཆོ་སྟོད་གྲུ་བཞི། ལྕང་གླིང་གླུ་བཞི། དོ་ར་གྲུ་བཞི་སོགས། མགོ་ཐོག་གི་ནམ་མཁའ་ནས་རྐང་འོག་གི་ས་གཞི་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་བརྗོད་པ་ལྟ་བུ་དང་། ཤོན་སྤྱིའི་ཚིག་ཕལ་ཆེར་རིང་བ་ནི། སྔོན་ཆད་ཀྱང་ཤོན་ལ་ཉིན་རྒྱག་མཚན་རྒྱག་ཅེས། འཛད་མཐའ་མེད་པ་ལྟར་བརྗོད་སྲོལ་མཆིས་པ་ལས་ཤེས་ཐུབ།
དེ་བས། ཤོན་ཆས་ལ་དང་དོད་ཤིན་ཏུ་ཆེ་བ་ནི། ཇི་ལྟར་ཤོན་གྱི་ཚིག་ལས།
རྒྱ་ནས་ཡོང་བའི་རྒྱན་འཛོམས་མ། མགོ་དབང་སྒ་ལེབ་ཅི་ལ་མཛེས།
རྒྱ་ནས་ཡོང་བའི་རྒྱན་འཛོམས་མ། མགོ་དབང་སྒ་ལེབ་གང་ལ་མཛེས།
རྒྱ་ནས་ཡོང་བའི་རྒྱན་འཛོམས་མ། མགོ་དབང་སྒ་ལེབ་ལུས་ལ་མཛེས།
རྒྱ་ནས་ཡོང་བའི་རྒྱན་འཛོམས་མ། མགོ་དབང་སྒ་ལེབ་དམན་ལ་མཛེས།
ཞེས་པ་ལྟ་བུའམ། སྙན་སྙན་སོག་གོང་དང་། བྲང་སྒང་སྐེ་ཕྲུག གོས་ཆེན་ལྗང་ཁྲ། གཟིག་རྒྱན་སྐེད་རགས། དུང་སྐེད་འབུར་མ། མདོ་ཆ་གསུམ་སྒྲིག ཞབས་ལྷམ་འཇའ་ཆེན། ཞབས་སྒྲོག་ཡུད་མ་ཞེས་རིམ་པ་བཞིན་བསྟོད་པ་བྱེད་སྲོལ་མཆིས་པ་ཕལ་ཆེར་སྤུ་རང་ཕྱོགས་ཀྱི་ཤོན་ཆས་དང་། ཐེངས་འདིའི་འགྲུལ་བཞུད་ཁྲོད། ངས་སྤུ་རང་ཕྱོགས་ཀྱི་ཤོན་ཆས་རྙིང་གྲས་ལ་རྒྱུས་ལོན་ཅུང་ཟད་བྱས་པས་ཀྱང་། དེ་ནི་བཀྲག་མདངས་ལྡན་པ་ཙམ་མ་ཟད། རིག་གནས་ཀྱི་མཚོན་དོན་ཟབ་པ་ནི། དཔེར་ན། བུད་མེད་ཚོའི་བྲང་ལ་བཏགས་པའི་གའུ་གྲུ་བཞིས་ཡངས་པའི་ས་གཞི་དང་། གའུ་སྒོར་མོས་མཐོ་བའི་ནམ་མཁའ་མཚོན་ཞིང་། རིང་ཐུང་འཚམ་པའི་བྱུ་རུའི་ཕྲེང་བས་དེ་གཉིས་གཅིག་ཏུ་སྦྲེལ་བ་ནི། གནམ་ས་གཅིག་ཏུ་འབྲེལ་བའི་རྟེན་འབྲེལ་གྱི་གནས་ལུགས་རྒྱ་ཆེན་པོ་ཞིག་མཚོན་པར་འདུག་པས། དེ་ཡང་གནའ་མི་རྒན་པོ་ཚོའི་བློ་གྲོས་ལས་འཁྲུངས་པའི་འཇིག་རྟེན་ཆགས་ཚུལ་ལམ། ཡུལ་དུས་ཀྱི་ངོས་འཛིན་ཞིག་ཡིན་ངེས་ཤིང་། དེའི་སྐོར་ལ་ད་དུང་ཡང་ཞིབ་འཇུག་ཚགས་སུ་ཚུད་པ་ཞིག་མ་བྱུང་བར་བློ་ཕམ་ཡང་བྱུང་།
རྩྭ་མདའི་ཕྱོགས་སུ་ནི་སྤྱིར་བུད་མེད་ཚོའི་མགོ་ལ་སྦེ་རག་ཅེས་བྱུ་རུའི་ཆབ་ཆབ་མངའ་བའི་མགོ་རྒྱན་དང་། ཕྱུ་པའི་ཐོག་གཡང་ལུག་གྱོན་པ། སྐེད་པར་གའུ་འདོགས་པ་སོགས་དམིགས་བསལ་དུ་སྣང་ཞིང་། སྐྱེས་པའི་གྱོན་ཆས་ནི་མགོ་ལ་སོག་ཞྭ་གྱོན་པ་དང་ལུས་ལ་གོས་ཆེན་སེར་པོའི་ཕྱུ་པ་གྱོན་པ། སྐེད་པར་རྒྱ་གྲི་ཕོར་ཤུབས་བཏགས་པ་དང་། རྐང་པར་ཀོ་ལྷམ་ཡུ་རིང་གྱོན་པ་བཅས་སྐུ་ཉམས་དོད་ལ། སྟངས་སྟབས་རེ་རེ་ཡང་། ཁོ་ཚོས་གངས་དཀར་ཏི་སེ་བཞིན་ཚུགས་བརྟན་པ། མ་ཕམ་གཡུ་མཚོ་བཞིན་ལྡེམ་འགྱུར་ལྡན་པ། གྲུ་རིའི་རྣམ་པ་བཞིན་གྲལ་སྒྲིག་པའི་ཁྱད་ཆོས་ཡོད་ཅེས་སྤོབས་པའི་ངག་གིས་བརྗོད་པ་དེ་རང་དུ་སྣང་ངོ་།།
ལྔ།
ངའི་བསམ་པར་ད་ལྟའི་ཆར། ཤོན་གྱི་རྒྱུན་འཛིན་ངོས་ནས་བརྗོད་ན། ཤུགས་རྐྱེན་ཆེ་ཤོས་ནི་དམངས་སྲོལ་གྱི་བྱེད་སྒོ་དང་གར་སྟེགས་ཀྱི་འཁྲབ་སྟོན་གཙོ་བོ་གཉིས་སུ་དབྱེ་ཆོག་པར་སྣང་ཞིང་། དམངས་སྲོལ་གྱི་བྱེད་སྒོའི་ཆ་ནས་ཀྱང་ལོ་གསར་དང་། བག་མ་གཏོང་ལེན་སོགས་ཀྱི་དགའ་སྟོན་ཕུད། མཐོ་ལྡིང་དགོན་གྱི་བཅོ་ལྔ་མཆོད་པ་དང་། སྤུ་རང་འཁོར་ཆགས་དགོན་པའི་ནམ་མཐོང་དུས་སྟོན་སོགས་ཀྱི་སྐབས། ཡུལ་འདིའི་གཟབ་རྒྱས་རྟེན་འབྲེལ་གྱི་དོད་དུ་གར་སྟེགས་སྟོང་པར་མི་འཇོག་པར་འཆམ་དང་སྤེལ་མར་འཁྲབ་སྲོལ་མཆིས་ཤིང་། སྔོན་ཆད་གྲོང་ཚོ་སོ་སོ་ནས་ཤོན་ཁྲལ་འཇལ་བའི་སྲོལ་ཡང་ཡོད་པར་གྲགས།ཕྱོགས་གཞན་ཞིག་ནས་ཆ་འཕྲིན་གྱི་འཕེལ་རྒྱས་དང་བསྟུན་ནས་གར་སྟེགས་འཁྲབ་སྟོན་གྱི་ཚ་རླབས་ཤིག་རིམ་བཞིན་འཕྱུར་བ་ནི། རྫ་རོང་ཚེ་རིང་མཚོ་མོ་དང་དབྱངས་ཅན་ལྟ་བུའི་དམངས་ཁྲོད་རྒྱུན་འཛིན་པའི་སྣེ་ཁྲིད་འོག་གྲུབ་པའི་འཁྲབ་སྟོན་ཚོགས་པ་ཁག་དང་། རྫོང་དང་ཆུས་རིམ་པའི་རིག་རྩལ་རུ་ཁག སློབ་གྲྭ་ཆེ་ཁག་གི་ཞབས་བྲོའི་ཚན་ཁག དེ་བཞིན། ཀརྨ་བཀྲ་ཤིས་ཆོས་འབྱོར་སོགས་གཞོན་སྐྱེས་གཞས་པ་གཞས་མ་ཐུན་མོང་གི་ཤུགས་རྐྱེན་འོག གནའ་བོའི་ཤོན་འདི་ཉིད་རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན། ལོ་གསར་དགོང་ཚོགས་དང་། དུས་སྟོན་ཆེ་གྲས་ཁག་གི་མཚན་ཚོགས་མང་པོའི་ལེ་ཚན་གཙོ་བོར་གྱུར་ཟིན།
གལ་ཏེ་ཐེངས་འདིའི་འགྲུལ་བཞུད་བརྒྱུད་ང་ལ་བག་ཆགས་ཆེ་ཤོས་གང་ཡིན་ཞེས་དྲིས་གྱུར་ན། ངས་ཐེ་ཚོམ་ཅི་ཡང་མེད་པར། འདི་གའི་ཡུལ་མི་ཚོར་མངའ་བའི་རིག་གནས་ཀྱི་གདེང་ཚོད་དེ། ཤོན་དང་ཤོན་ཆས་སོགས་ལ་དང་དོད་ཆེས་ཆེར་བྱེད་པའི་རྣམ་པ་དེ་རེད་ཅེས་བརྗོད་པར་འདོད། དཔེར་ན། རྫ་རོང་ཚེ་རིང་མཚོ་མོའི་ངོས་ནས་མིག་སྔར་ཚབ་མཚོན་རྒྱུན་འཛིན་པའི་ཁོངས་སུ་མེད་ཀྱང་། གུ་གེའི་གནའ་ཤོན་ཚོགས་པའི་སྣེ་ཁྲིད་དེ་ལྗོངས་ཕྱི་ནང་གི་འཁྲབ་སྟོན་མང་པོའི་ཁྲོད་ཞུགས་མྱོང་བ་དང་། དབྱངས་ཅན་གྱི་ངོས་ནས་ཀྱང་། བགྲེས་སོང་སྒྲོལ་དཀར་གྱི་མིག་དཔེ་བཟང་པོའི་འོག ན་གཞོན་རྒྱུན་འཛིན་པ་གསོ་སྐྱོང་ལ་བྲེལ་བཞིན། དཔེ་མཚོན་རྒྱུན་འཛིན་པ་ཞིག་གི་འགན་འཁྲི་མ་ལུས་དང་དུ་བླངས་ཡོད།
ད་ཆ་ཚེ་རིང་མཚོ་མོའི་རེ་བ་ཆེ་ཤོས་ནི། གུ་གེའི་ཤོན་གྱི་རྒྱུན་འཛིན་པའི་མིང་བབ་ཅིག་ཐོབ་ན་སྙམ་པ་དེ་དང་། དབྱངས་ཅན་གྱི་ངོས་ནས། གུ་གེའི་ཤོན་གྱི་ཁྲིད་སྦྱོང་རྟེན་གཞི་ཞིག་བཙུགས་ན་སྙམ་པ་དེ་ཡིན་ཞེས་ང་ལ་བརྗོད། ངས་ཀྱང་རྩོམ་ཐུང་འདི་འབྲི་བཞིན་དེའི་སྐོར་ཟུར་ཙམ་གླེང་ནའང་མ་འོས་པ་མི་འདུག་སྙམ། རྒྱུ་མཚན་ནི། གཅིག་ནས། རྩྭ་མདའི་ཁོངས་ཀྱི་མཐོ་ལྡིང་དང་། བསྟི་ཡག རྫ་རོང་། མཚོ་རི་གསུམ་རྒྱས་ལྟ་བུར་མ་གཞི་ཤོན་གྱི་ཚིག་ལ་ཁྱད་པར་ཆེར་མེད་ཀྱང་གཞས་གདངས་མི་འདྲ་བ་དང་རྒྱན་ཆ་ཡང་མི་འདྲ་བས། ལོར་བསྟི་གཡག་གི་རིག་འཛིན་དབང་མོ་རྒྱལ་ཁབ་རིམ་པའི་དཔེ་མཚོན་རྒྱུན་འཛིན་པར་བདམས་པ་བཞིན། ཡུལ་ལུང་སོ་སོའི་དཔེ་མཚོན་རྒྱུན་འཛིན་པ་བྱུང་ན་ཤོན་སྤྱིའི་ཁྱད་ཆོས་རྒྱུན་འཛིན་ཐད་ཕན་འབྲས་ཡོང་ངེས་ལ། གཉིས་ནས། གལ་ཏེ་རྩྭ་མདའ་རྫོང་ཁོངས་སུ་ཤོན་གྱི་ཁྲིད་སྦྱོང་རྟེན་གཞི་ཞིག་བྱུང་ན། ནམ་རྒྱུན་གྱི་འཁྲབ་སྦྱོང་ཙམ་མ་ཟད། འཁྲབ་སྟོན་གྱི་པར་རིས་དང་། ཆ་འཕྲིན་ཡང་བསྡུ་རུབ་ཐུབ་པས། ཕྱོགས་གཞན་ཞིག་ནས་ཤོན་གྱི་རྒྱུན་འཛིན་ལོ་རྒྱུས་ཁ་གསལ་ཞིག་ཡོང་རྒྱུར་ཕན་འབྲས་གང་ཙམ་མེད་དམ་སྙམ།
དེ་ཙམ་དུ་མ་ཟད། ངས་སྤུ་རང་སྟོད་ཡུལ་གྲོང་ཚོས་བསྒྲིགས་པའི«སྲིད་པའི་སྙན་དབྱངས་གྲེ་འགྱུར་ཡིད་ཀྱི་དགའ་སྟོན»དེབ་གསུམ་དང་། བརྙན་དུ་ཕབ་པའི«གནའ་དབྱངས་ཀྱི་འགྱུར་ཁུག» འཁོར་ཆགས་གྲོང་ཚོས་བསྒྲིགས་པའི«འཁོར་ཆགས་ཡུལ་གྱི་སྲོལ་རྒྱུན་གླུ་གར་ཀུན་བཏུས་མུ་ཏིག་ཕྲེང་བ»སོགས་ལྗིད་ཏིག་ཏིག་གི་གྲུབ་འབྲས་དེ་དག་མཇལ་དུས། རིག་གནས་ཀྱི་གོ་རྟོག་མཐོ་བའི་ཡུལ་མི་ཀུན་ལ་རྗེས་སུ་ཡི་རང་ཞུ་འོས་ཤིང་། འཁོར་ཆགས་གྲོང་ཚོའི་གྲོང་དཔོན་པ་སངས་དངོས་གྲུབ་དང་། སྟོད་ཡུལ་གྲོང་ཚོའི་གྲོང་དཔོན་ཟླ་བ་ཚེ་རིང་དང་བཅས་པས། སུན་སྣང་གང་ཡང་མེད་པར་ངའི་བཅར་འདྲི་དང་ལེན་གནང་ནས། ང་ལ་བསམ་པའི་རྒྱགས་ཕྱེ་མི་དམན་པ་བྱིན་མོད། ཁོང་རྣམ་པའི་གཏམ་རྒྱུད་རེ་རེ་བཞིན་ངའི་རྩོམ་ཐུང་འདིའི་ནང་འབྲི་མ་ཐུབ་པར་ངོ་གནོང་ཡང་སྐྱེས།
གཅིག་བྱས་ན། དེའི་ཐད་ངས་ངོ་གནོང་བྱེད་དགོས་དོན་གང་ཡང་ཡོད་མི་སྲིད་དེ། མིག་སྔའི་ཤོན་གྱི་རྒྱུན་འཛིན་འཕེལ་རྒྱས་ཀྱི་རྣམ་པར་གཞིགས་ན། དེ་བས་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྔོག་འདོན་དང་། དེ་བས་ངོ་མཚར་བའི་གཏམ་རྒྱུད་མང་དག་ཅིག་སྟོད་མངའ་རིས་ཕྱོགས་ནས་ཡང་ཡང་གྲགས་རྒྱུར་ཐེ་ཚོམ་ཅི། །
རྩོམ་པ་པོ་ངོ་སྤྲོད།
པ་སངས་སྒྲོལ་དཀར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོགས་ཤང་དུ་སྐྱེས། ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཞིབ་མཇུག་འཛིན་གྲྭ་ནས་ཐོན། ཉེ་བའི་ལོ་འགའི་རིང«ཀྲུང་གོའི་བོད་རིག་པ»དང་། «བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་གསོ» «གངས་ལྗོངས་རིག་གནས» «བོད་ལྗོངས་ནང་བསྟན» «ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ»སོགས་ཀྱི་སྟེང་རྩོམ་རིག་གི་དཔྱད་རྩོམ་བཅུ་གྲངས་སྤེལ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང་། «མི་རིགས་ཀྱི་རྩོམ་རིག» «སྦྲང་ཆར» «མཚོ་སྔོན་བོད་ཡིག་གསར་འགྱུར» «བོད་ལྗོངས་རྩོམ་རིག»(རྒྱ་ཡིག) «སྤང་རྒྱན་མེ་ཏོག» «གངས་དཀར་རི་བོ» «ཁ་བཏགས་དཀར་པོ»ལ་སོགས་དུས་དེབ་ཏུ་ལྷུག་རྩོམ་དང་བསྒྱུར་རྩོམ་འགའ་ཤས་སྤེལ། ད་ལྟ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་དང་། བོད་ལྗོངས་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་རིག་རྩལ་དཔྱད་གཏམ་མཐུན་ཚོགས་ཀྱི་ཚོགས་མི་བཅས་སོ། །
རྩོམ་ཁུངས། ༢༠༢༥ལོའི«ཟླ་ཟེར»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
