རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར་བའི《མི་ངན་པར་འགྱུར་སྟངས》ཞེས་པའི་སྒྲུང་ཐུང་།
རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-11-15
ཀློག་གྲངས།:
མི་ངན་པར་འགྱུར་སྟངས།
(ཨུ་རུ་སུ)ལེ་ཧྥུ•ཐོར་སི་ཐའེ་ཡིས་བརྩམས།
(མཚོ་སྔོན་མི་རིགས་སློབ་ཆེན)རུ་མང་ཀླུ་མཁར་རྒྱལ།
བདུད་ཕྲུག་གིས་སོ་ནམ་པ་ཇི་ལྟར་ངན་པར་བསྒྱུར་ནུས་པར་བསམ་བློ་གཏོང་མགོ་ཚུགས། ཁོས་སོ་ནམ་པའི་ཞིང་ས་མཁྲེགས་རྒོད་དུ་བསྒྱུར་ནས་སོ་ནམ་པ་དཀའ་ངལ་གྱིས་ཕྱིར་གཞོལ་དུ་འཇུག་པར་འདོད། སོ་ནམ་པས་ཉིན་ཕྱེད་ཙམ་ལ་བརྐོས་རྗེས་ཧ་ཅང་ཐང་ཆད་མོད་ངལ་ཅུང་ཙམ་གསོས་རྗེས་སྔར་བཞིན་མུ་མཐུད་དུ་བརྐོས་ཏེ་ལེ་བདའ་ཙམ་ཡང་མ་བྱས། བདུད་ཕྲུག་གིས་ངན་ཇུས་ཕམ་པ་མཐོང་བས་སྣ་བ་འཕུར་གྱིན་ཕྱིར་ལོག
བདུད་ཀྱིས་བདུད་ཕྲུག་གཉིས་པ་མངགས། བདུད་ཕྲུག་གཉིས་པའི་བསམ་པར་སོ་ནམ་པ་སྔར་ལས་དཀའ་བ་སྤྱད་དུ་བཅུག་ཀྱང་ཕན་མི་ཐོགས་པས་ཁོའི་བཟའ་བཏུང་ཡོད་ཚད་ཁྱེར་ན་བཟང་སྙམ་སྟེ་གུང་ཟས་ཀྱི་གོར་སྲབ་དང་ཆུ་བརྐུས། ཁོས་སོ་ནམ་པས་ལས་ཀ་བྱས་ཏེ་དཀའ་བ་སྤྱད་པས་ངལ་ཡོད་ལ་ལྟོགས་ཀྱང་ཡོད་པས། སྐབས་འདིར་གོར་སྲབ་དང་ཆུ་མེད་ན་ཁོང་ཁྲོ་མེ་ལྟར་འབར་ཐག་ཆོད་ཡིན་སྙམ། སོ་ནམ་པ་སྐོམ་ཞིང་ལྟོགས་ནས་སྡོང་བོའི་འགྲམ་དུ་ལོག་ནས་ངལ་གསོས། ཡིད་ལའང་མ་དྲན་པ་ཞིག་ནི་གོར་སྲབ་དང་ཆུ་མཐོང་རྒྱུ་མ་བྱུང་། “ཧ་མི་གོ་བ་ཞིག་ལ་སྙིང་རྗེ་བའི་མི་དེར་གོར་སྲབ་དང་ཆུ་ཡི་དགོས་མཁོ་ཧ་ཅང་ཆེའམ། གལ་སྲིད་དངོས་པོ་འདི་དག་གིས་ཁོའི་ལྟོགས་སྐོམ་སེལ་ཐུབ་ན་ཧ་ཅང་བཟང”ཞེས་བཤད། ཡང་ཕམ་སོང་། བདུད་ཕྱིར་བྲོས།
བདུན་ཡ་མཚར་སྐྱེས། ཐབས་བཀོད་གང་རུང་ཞིག་གིས་སོ་ནམ་པ་འདི་ངན་པར་བསྒྱུར་ཐབས་མེད་སོང་བ་ཡིན་ནམ། ཏག་ཏག་སྐབས་འདིར་བདུད་ཕྲུག་གསུམ་པས་བདུད་ལ“ང་ལ་ཐབས་བཀོད་ཡོད། ཁོ་ངན་པར་འགྱུར་ཁོ་ཐག་ཡིན”ཞེས་བརྗོད། བདུད་ཕྲུག་གིས་ཐོག་མར་སོ་ནམ་པ་དང་གྲོགས་བསྒྲིགས་པས་སོ་ནམ་པས་ཀྱང་དགའ་བས་དང་དུ་བླངས། བདུད་ལ་སྔོན་ཤེས་ཀྱི་ནུས་པ་ཡོད་པའི་རྐྱེན་གྱིས་ཁོས་སོ་ནམ་པར་སང་ལོར་ཐན་པ་བྱུང་རྒྱུ་ཡིན་པས། འབྲས་སོབ་རླན་སར་འཛུགས་པར་སྐུལ་ཞིང་སོ་ནམ་པས་ཀྱང་དེ་བཞིན་དུ་བསྒྲུབས། ངོ་མ། ལོ་གཉིས་པར་མི་གཞན་པས་ཐོན་འབབ་ཅི་ཡང་མ་རྙེད་མོད་སོ་ནམ་པ་ཁོ་ནས་ཐོན་འབབ་གཡུར་དུ་ཟ་བ་བླངས་བས་ཁོ་ཕྱུག་པོར་ཆགས། བདུད་ཕྲུག་གིས་ལོ་རེ་བཞིན་སོ་ནམ་པར་ལོ་དེར་འབྲུ་རིགས་གང་ཞིག་བཏབ་ན་འཚམ་པ་བཤད། ལོ་གསུམ་འགོར་རྗེས་སོ་ནམ་པ་ཧ་ཅང་ཕྱུག་པོར་ཆགས། བདུད་ཕྲུག་གིས་ཡང་སོ་ནམ་པར་འབྲས་ཀྱིས་ཆང་བསྙལ་ནས་འགྲེམ་འཚོང་བྱེད་དུ་བཅུག་པས་ཁེ་སྤོགས་སྔར་ལས་མང་པོ་བླངས། རིམ་གྱིས་སོ་ནམ་པས་ལས་ཀ་མི་བྱེད། འགྲེམ་འཚོང་གི་བྱེད་ཐབས་ལ་བརྟེན་ནས་དངུལ་འབོར་ཆེན་རག
ཉིན་ཞིག་ལ་བདུད་ཐོན་བྱུང་། བདུད་ཕྲུག་གིས་བདུད་ན་རེ“ཁྱེད་ཀྱིས་གཟིགས་དང་། ངས་ད་ལྟ་རང་གི་གྲུབ་འབྲས་གསལ་སྟོན་བྱེད་རྒྱུ་ཡིན། སོ་ནམ་པའི་ལུས་སྟེང་དུ་ཕག་གི་གཤིས་ཀ་ཡོད།” སོ་ནམ་པས་གསོལ་སྟོན་ཞིག་བཤམས་པས་ཕྱུག་པོ་ཡོད་ཚད་ཞུགས་ཡོད། ཆང་ཆེས་བཟང་བ་འཐུང་ཞིང་ཟ་མ་ཆེས་ཞིམ་པ་ཟོས་པ་མ་ཟད། གཡོག་པོ་མང་པོས་ཞབས་ཞུ་བྱེད་དུ་བཅུག་ཡོད། ཁོ་ཚོས་རྒྱས་ཟ་རྒྱས་འཐུང་བྱས་པ་པས་ཆུད་ཟོས་གང་མང་བཏང་ལ་ལྭ་བ་རལ་བར་བྱས་ནས་དྲན་པ་ཡང་ཐོར། བལྟས་སོང་ན་རྒྱགས་ལྷུག་གླེན་ཞད་ཆེ།
“ཁྱེད་ཀྱིས་ད་དུང་ཁོའི་སྟེང་ནས་སྤྱང་ཀིའི་གཤིས་ཀ་མཐོང་ཐུབ།” བདུད་ཕྲུག་གིས་བཤད། སྐབས་འདིར་གཡོག་པོ་ཞིག་གིས་རྒུན་ཆང་བཏེགས་ཏེ་ཐོན་ཞིང་སེམས་ཆུང་མ་བྱས་པར་རྐང་འདྲེད་ཤོར། སོ་ནམ་པས་ཁོ་ལ“ཁྱོད་ཀྱིས་བྱ་བ་སྒྲུབ་དུས་ཅིའི་ཕྱིར་སེམས་ཆུང་མི་བྱེད་དམ”ཞེས་དམོད་མོ་བཏང་། “བདག་པོ་ལགས། ང་ཚོས་ད་རག་བར་དུ་ཟས་ཁམ་གང་ཡང་ཟོས་མེད། ལྟོགས་ཏེ་ལུས་ཡོངས་ལ་ནུས་པ་མི་འདུག” “དོན་དག་བསྒྲུབས་མ་ཚར་བར་ཁྱོད་ཚོས་ཟ་མ་ཟོས་ཆོག་གམ།”བདུད་ཀྱིས་མཐོང་སྟེ་དགའ་སྤྲོའི་ངང་བདུད་ཕྲུག་ལ“ཁྱོད་དངོས་གནས་ངར་བ་རེད། ཁྱོད་ཀྱིས་ཇི་ལྟར་བསྒྲུབས་པ་ཡིན”ཟེར། བདུད་ཕྲུག་ན་རེ“ངས་ཁོ་ལ་ཐོབ་ཟིན་པ་དེ་དགོས་འདོད་པ་ལས་སྔར་ལས་མང་བ་ཙམ་བྱིན་པ་ཡིན། འདི་ལྟར་བྱས་ན་ཁོའི་འདོད་རྔམ་འཕེལ་དུ་འཇུག་ཐུབ་པ་ཡིན”ཟེར།
འབྲེལ་ཡོད་འོས་སྦྱོར།