རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར་བའི《མིའི་འཚོ་རྟེན་གང་གིས་བྱེད》ཅེས་པའི་སྒྲུང་ཐུང་།
རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-11-14
ཀློག་གྲངས།:
མིའི་འཚོ་རྟེན་གང་གིས་བྱེད།
(ཨུ་རུ་སུ)ལེ་ཧྥུ•ཐོར་སི་ཐའེ་ཡིས་བརྩམས།
(མཚོ་སྔོན་མི་རིགས་སློབ་ཆེན)རུ་མང་ཀླུ་མཁར་རྒྱལ།
ཨ་ཙི། མི་ཞིག་རེད་ཨང་།
རུས་རྐང་གཟེར་བའི་གྲང་རླུང་གི་ཁྲོད་མི་དེ་དམར་ཧྲེང་དུ་འདུག་པ་མཐོང་བས། ལྷམ་བཟོ་བ་ཁོའི་གམ་དུ་བཅར་ཏེ་རང་ཉིད་ཀྱི་ཕྱི་གོས་ཕུད་ནས་མི་དེར་གཡོགས་ཤིང་ལྷམ་ཡང་ཕུད་ནས་རྐང་བར་བསྐོན། མི་དེ་སྔར་བཞིན་འགུལ་མེད་དུ་གནས།
“འགྲོ། ངའི་ཁྱིམ་དུ་འགྲོ”ཞེས་ལྷམ་བཟོ་བས་བཤད། ལྷམ་བཟོ་བའི་ཆུང་མས་ཁྱོ་གས་མི་ཆ་མེད་ཅིག་ཁྲིད་ཡོང་ཞིང་གྱོན་པ་ཡོད་ཚད་མི་ཆ་མེད་དེར་བསྐོན་ཡོད་པ་མཐོང་འཕྲལ་གདོང་གི་རྣམ་འགྱུར་སྐད་ཅིག་ཉིད་དུ་འགྱུར།
ལྷམ་བཟོ་བས“ཁོ་ལ་བཟའ་རྒྱུ་ཞིག་བྱིན་དང”ཞེས་རང་གི་ཆུང་མར་སྐུལ།
“གོར་སྲབ་གཅིག་ལས་ལྷག་མེད”ལྷམ་བཟོ་བའི་ཆུང་མས་སྐད་ཆེན་པོས་ལབ་ཡུས་འཐེན།
ལྷམ་བཟོ་བས་སྐད་དམའ་མོས“ཁོ་ལ་བྱིན་དང་། བལྟས་ཡོང་ན་ཁོ་ཕལ་ཆེར་ལྟོགས་ནས་ཡུན་རིང་འགོར་ཟིན། གལ་ཏེ་ད་དུང་ཟ་མ་མ་ཟོས་ཚེ་འཆི་ངེས་ཡིན།” ལྷམ་བཟོ་བའི་ཆུང་མས་འཐེན་སྒམ་ནང་ལྷག་པའི་གོར་སྲབ་བླངས་ཏེ་མི་ཆ་མེད་དེར་བྱིན། མི་དེ་ལྷམ་བཟོ་བ་ཁྱོ་ཤུག་གཉིས་ཀྱི་གདོང་ལ་ཅེར་བཞིན། བཀྲག་མདངས་ཤོར་བའི་གདོང་ལས་འཛུམ་ཞིག་མངོན།
འདི་ལྟར། ལྷམ་བཟོ་བ་བཟའ་ཟླ་གཉིས་ཀྱིས་ཁ་བའི་ནང་འགྱེལ་བའི་གཞོན་ནུ་འདི་གསོས་པར་མ་ཟད། ལྷམ་གྱི་བཟོ་རྩལ་ཡང་ཁྲིད། གཞོན་ནུ་དེས་བསླབས་པ་ཇི་བཞིན་ཤེས་རྟོགས་འབྱུང་སླ་ཞིང་བཟོས་པའི་བྱང་ཚད་ཀྱང་ཧ་ཅང་མཐོ་བ་ཡིན། ཉིན་རེ་ནས་ཉིན་རེ་
དང་གཟའ་རེ་ནས་གཟའ་རེ་བྱས་ཏེ་ཕར་འདས། གཞོན་ནུ་དེ་སྔར་མུས་བཞིན་ལྷམ་བཟོ་བའི་ཁྱིམ་དུ་བསྡད་དེ་ལྷམ་བཟོའི་ལས་ལ་གཞོལ། ཁོའི་སྙན་གྲགས་ཕྱོགས་བཅུར་ཁྱབ་ཅིང་སུ་ཞིག་གིས་འཇུར་རྟ་བཟོས་ཡང་ཁོས་བཟོས་པ་དེ་འདྲའི་གྲ་འགྲིག་པོ་དང་སྤྱོད་ཤེད་ཆེ་བ་ཞིག་བཟོ་མི་ཐུབ། སྐབས་དེའི་མི་ཚང་མས་ཁོ་བཙལ་ཏེ་འཇུར་རྟ་བཟོ་བ་ཡིན་པས་ལྷམ་བཟོ་ཚང་རིམ་གྱིས་ཕྱུག་པོར་ ཆགས།
དགུན་ཁའི་ཉིན་ཞིག་ལ། ལྷམ་བཟོ་བས་ལྷམ་བཟོ་བཞིན་པའི་མོད་ལ་ཤིང་རྟ་འཁོར་ལོ་ཞིག་གིས་དྲིལ་བརྡ་གཏོང་བཞིན་ཁང་བའི་མདུན་དུ་ལྷགས་ཏེ་འཁོར་སྒམ་ལས་ཀོ་བའི་ལྭ་རིང་གྱོན་པའི་སྐུ་ངོ་ཞིག་བབས།
སྐུ་ངོས་ཀོ་བས་བཏུམ་པའི་འབོག་སྒྲིལ་ཞིག་ཅོག་ཙེའི་སྟེང་བཞག་ནས་བཤད་དོན“འདི་ནི་འཇར་མན་གྱི་ཐོན་རྫས་ཡིན། རོབ༢༠ཡི་རིན་དོད་ཡོད། ཁྱོས་ཀོ་བ་འདི་བཀོལ་ནས་བདག་ལ་འཇུར་རྟ་ཆ་གཅིག་བཟོ་ཐུབ་བམ།”
“ཐུབ་ལགས། སྐུ་ངོ།”
“བདག་ལ་ལོ་གཅིག་གྱོན་ཡང་མི་ཐེད་ཅིང་ཚུགས་ཀ་མི་འགྱུར་བ། ཚེམ་ཁ་མི་ཤོར་བའི་འཇུར་རྟ་ཆ་གཅིག་བཟོས་དང་། ངས་རོབ༡༠བཟོ་གླ་སྟེར།”
སྐུ་ངོ་བསྐྱལ་རྗེས་ལྷམ་བཟོ་བས་གཞོན་ནུ་ལ“ལས་ཀ་ང་ཚོས་དང་དུ་བླངས་ཟིན། གཟབ་གཟབ་བྱ་དགོས། ཀོ་བའི་རིན་གོང་མཐོ་ཞིང་སྐུ་ངོ་ཡང་གཏུམ་དྲག་ཆེ་བས་ནོར་འཛོལ་བྱུང་མི་རུང་། ཁྱོད་ང་ལས་མིག་ཤེས་བཟང་བས་རྒྱུ་ཆ་དྲོས་དང་། ངས་འཚེམ”ཟེར།
གཞོན་ནུས་ཀོ་བ་ཅོག་ཙེ་སྟེང་བཏིངས་ཏེ་ཉིས་ལྟེབ་བྱས་ནས་དྲས།
“ཁྱོད་ཀྱི་བྱ་ལས་འདི་ཅི་ཡིན་ནམ། ངའི་སྲོག་ལེན་འདོད་པ་མིན་ནམ། སྐུ་ངོས་མངགས་བཟོ་བྱས་པ་ནི་འཇུར་རྟ་ཡིན། ཡིན་ནའང་ཁྱོས་བཟོས་པ་ནི་ཅི་ཞིག་ཡིན།”
ཁོས་སྐད་ཆ་མ་བཤད་གོང་སྒོ་ལུང་དཀྲོགས་ཤིང་ནང་དུ་འཛུལ་ཡོང་མཁན་ནི་སྐུ་ངོའི་དེའི་གཡོག་པོ་རེད། ཁྱིམ་ལ་འཛུལ་མ་ཐག་དབུགས་ཧལ་ཧལ་གྱིས“འཇུར་རྟ་བཟོ་མི་དགོས། སྐུ་ངོ་ཡུལ་ལ་མ་ཐོན་པར་ཤིང་རྟའི་ནང་གྲོངས་སོང་། ལྕམ་མོས་ང་ལ‘ཁྱོད་སོང་ནས་ལྷམ་བཟོ་བར་འཇུར་རྟ་བཟོ་མི་དགོས་པར་མྱུར་བར་འདས་པོར་བསྐོན་རྒྱུའི་ལྷམ་སྟབས་བདེ་ཞིག་བཟོས’ཟེར”ཅེས་བཤད།
ལོ་ངོ་དྲུག་འདས་ཟིན། གཞོན་ནུ་ཡུན་རིང་པོར་ལྷམ་བཟོ་བའི་ཁྱིམ་ནས་བསྡད། ཁོ་ཉིན་རྒྱུན་དང་འདྲ་བར་སྒོར་མི་འབུད་ཅིང་གཏམ་ཡང་ཉུང་། ལོོ་འདི་དག་གི་རིང་ཁོ་ཐེངས་གཉིས་ལ་མ་གཏོགས་བགད་མ་མྱོང་། ཐེངས་དང་པོ་ནི་བདག་མོས་ཁོ་ལ་གོར་སྲབ་སྟེར་དུས་ཡིན། ཐེངས་གཉིས་པ་ནི་སྐུ་ངོ་དེར་བལྟས་ནས་བགད་པ་ཡིན། ལྷམ་བཟོ་བ་རང་ཉིད་ཀྱི་གླ་བར་ཧ་ཅང་ཡིད་ཚིམ་ཡོད་པས་ཁོའི་ཡོང་ཁུངས་མི་འདྲི་བ་མ་ཟད། ཁོ་གྱེས་འགྲོ་བར་སྐྲག་གིན་ཡོད།
ཉིན་ཞིག་ལ། བུད་མེད་ཅིག་ལྷམ་ཁང་ནང་བསླེབས། ལུས་སྟེང་དུ་གྱོན་པ་གཙང་མ་གྱོན་པའི་ཁོ་མོས་ལུས་ལ་པགས་རྩག་དང་མགོ་ལ་མགོ་དཀྲི་དཀྲིས་པའི་བུ་མོ་གཉིས་ཁྲིད་ཡོང་། བུ་མོ་ཆུང་ཆུང་གཉིས་ཀའི་སྐྱེ་འབྲས་ཧ་ཅང་འདྲ་བ་ཡོད་ནའང་བུ་མོ་གཅིག་གི་རྐང་བ་འཐེང་གིན་འདུག བུད་མེད་དེ་ཅོག་ཙེའི་འགྲམ་དུ་བསྡད་ནས་ངས“བུ་མོ་འདི་གཉིས་ཀར་སོས་ཀར་གྱོན་ཆོག་པའི་ཀོ་ལྷམ་ཞིག་བཟོ་འདོད”ཟེར།
ལྷམ་བཟོ་བས་རྐང་བའི་ཆེ་ཆུང་ཚད་ཞོར་བུ་མོ་འཐེང་པོར་ཀེར་ནས“མོ་ཇི་ལྟར་འདི་འདྲའི་བཟོ་ལྟ་ཞིག་ཏུ་གྱུར་སོང་ངམ། འདི་འདྲའི་སྙིང་རྗེ་བའི་བུ་མོ་ཞིག་སྐྱེས་དུས་ནས་འདི་འདྲ་ཞིག་ཡིན་ནམ”ཟེར། “འདི་ནི་ལོ་ལྔ་དྲུག་སྔོན་གྱི་དོན་དག་ཅིག་ཡིན”མོ་ན་རེ“སྐབས་དེ་དུས་ང་དང་ངའི་སྐྱེས་པས་གྲོང་གསེབ་ཏུ་ཞིང་རྨོས་ཤིང་ཁོ་གཉིས་ཀྱི་ཕ་མ་དང་ཁྱིམ་མཚེས་ཡིན། ཁྱིམ་ཚང་དེའི་ཁྱིམ་བདག་སྐྱེས་པ་གཅིག་པུས་ནགས་ལས་གཉེར་ཀྱིན་ཡོད། ཐེངས་ཤིག་ཁོས་སྡོང་བོ་གཅོད་དུས་སྟབས་མ་ལེགས་པར་སྡོང་བོ་འགྱེལ་ནས་ཁོའི་དོན་ལྔ་སྣོད་དྲུག་བསྣད། ཁྱིམ་ལ་ལག་ཁྱེར་ཐོན་དུས་དབུགས་རྒྱུན་ཆད། གཟའ་འཁོར་གཅིག་མ་འགོར་བར་འདས་པོའི་ཆུང་མས་བྱིས་པ་མཚེ་ཞིག་བཙས་པ་འདི་གཉིས་ཡིན། ཁྱིམ་གྱི་འཚོ་བ་དབུལ་ལ་རོགས་བྱེད་མཁན་ཡང་མ་བྱུང་བས་བུད་མེད་དེས་མགོན་མེད་སྐྱབས་མེད་ཀྱིས་བྱིས་པ་བཙས་ཤིང་མགོན་མེད་སྐྱབས་མེད་ཀྱིས་གཤིན་རྗེའི་འཕྲང་ལ་ཚུད།”
“སྡེ་བའི་ནང་གི་བུད་མེད་ང་ཁོ་ན་ལས་ནུ་ཞོ་མེད་པས་མི་རྣམས་ཀྱིས་བུ་མོ་གཉིས་ཀ་གནས་སྐབས་སུ་ངེད་ཚང་ལ་བསྐྱལ་ཡོང་། སྐབས་དེར་ང་ལོ་ན་གཞོན་ཞིང་ལུས་པོ་ཐང་ལ་ཟ་མའི་ཡི་ག་ཡང་བཟང་བས་འོ་མ་མོད་པོ་ཡོད། དཀོན་མཆོག་གིས་བུ་མོ་འདི་གཉིས་ཀ་ནར་སོན་དུ་བཅུག་མོད། རང་གི་བྱིས་པ་དེ་ལོ་གཉིས་པར་འཆི་བས་ཟིན། རྗེས་སུ་དཀོན་མཆོག་གིས་ང་ལ་སླར་ཡང་བྱིས་པ་མ་གནངས། ཡིན་ནའང་འཚོ་བ་རོལ་བ་ཉིན་རེ་ནས་ཉིན་རེ་ཇེ་བཟང་རེད། གལ་སྲིད་བུ་མོ་འདི་གཉིས་མེད་ཚེ་ངས་འཚོ་བ་ཇི་ལྟར་རོལ་དགིས་སམ།” ལྷམ་བཟོ་བས་བུད་མེད་དེ་སྒོར་བསྐྱལ་ཞོར་ཕྱི་མིག་གིས་གཞོན་ནུ་ལ་ལྟ་དུས་ཁོས་སྔར་གནས་སུ་ལག་པ་གཉིས་མཉམ་དུ་དབྲག་ནས་པུས་མོའི་བར་བཞག་ཅིང་མགོ་བོ་ཡར་བཏེགས་ཏེ་དགོད་ཀྱིན་པ་མཐོང་།
ལྷམ་བཟོ་བ་ཁོའི་མདུན་དུ་ལྷགས་ཏེ“ཁྱོད་ལ་ཅི་བྱུང་ངམ”ཞེས་དྲིས།
གཞོན་ནུ་དེ་ཨོང་བཀྱགས་སྟེང་ཡར་ལངས་ནས་འཚེམ་རྒྱུ་སར་བཞག་ཅིང་། པང་རས་དཀྲོལ་ཏེ་ལྷམ་བཟོ་བ་གུས་ཕྱག་འཚལ་བཞིན“བདག་པོས་གུ་ཡངས་གནང་རོགས། དཀོན་མཆོག་གིས་ང་ལ་དགོངས་ཡངས་གནངས་ཟིན། ཁྱེད་ཅག་གིས་ཀྱང་ང་ལ་དགོངས་ཡངས་གནང་རོགས”ཞེས་བཤད།
“ང་ནི་མ་གཞི་ལྷའི་ཕོ་ཉ་ཡིན་ཏེ་དཀོན་མཆོག་གིས་ང་རང་བུད་མེད་ཅིག་གི་རྣམ་ཤེས་ལེན་པར་མངགས་བྱུང་། ང་འཇིག་རྟེན་དུ་འབྱོར་དུས་བུད་མེད་ཅིག་ནད་ཀྱིས་མནར་ཏེ་མལ་སར་ལྷུང་ཞིང་བུ་མོ་མཚེ་ཞིག་བཙས་ཡོད་པ་མཐོང་། བུ་མོ་ཆུང་ཆུང་གཉིས་ཀ་ཨ་མའི་ལུས་འགྲམ་དུ་དལ་གྱིས་འགུལ་གྱིན་ཡོད་ཅིང་མོས་བུ་མོ་གཉིས་ཀར་ནུ་མ་བསྣུན་པའི་ཤེད་ཤུགས་ཙམ་ཡང་མེད། མོས་ང་མཐོང་རྗེས་དཀོན་མཆོག་གིས་མོའི་རྣམ་ཤེས་ལེན་དུ་མངགས་ཡོང་བ་ཤེས་ཏེ་ངུས་པར་མ་ཟད་ད་དུང‘ལྷའི་ཕོ་ཉ། ངའི་སྐྱེས་པ་མ་འགྱངས་པའི་སྔོན་ལ་འདས་པ་ཡིན། ནགས་ཁྲོད་དུ་སྡོང་བོས་མནན་ཏེ་འདས་སོང་། ང་ལ་ལྕམ་སྲིང་དང་ཚུལ་མིན་ལས་རིགས་གཉེར་མཁན་གྱི་བུད་མེད་མེད་ལ་བྱིས་པ་གཉོར་རོགས་བྱེད་མཁན་ཡང་མེད་པས། ངས་བྱིས་པ་གཉིས་གཉོར་ནས་ནར་སོན་རག་བར་དུ་རྣམ་ཤེས་མ་འཁྱེར་ཅིག བྱིས་པར་ཕ་མ་མེད་ན་ཇི་ལྟར་འཚོའམ’ཟེར། ང་མོའི་སྐད་ཆར་ཡིད་ཆེས་ཏེ་དཀོན་མཆོག་ལ‘ངས་བང་མ་ཞིག་གི་རྣམ་ཤེས་ལེན་མི་སྤོབས’ཞེས་བཤད། དཀོན་མཆོག་གིས‘ཁྱོད་སོང་ནས་བང་མའི་རྣམ་ཤེས་བླངས་ཚེ་རྗེས་ཕྱོགས་མིའི་སེམས་ནང་དུ་ཅི་ཞིག་ཡོད་པ་དང་། ཅི་ཞིག་ནི་མིས་བཟློག་ཏུ་མེད་པ་ཡིན་པ། མིའི་འཚོ་རྟེན་གང་གིས་བྱེད་པ་བཅས་ཀྱི་གནས་ལུགས་གསུམ་རྟོགས་ངེས། ཁྱོས་གནས་ལུགས་འདི་གསུམ་རྟོགས་རྗེས་ད་གཟོད་ཕྱིར་ལྷ་ཡུལ་དུ་ཤོག’ཟེར། ང་ཡང་ཕྱིར་སོང་ནས་བང་མ་དེའི་རྣམ་ཤེས་བླངས་པ་ཡིན།”
“ཕྲུ་གུ་གཉིས་ཀ་ཨ་མའི་མངལ་ནས་མལ་ཁྲིའི་སྟེང་འགྲིལ་རྗེས་ཨ་མའི་ལུས་པོས་ཕྲུ་གུ་ཅིག་ཤོས་ཀྱི་རྐང་ཡས་མནན་ནས་གཅིར་འདུག ང་སྡེ་བ་འདིའི་བར་སྣང་དུ་འཕགས་ནས་བང་མའི་རྣམ་ཤེས་དཀོན་མཆོག་ལ་སྤྲོད་གྲབས་བྱེད་དུས། རླུང་འཚུབ་ཅིག་ལྡང་ནས་ངའི་གཤོག་པ་བཅག རྣམ་ཤེས་དེ་ཁེར་རྐྱང་གིས་དཀོན་མཆོག་གི་སར་འཕུར་སོང་རུང་ང་ས་རུ་ཟགས་ཤིང་ལམ་འགྲམ་དུ་འགྱེལ།” ལྷའི་ཕོ་ཉས་མུ་མཐུད་དུ“ཁྱོད་ཀྱི་ཆུང་མས་ལྷག་འཕྲོར་ལུས་པའི་གོར་སྲིབ་དེ་འཐེན་སྒམ་ནང་ནས་བླངས་ཏེ་ངའི་ལག་ཏུ་འཇོག་དུས་མོའི་མིག་མདངས་ལས་ངས་དཀོན་མཆོག་གི་གསུང་དང་པོ་སྟེ‘ཁྱོད་ཀྱིས་མིའི་སེམས་ནང་དུ་ཅི་ཞིག་ཡོད་པ་རྟོགས་ངེས’ཟེར་བ་དེ་དྲན་བྱུང་། ངས་མིའི་སེམས་ནང་དུ་བརྩེ་བ་ཡོད་པ་རྟོགས། དཀོན་མཆོག་གིས་ལུང་དངོས་སུ་མཐོང་བར་གྱུར་པས་ང་དགའ་དྲགས་ནས་ཐེངས་དང་པོར་བགད་པ་ཡིན”ཟེར།
“ང་ཁྱེད་ཚང་ནས་བསྡད་དེ་ལོ་གཅིག་ལ་འཚོ་བ་རོལ་ཟིན། མི་ཞིག་ཡོང་ནས་ལོ་གཅིག་གྱོན་ཡང་མི་ཐེད་ཅིང་ཚུགས་ཀ་མི་འགྱུར་བ། ཚེམ་ཁ་མི་ཤོར་བའི་འཇུར་རྟ་ཞིག་མངགས་བཟོ་བྱས། ངས་ཁོ་ལ་ལྟ་དུས་ཧོབ་དེ་ངའི་གྲོགས་པོ་སྟེ་འཆི་བདག་གི་ཕོ་ཉ་ཁོའི་རྒྱབ་ཏུ་འགྲེང་བ་མཐོང་། ང་ཁོ་ནས་ལྷའི་ཕོ་ཉ་འདི་མཐོང་ཐུབ་ལ་ངོ་ཤེས་པ་མ་ཟད། ཉི་མ་མ་ནུབ་པའི་ཡར་སྔོན་དུ་སྐུ་ངོའི་རྣམ་ཤེས་འཁྱེར་རྒྱུ་ཡིན་པ་ཤེས། དེས་ན་ངས་བསམ་པར་མི་འདིས་རང་ཉིད་ལ་ལོ་གཅིག་བཀོལ་རྒྱུའི་དངོས་པོ་གྲབས་གཤོམ་བྱས་མོད། ཁོ་དོ་ནུབ་གསོན་ཐུབ་མིན་མི་ཤེས། ཞོར་དུ་ངས་དཀོན་མཆོག་གི་གསུང་གཉིས་པ་སྟེ‘ཅི་ཞིག་ནི་མིས་བཟློག་ཏུ་མེད་པ་ཡིན’ཟེར་བ་དེ་དྲན།”
“འོན་ཀྱང་ངས་ད་དུང་མིའི་འཚོ་རྟེན་གང་གིས་བྱེད་པ་མ་ཤེས། དེས་ན་ངས་མུ་མཐུད་དུ་དཀོན་མཆོག་གིས་གནས་ལུགས་ཆེས་མཇུག་མཐའ་དེ་གསེལ་དཀྲོལ་བྱེད་པར་སྒུག་པ་ཡིན། ལོ་དྲུག་པར་བུ་མོ་ཆུང་ཆུང་གཉིས་དང་བུད་མེད་ཅིག་ཡོང་། ངས་བུ་མོ་ཆུང་ཆུང་འདི་གཉིས་ཀ་ངོས་བཟུང་ཞིང་ཁོ་གཉིས་ཇི་ལྟར་ནར་སོན་པ་རྟོགས། དེ་བས་ངའི་བསམ་པར་ཨ་མ་དེས་བྱིས་པ་གཉིས་ཀའི་ཆེད་ང་ལ་མོའི་རྣམ་ཤེས་བསྐྱུར་བར་ཞུ་བ་བྱེད་དུས། ངས་མོའི་སྐད་ཆར་ཉན་ཏེ་བྱིས་པར་ཕ་མ་མེད་པར་འཚོ་མི་ཐུབ་པར་འདོད། མཇུག་མཐར་རྒྱུས་མེད་ཀྱི་བུད་མེད་ཅིག་གིས་བསྙོར་ཏེ་ནར་སོན། བུད་མེད་འདིས་གཞན་གྱི་བྱིས་པར་སྙིང་ཉེ་སྟེ་མཆི་མ་བཞུར་དུས་ངས་མོའི་གདོང་ལས་ངེས་པ་དོན་གྱི་དཀོན་མཆོག་མཐོང་སོང་བར་མ་ཟད། མིའི་འཚོ་རྟེན་གང་གིས་བྱེད་པ་ཡང་རྟོགས་སོང་། འདི་ལྟར་དཀོན་མཆོག་གིས་ང་ལ་ཆེས་མཇུག་མཐའི་གནས་ལུགས་གསེལ་བཀྲོལ་བྱས་པར་མ་ཟད་དགོངས་ཡངས་གནངས་སོང་། དེའི་ཕྱིར་ང་བགད་པ་ཡིན།”
“ད་ལྟ་ངས་མི་རྣམས་ཀྱི་འཚོ་བ་མཐའ་དག་ནི་བརྩེ་བར་བརྟེན་ནས་འཚོ་ཞིང་བཞེས་པ་ཤེས། སུ་ཞིག་བརྩེ་སེམས་ཁྲོད་ནས་འཚོ་ཞིང་གནས་ན་དེའི་འཚོ་བའི་ཁྲོད་དཀོན་མཆོག་དངོས་སུ་བཞུགས་ལ། དེའི་སེམས་ནང་ནའང་དཀོན་མཆོག་བཞུགས་ཡོད། རྒྱུ་མཚན་དཀོན་མཆོག་ནི་བརྩེ་བའི་བདག་ཉིད་ཡིན་ནོ། །”
འབྲེལ་ཡོད་འོས་སྦྱོར།