མདོ་སྨད་ཧེ་རུ་ཀའི་སྙན་ངག་གསར་པ། སྟོན་ཟླ་འབྲིང་བའི་ནང་ལ་ཚེས་པའི་ནང་མ་ཁང་།
རྩོམ་པ་པོ།:མདོ་སྨད་ཧེ་རུ་ཀ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-10-09
ཀློག་གྲངས།:
སྟོན་ཟླ་འབྲིང་བའི་ནང་ལ་ཚེས་པའི་ནང་མ་ཁང་།
མདོ་སྨད་ཧེ་རུ་ཀ
སེར་སྣའི་མེ་ལོང་ནང་ལ་ཐུར་དུ་བལྟས་ཚེ།
ངའི་དངུལ་བྱང་སྟེང་ན་ལྷག་དངུལ་མང་པོ་མེད་པ་ཧ་ཅང་གསལ།
ཕྱི་རོལ་གྱི་ནམ་ཟླ་སྟོན་ཀར་འཁེལ་ཡོད་པའང་གསལ་ཞིང་བཀྲ།
ཁ་དོག་ལྗང་སེར་འཁྱུག་པའི་སྟོན་ཟླ་འབྲིང་བ།
ནང་མ་ཁང་གི་མཛེས་སྡུག་ལ་བལྟས་ནས་བྲིས་པ་དང་འདྲ།
ཕོ་བྲང་གི་གཟི་ཉམས་ཆགས་པའི་གར་སྟེགས་ཀྱི་དཀྱིལ་འཁོར།
སྐྱེས་གཟུགས་ཡག་པའི་བུ་མོ་དེ་དག
རྨ་བྱའི་འགྲོས་ཀྱིས་ལྡེམ་ལྡེམ་ཡར་ལ་འགྲོ་ཞིང་ལྷོད་ལྷོད་མར་ལ་འབབ།
མཚམས་ལ་རེར།
ངའི་མཐའ་འཁོར་ལའང་འབབ་ཅིང་།
སྒེག་པའི་འཛུམ་རིས་ནང་ལ་བརྩེ་བ་ཆང་ལ་འགྱོག
སྨིན་པ་ཤིན་ཏུ་རིང་བའི་ཁོང་ཅག་གི་ཁྲ་ཆུང་མིག་མཐའ་ལ།
སྦྱིན་བདག་གློ་ཁུག་ཚོན་པོ་ཅན་གྱི་ངང་པ་སེར་པོ་དེ་དག་བབས་ཡོད་དམ།
དེ་ལྟ་ནའང་།
ངའི་ནང་སེམས་ཤོག་དཀར་གྱི་ཁ་བྱང་སྟེང་ལ།
རང་ཉིད་ཡིག་རྫི་དབུལ་བོ་ཞིག་ཡིན་པའི་མནོག་ཆུང་གི་ཡིག་འབྲུ་དེ་དག
ཧ་ཅང་དབུལ་ཕོངས་ཀྱིས་བྲིས་ཡོད་པ།
ཝུ་ཆང་གི་ཝུ་བའི་ནང་ལ་ཇི་ལྟར་བཀྲུས་ཀྱང་གདག་ཐབས་མ་བྱུང་།
གློག་འོད་སྣ་ཚོགས་ནི་འཇའ་རིས་འཁྱུག་པའི་རི་མོ་དང་འདྲ་ཞིང་།
མཚམས་རེར་དབྱར་གཞུང་སྙེག་འདྲ།
ལན་རེར་སྟོན་མཇུག་ཏུ་འཁེལ་འདྲའི།
འགྱུར་བག་སྣ་ཚོགས་ཀྱི་སྒྲ་དབྱངས་ཀྱང་ག་སར་གཡོ་ཞིང་འཕྱོ།
ལང་ཚོའི་མཚར་སྡུག་བཀྲ་བའི་གཞོན་ནུ་མ་དེ་དག་ལས་གང་རུང་གིས།
གླུ་གར་སྟེགས་བུའི་དཀྱིལ་དབུས་སུ་ཡར་ལ་འགྲེངས་ཏེ།
དར་ཚོན་སྣ་ལྔའི་སྒྲོ་གུར་ཁྲ་བོ་ཡང་ཡང་ཕུབ་པར་རྩོམ།
སྐྲ་ལོ་རིང་པོ་ཁུར་པའི་གཞོན་ནུ་སྣང་མཐོ་དེའང་།
ངའི་གམ་ལ་འཁོར་ཏེ་སྐྱིད་སྡུག་གི་སྣེ་མོ་སྙི་མོར་ཞུས་བྱུང་།
འཁོར་བའི་ལག་ཕྱིས་དང་འདྲ་བའི་དར་ཚོན་གྱི་ཁ་བཏགས།
རྨ་བྱ་འདྲ་བའི་གཞོན་ནུ་མ་ཚོའི་སྒྲོ་གུར་ཕུབ་བྱེད་ཀྱི་ཆེ་བསྟོད་ལྟ་བུ་ལས།
གཞོན་ནུ་ཁོང་ཚོ་དང་ཁ་ཐག་རིང་ཚུལ་གྱི་སྐྱོ་གཏམ་ཆང་ལ་བསྙལ་བྱུང་།
སྐྱུར་སིལ་སིལ་གྱི་ཝུ་བ་དཀར་པོ་འཕྱུར་བྱུང་།
དར་ཚོན་སྣ་ལྔའི་ཁ་བཏགས་དེ་དག
ངས་གློག་འོད་ཁྲ་ཆིལ་གྱི་ངོགས་ནས་གཞོན་ནུ་ཚོར་བཀྱགས་པ་ཡིན།
ངས་དཀའ་སྡུག་གི་ཁུར་ཙ་ཞིག་འགྱོག་གིན་པའི་སྣང་བའང་བྱུང་།
དུས་ཚོད་ཀྱི་ཆང་ཕོར་ནང་ལ་དགའ་སྤྲོ་ཡང་ཡང་བཏེགས་ཏེ།
ཚོར་བའི་ཤུགས་ལ་བསྣན་ནས་ཞབས་དག་ཇི་ལྟར་བརྒྱབ་ནའང་།
མཚན་མོ་འདི་སྐྱོ་གདུང་གི་ཁ་དོག་རིང་མོ་དང་འདྲ་བྱུང་།
གློག་འོད་སྣ་ཚོགས་ཀྱི་བསླུ་བྲིད་ལ་ཆགས་པའི།
ནང་མ་ཁང་གི་མི་རྣམས་ཀྱི་ངོ་གདོང་ལའང་སྟོན་ཀ་ཚེས་འདུག་ཨང་།
དུས་འདིར།
ཕྱིར་མིག་ཡང་ཡང་གཏོང་པའི་གཞོན་ནུ་མ་དེ།
ལྡེམ་ལྡེམ་ཕར་ལ་འགྲོ་ཞོར་ང་ཡི་རྣ་རྩར་སྤོས་ཆུ་དང་འདྲེས་པའི།
བརྩེ་དུང་གི་སྐད་ཆ་དྲི་ཆིལ་ལེར་བསྙིལ་བྱུང་།
“ཇོ་ལགས། ཁྱོད་རང་བཟི་འདུག་པ་འདྲ།
སྐྲ་ལོ་རིང་བོ་ཅན་གྱི་གཞས་པ་གན་གཞོན་ནུ་ཞིག་རེད་ཟེར།”
ངས་རང་ཉིད་བཟི་ཡོད་མེད་གཏིང་བརྗེད་དུ་སོང་།
ངས་འཚོ་བའི་གཏིང་ན་བཟི་འདུག་པའི་ཁྱོད་རང་རྙེད་བྱུང་།
2026.10.07
འབྲེལ་ཡོད་འོས་སྦྱོར།
