logo

སློབ་བུ་ལྡོང་སྲས་ཨ་བྷེའི་ལྷུག་རྩོམ《ཁྱོད་རང་བགྲོད་སའི་ལམ་དུ》།

རྩོམ་པ་པོ།:ལྡོང་སྲས་ཨ་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-27 ཀློག་གྲངས།:

ཁྱོད་རང་བགྲོད་སའི་ལམ་དུ།
ལྡོང་སྲས་ཨ་བྷེ། (ལན་གྲུ)

     ད་ནི་ནམ་མཁའ་གཡའ་དྭངས་ཤིང་ས་གཞི་ལྗང་ནེམ་མེར་བཀྲ་བའི་དབྱར་གཞུང་གི་ས་སྲོད་ཅིག་རེད། ངས་ཕྱི་དྲོ་འདིའི་སློབ་ཐུན་མེད་པའི་བར་གླགས་དང་བསྟུན་ཏེ། རང་ཉིད་གཅིག་པུ་ཕྱི་ལ་འཆམ་འཆམ་དུ་ཡོང་བ་ཡིན། སློབ་གྲྭ་དང་དགོན་པ་འདི་ལས་ཕྱིར་བུད་དེ་རྒྱང་ལྟ་ཙམ་བྱས་ཚེ། གོམ་པ་བརྒྱ་ཕྲག་འགའི་མཚམས་སུ་ཟི་ལིང་དང་ཁྲི་ཀ་ནས། མགོ་ལོག་དང་འབའ་རྫོང་། མང་རྫོང་སོགས་སུ་ཡར་རྒྱུག་མར་རྒྱུག་བྱེད་སའི་མྱུར་བགྲོད་གཞུང་ལམ་ཕྲ་མོ་དེ་རེད། ལམ་ཕྲན་དེ་ལྗང་མདོག་རྣམ་པར་བཀྲ་བའི་གོང་ཁའི་སྤང་གཞོངས་སུ་འབྲེང་ཐག་ཅིག་ཐང་དུ་བཀྲན་པ་དང་འདྲ་བར་འདུག འདི་ནས་ཡར་ལ་བརྩིས་པའི་མི་ལོ་བཞི་ཏག་ཏག་གི་སྔ་རོལ་ནས་བཟུང་། ཁྱོད་ཀྱིས་ཀྱང་ལམ་ཕྲན་འདི་བརྒྱུད་དེ་མཐོ་འབྲིང་ལོ་རིམ་དང་པོ་ནས། ད་ལྟའི་སློབ་ཆེན་ལ་ཐུག་གི་བར་དུ་གཞུང་ལམ་ཕྲ་མོ་འདི་བརྒྱུད་ཅིང་སང་ཉིན་ཡང་བརྒྱུད་ངེས་པ་དྲན་སོང་།
     དེ་བས། ངས་ཁ་རོག་གེར་གཞུང་ལམ་དེར་ཅེར་ནས་ཡུན་རིང་ཞིག་བསྡད་རྗེས། རྟ་ཁ་གློད་པའི་ཅང་ཤེས་ཤིག་དང་འདྲ་བར་གཞུང་ལམ་ཕྲ་མོ་དེའི་འཁྲིས་སུ་བཅར་བ་ཡིན། ང་ལམ་ཆེན་འདིའི་དཀྱིལ་དུ་དྲང་བོར་འགྲེངས་སྟེ་མགོ་བོ་ལྟག་པར་དགྱེས་ཤིང་། མིག་ཟུང་གིས་ནམ་མཁར་ཅེར་ཏེ། ལམ་ཆེན་འདིའི་སྟེང་དུ་ཁྱོད་ཀྱི་རྐང་རྗེས་གང་མང་ཞིག་བཀོད་ཡོད་ཅིང་། འཛུམ་མདངས་ཀྱང་མང་བོ་ཞིག་བསྣམས་ཏེ་སོང་ཡོད་པར་སྒོམ་བཞིན། ངས་ཁྱོད་རང་ཁོ་ན་དྲན་ཞིང་བསམ་གཞིག་གི་དབྱིངས་སུ་འཐིམས། ང་རང་གཅིར་ལ་ཁད་དང་རྫོགས་ལ་ཁད་ཀྱིས་རྒྱུག་བཞིན་པའི་ཡར་མར་གྱི་འགྲུལ་བཞུད་རླངས་འཁོར་དེ་དག་ཀྱང་། བདག་གི་གཡས་གཡོན་གཉིས་སུ་གཞོལ་ཏེ་རྒྱང་རིང་དུ་བཞུད་འགྲོ། རླངས་འཁོར་ནང་གི་མི་ཚོས་ལམ་དཀྱིལ་དུ་མི་ཞིག་འགྲེངས་འདུག་པ་ལ་ཡ་མཚར་ཞིང་གླེན་པ་ཞིག་རེད་ཟེར། ད་དུང་ཁ་ལོ་བ་རེ་ཤས་ཀྱིས་སྡིག་དམོད་གཏོང་གིན་འདུག རེད་དེ། ཁོ་ཚོས་དེ་ལྟར་བྱེད་རྒྱུ་ལས་ང་ཁྱེད་ལ་དགའ་ཞིང་། ངས་ཁྱོད་རང་དྲན་བཞིན་པ་ཚོར་བ་ཕར་ཞོག ཐ་ན་ང་རང་ཅིས་ཕྱིར་ལམ་དཀྱིལ་དུ་འགྲེང་བའང་མི་ཤེས། གཞུང་ལམ་ཕྲ་མོ་འདིའི་སྟེང་དུ། རླངས་འཁོར་ཆེ་ཆུང་སྣ་ཚོགས་འུར་སྒྲ་དང་བཅས་ཏེ། ཡར་རྒྱུག་མར་རྒྱུག་གིས་བགྲོད་ཀྱིན་འདུག་ཅིང་། ལམ་འགྲམ་གྱི་ངོགས་གཉིས་སུ་ཁྲ་ལམ་མེར་བཀྲ་བའི་མེ་ཏོག་དང་རྩི་ཤིང་གི་བཀྲགས་མདངས་རྒྱས་ལ། དེའི་སྟེང་དུ་རྟ་ནོར་ལུག་གསུམ་གྱིས་མཐའ་རུ་བསྐོར་བའི་རུ་བ་སྐོར་དང་སྐོར་བྱས་ཏེ་འདུག ཁོ་ཚོ་ནི་ལྷིང་འཇགས་སེར་བདག་གི་སྐྱོ་བ་དང་སྡུག་གཏམ་ལ་རྣ་བ་བླགས་མཁན་ཞིག་དང་དབྱེར་མ་མཆིས།
     ས་སྲོད་འདིར། མཚམས་ལན་རེར་ཁྱེད་རང་གཞུང་ལམ་ཕྲ་མོ་འདི་བརྒྱུད་ནས་ཡོང་བཞིན་འདུག་སྙམ་པའི་འཕྲུལ་སྣང་གིས། ང་རང་ཡོངས་སུ་བཟི་བར་བྱེད་ཅིང་། ཡང་མཚམས་ལན་རེར། ཁྱེད་རང་གཞུང་ལམ་ཕྲ་མོ་འདི་བརྒྱུད་དེ་རྒྱང་དུ་བཞུད་སོང་སྙམ་པའི་སྡུག་སྣང་གིས་ཡོངས་སུ་གདུང་བར་བྱེད། བསྡད་ཀྱིན་བསྡད་ཀྱིན་དུ། ནུབ་ཕྱོགས་སུ་འོད་ཟེར་ལམ་ལམ་འཕྲོ་བའི་ཉི་གཞོན་དེའང་། ཁྱོད་རང་ང་ལ་བཀྱེད་སོང་བ་དང་འདྲ་བར། རྒྱང་རིང་ནས་རྒྱང་རིང་དུ་ཕྱིན་ཏེ་ཡུན་གྱིས་མི་སྣང་བར་གྱུར་ཅིང་། ས་གཞི་ཡོད་ཚད་ཀྱང་ནག་རོག་གེར་བཏང་སོང་། དེ་དུས་ངས་ད་གཟོད། རང་ཉིད་ནི་འཇིག་རྟེན་འདིའི་གྲུ་ཟུར་གང་རུང་ཞིག་ཏུ་ལྷག་པའི་ཁེར་རྐྱང་གི་མི་བུ་ཞིག་ཡིན་པ་གཞི་ནས་ཚོར། ཡུན་གྱིས་ང་རང་གཞུང་ལམ་གྱི་འགྲམ་དུ་བུད་ཅིང་། ཡངས་པའི་སྤང་ཁུད་ཞིག་ཏུ་གན་རྐྱལ་དུ་ལོག་སྟེ། ཁ་གནམ་ལ་འཁོར་ནས་མིག་ཟུང་ག་ལེར་དུ་བཙུམ། ཞིབ་འདང་ཞིག་བརྒྱབ་ན། ང་ནི་གཟེབ་ལ་བཅུག་པའི་ཉམ་ཐག་གི་བྱིའུ་ཞིག་དང་འདྲ་བར། ཁྱོད་ཀྱི་མངའ་ཐང་ཆུང་ཆུང་ལས་ཐར་ཐུབ་མི་འདུག་པ་གསལ་བོར་རྟོགས།
     ཁྱོད་ཀྱི་ཆེད་དུ། ང་རང་ལན་གྲུ་ནས་ལམ་ལ་ཆས་ཤིང་། ཟི་ལིང་བརྒྱུད་དེ་རྟ་ཐང་རྫོང་དུ་ཐེངས་གཉིས་སུ་འབྱོར་བའང་། ཁྱོད་ཀྱི་འཛུམ་མདངས་ཤིག་གི་ཆེད་དུ་ཡིན་པ་ལས་གཞན་གང་ཡང་མིན། སྙིང་ཉེ་ལགས། ངས་ཁྱེད་ལ་འགྱོད་བཤེགས་ཞུ་འོས། ང་ལ་ཀུ་ཡངས་གནང་མི་དགོས། ཚེ་རབས་ནས་ཚེ་རབས་སུ། ང་ནི་རང་ཉིད་དགའ་སའི་མི་ལ་ཡིད་རྟོན་བྱེད་མི་ནུས་པའི་འཆལ་པོ་ཞིག་ཀྱང་ཡིན།
     ཕྱིར་དྲན་ནི་ནམ་ཡང་བཀླག་མི་ཚར་བའི་ལོ་རྒྱུས་ཀྱི་དེབ་རྒན་ཞིག་དང་འདྲ་བར། ང་ཚོའི་འཚོ་བའི་མངར་སྐྱུར་གྱི་ཉིང་ཁུ་སྦྲུམ་ནས་ཡོད། ཐེངས་ཤིག ང་རང་ཟི་ལིང་འགྲུལ་སྐྱེལ་ས་ཚིགས་ཉེ་འགྲམ་གྱི་འབབ་ཚིགས་ཆུང་བ་ཞིག་ཏུ་ལན་གྲུ་ལ་འགྲོ་བར་སྟ་གོན་བགྱིས་ཏེ། རླངས་འཁོར་ལ་སྒུག་སྡོད་དུས། ཁྱོད་དང་ཁྱོད་ཀྱི་གྲོགས་མོ་གཉིས་གློ་བུར་དུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་ཐོན་ཞིང་། ཁ་ལོ་བ་དེས་ཀྱང་བདག་གི་དྲན་པ་རྟོགས་སོང་བ་ནང་བཞིན། རླངས་འཁོར་གློ་བུར་དུ་ངའི་གམ་ནས་བསྡད་ཅིང་། ཁྱོད་དང་ཁྱོའི་གྲོགས་མོ་གཉིས་སྡོད་སའི་སྒེའུ་ཁུང་དེ། ད་དུང་ངའི་ཁ་གཏད་དུ་བབས་བྱུང་བ་དྲན་ནམ།
     གལ་སྲིད་ཁྱོད་ཀྱི་གྲོགས་མོ་དང་ཁྱོད་གཉིས་ཀྱི་འདུག་སྟེགས་བརྗེས་ཏེ། ཁྱོད་རང་ཡོད་ས་དེ་སྒེའུ་ཁུང་གམ་གྱི་འདུག་སྟེགས་གཉིས་པ་མིན་པར། ཁྱོད་ཀྱི་གྲོགས་མོ་ཡོད་སའི་སྒེའུ་ཁུང་གི་འགྲམ་དེ་ཡིན་ཚེ། ང་ཁྱོད་ཀྱི་འཁྲིས་སུ་བརྒྱུག་སྟེ་སྐད་ཆ་མང་བོ་ཞིག་བཤད་སྲིད་པ་ཁོ་ཐག་ཡིན། ཁྱོད་ཀྱིས་སྟོད་ལྭ་སྔོན་པོ་ཞིག་གོན་ཞིང་གཅིག་སྤྱོད་ཀྱི་ཁ་ཐུམ་ལྗང་སྐྱ་ཞིག་བརྒྱབ་འདུག ཁྱོད་ཡིད་ཨེ་ཆེས། ཁྱོད་རང་བདག་གི་མཐོང་ལམ་ལ་མ་བརྒྱུད་པའི་ཡར་སྔོན་ཏག་ཏག་ཏུ། དེ་རིང་ཁྱོད་བདག་གི་ཉེ་ས་འདི་ཞིག་ཏུ་ལོས་ཡོད་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེས་སོང་།
     དུས་ཡུན་འཁྱུག་ཙམ་ཕྱིན་རྗེས། ཁྱོད་སྡོད་སའི་རླངས་འཁོར་དེ་གཟུང་ཐག་ཆད་པའི་ཤོག་བྱ་ཞིག་དང་མཚུངས་པར། རྒྱང་རིང་ནས་རྒྱང་རིང་དུ་ཕྱིན་པས། ངའི་ཡིད་སེམས་ཐམས་ཅད་བློང་བློང་བོར་གྱུར་ཞིང་། དོན་ལྔ་སྣོད་དྲུག་གི་རྩ་རྒྱུད་རེ་རེ་དབྱུངས་ནས་བུད་སོང་བ་དང་ཅི་འདྲའི་མཚུངས་ཨང་། ངས་ཁྱོད་སྡོད་པའི་རླངས་འཁོར་དེ་མི་མཐོང་བའི་བར་དུ་བལྟས་ཏེ་བསྡད། ཡིན་ཡང་། ཆུ་ཚོད་མང་བོ་ཞིག་འགོར་རྗེས། ང་ནི་རྨས་སྐྱོན་ཐེབས་པའི་ཤེའུ་ཞིག་དང་འདྲ་བར་གཅིག་པུ་ལམ་དུ་ཆས་པ་ཡིན།
     ལང་ཚོའི་མེ་ཏོག་གི་ལོ་ཟླ་གདན་དུ་བཏིངས་ཤིང་། དུང་སེམས་རེ་སྒུག་གི་མཆོད་པ་ལོ་གསུམ་དུ་ཕུལ་བའི་ཁྱོད་རང་། ཁོ་བོའི་རྨི་ལམ་དུ་རྨིས་པའང་ཉུང་ཉུང་མིན། ཐེངས་ཤིག་གི་རྨི་ལམ་ནང་དུ། ཁྱོད་ཀྱིས་རྟ་ཕོ་གྱོ་གྱོ་ཞིག་ཞོན་ཞིང་། ལུས་ལ་གོས་ལྭ་ལྗང་ནག་ཅིག་གོན་ཏེ། རྩྭ་ཐང་ཞིག་ནས་ངའི་གམ་དུ་བསླེབས་བྱུང་། ང་ལ་སྨྲ་མི་ཤེས་པའི་དགའ་སྣང་ཡ་མཚར་ཞིག་སྐྱེས་ཤིང་། ཅི་བཤད་དགོས་པའང་མ་ཤེས་པར་རང་གི་ཁ་པར་བླངས་ནས་ཁྱོད་རང་པར་དུ་བསྐྱོན་ཅི་ཐུབ་བྱེད་པ་ལས། སྐད་ཆ་ཚིག་གཅིག་ཀྱང་མ་ཤོད་དེ། ཁྱོས་ཀྱང་འཛུམ་དམུལ་དམུལ་དུ་རྟ་གོང་ནས་ང་ལ་ལྟ་བ་ལས། པར་ལེན་མི་ཆོག་པའི་རྣམ་འགྱུར་གང་ཡང་བསྟན་མ་སོང་། བར་མཚམས་ཤིག་ལ། ངས་ཁྱེད་ཀྱི་རྒྱབ་གཟུགས་དེ་པར་འགའ་བླངས་རྗེས། ང་ཁྱོད་ཀྱི་མདུན་དུ་རྒྱུག་དུས། སུས་ཀྱང་བློ་ཡུལ་དུ་མི་ཤོང་བ་ཞིག་ལ། མི་དེ་གློ་བུར་དུ་འགྱུར་ནས་ཁྱོད་མིན་པར་ངོ་མི་ཤེས་པའི་སྐྱེས་མ་གཞན་ཞིག་རེད། ལུས་སེམས་ཧྲིལ་བོ་སྦྲིད་དམ་མེར་སོང་ཞིང་རྨི་ལམ་ལས་ཡོངས་སུ་སད།
     ཡང་ར་བཟི་བའི་མཚན་མོ་ཞིག་ལ། ངའི་རྨི་ལམ་དུ་རྨིས་པ་ནི། ཁྱོད་རང་ལྷ་སྒྲུང་གློག་བརྙན་དུ་ཕབ་པའི་ནང་གི་ལྷ་མོ་དེ་དག་དང་འདྲ་བར། བར་སྣང་གི་སྤྲིན་པ་དམའ་མོ་ཞིག་ལ་ཞོན་ཏེ་འཕུར་གྱིན་འདུག ངས་ཁྱོད་ཀྱི་མིང་ནས་འབོད་ཞོར་དང་རྒྱུག་ཞོར་ཅི་འདྲ་བྱས་ཀྱང་། ཁྱོད་ཀྱིས་ང་ལ་བལྟས་ཏེ་སྐད་ཆ་གང་ཡང་མི་བཤད་པར་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་ཏེ། མཐའ་མཇུག་མི་སྣང་བར་གྱུར། ངའི་སྙིང་མགོ་ལ་ལྕགས་གཟེར་བརྡབ་པ་ལྟ་བུའི་ན་ཟུག་ཅིག་སྐྱེས་ཤིང་། ན་ཟུག་མ་བཟོད་པར་ཀི་རྒྱངས་ཤིག་བྱས་པས། རང་ཉིད་ཀྱང་གཉིད་ལས་སད། ངས་རང་དབང་མེད་པར་ཁྱོད་ཀྱི་ཁ་པར་ཨང་གྲངས་མནན་ནས་ཐེངས་འགར་བཏང་ཡང་ཉན་མཁན་མ་བྱུང་།
      མཚམས་འདིར་འདས་དོན་དག་བསྐྱུར་ལ། སྐབས་སུ་དྲན་པའི་སྙིང་གཏམ་ཞིག་བཤད་པར་བྱ། ནམ་ཞིག་གི་ཚེ་ན་ང་ནི་གཤོག་པ་རྨས་པའི་བྱ་གླག་ཞིག་དང་འདྲ་བར། ལུས་སེམས་དང་འབྱུང་གཞི་ཐམས་ཅད་ནད་ཀྱིས་ཟིན་ཞིང་། ནད་ཁྲི་ཆུང་ཆུང་ཞིག་གི་སྟེང་དུ་དབུགས་ཀྱི་རྒྱུ་བ་མ་འགག་ཙམ་དུ་ཡོད་དུས། ངས་ལྷག་ཏུ་ཁྱོད་རང་དྲན་ངེས། ཡིན་ཡང་། ང་ལ་རེ་སྨོན་ཆུང་ཆུང་ཞིག་ལས་ཅི་ཡང་མེད། དེ་ནི་ཁྱོད་ཀྱིས་ང་ལ་ཆེས་མཐའ་མའི་བདེ་མོ་ཞིག་འཇོག་པའི་རེ་བ་དེའོ།།
     ནམ་ཞིག་གི་དུས་ན། ང་རང་འཆི་སྲིད་ཀྱང་། ངའི་སྙན་ངག་དག་མི་འཆི་བར་ང་ལ་ཡིད་ཆེས་ཡོད། སྤྱིར་ན། ངས་མིའི་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་སོགས་གང་ཡང་ཁས་མི་ལེན། ཡིན་ཡང་། དོ་ནུབ་ངས་ཡོད་ཚད་ལ་ཁས་ལེན་བྱས་ཡོད། ངའི་ཚེ་སྲོག་གི་རྒྱུ་བ་འགག་ཟིན་པའི་ཉིན་མོ་དེ་ནིི། ང་ལ་རང་དབང་དང་བརྩེ་དུང་ཐོབ་ཟིན་པའི་ཉིན་མོ་ཡིན། དེ་དུས། ང་ནི་ཁྱེད་ཀྱི་གྲིབ་གཟུགས་ཡིན། ངའི་རྣམ་ཤེས་ཀྱིས་བྲིས་ཟིན་པའི་སྙན་ངག་དག་གྱེར་ཞོར་ཁྱེད་ཀྱི་ཉེ་ས་ཞིག་ཏུ་བསྙེག་ཡོང་ངེས།
     ད་ནི་ནམ་མཁའ་རུ་སྐར་འོད་ལམ་ལམ་དུ་འཚེར་ཞིང་། རྩྭ་ཐང་དུ་སྒོ་ཁྱིའི་ཟུག་སྐད་རེ་འགའ་ལས་ཅི་ཡང་ཐོས་ཀྱི་མི་འདུག ངའང་ཕྱིར་རང་མལ་དུ་ལོག་རན་སོང་། སྐབས་སུ་ཡོད་ཚད་ལ་བདེ་མོ་བཞག་འཇོག སྙིང་ཉེ་ལགས། དོ་ནུབ་ཁྱོད་ཀྱིས་སུ་ཞིག་དྲན་བཞིན་ཡོད་དམ། གཟིམ་འཇགས་ཞུའོ།།

ཕྱི་ལོ2015ལོའི་ཟླ8པའི་ཚེས15ཉིན་ཚོང་འོང་གོང་ཁ་རུ་སྦྱར་རོ།།


འབྲེལ་ཡོད་འོས་སྦྱོར།