དཀོན་མཆོག་ལྷ་མོའི་ལྷུག་རྩོམ《ང་དང་བོད་ཡིག་སློབ་དེབ་བར་གྱི་གཏམ་རྒྱུད》།
རྩོམ་པ་པོ།:དཀོན་མཆོག་ལྷ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-24
ཀློག་གྲངས།:
ང་དང་བོད་ཡིག་སློབ་དེབ་བར་གྱི་གཏམ་རྒྱུད།
རུས་མིང་། དཀོན་མཆོག་ལྷ་མོ།སློབ་གྲྭ ཧོང་ཡོན་རྫོང་མི་རིགས་བཅའ་སྡོད་བོད་ཡིག་སློབ་འབྲིང་།
འཛིན་གྲྭ མཐོ་གཉིས་འཛིན་གཉིས།
མཛུབ་སྟོན་དགེ་རྒན། བསེ་ཀུན་དོང་།
སྔོན་བསགས་ཀྱི་ལས་དབང་ཞིག་གིས་ངའི་ཚེ་སྲོག་གཉོམ་པོ་འདི་འདི་ལྟར་མི་ཡུལ་འདིར་བཞད་ཅིང་མི་རིགས་འདིར་སྐྱེས་པ་དང་། བོད་ཅེས་པའི་མི་རིགས་འདི་དང་བོད་ཡིག་ཅེས་པའི་མིང་དེ་གཉིས་ཀྱང་དུས་དེ་ནས་བཟུང་གཏན་དུ་ངའི་རུས་པའི་ཕབས་སུ་སིམ་སོང།
ང་རང་ལོ་ངོ་བདུན་ཙམ་ལ་སོན་པའི་ལོ་དེའི་ཉིན་ཞིག་ལ། ཁྱིམ་ཚང་གི་སྐྱེས་པ་ཚོས་ཁལ་རྩིད་འབྲེག་བཞིན་པ་དང་བུད་མེད་ཚོས་ཟོག་མཐའ་སྐོར་བར་བྲེལ་བཞིན་པའི་མོད་ལ། སྔ་མོ་ནས་ཤིང་ཐོག་ཏུ་ཚོགས་འདུར་བྱིན་པའི་རྨོ་བོས་ཚེར་ཞྭ་ཟུར་གྱོན་དང་རྟ་ཐོག་ཏུ་ཟུར་འདུག་ཅིག་བྱས་ནས་ཕྱིར་ཐོན་པ་དང་། ཞོར་དུ་ང་རང་སློབ་གྲྭར་འཚོག་རན་ལ་སླེབས་ཟིན་པས་ད་ལོའི་སློབ་འགོ་ཚུགས་པ་དང་ལྷན་དུ་སློབ་གྲྭར་འགྲོ་དགོས་པའི་བརྡ་འབྱོར་སོང་བར་བཤད། གཏམ་དེ་ཐོས་མ་ཐག་ཨ་མས་ནི་ང་ལ་སྙིང་རྗེས་བའི་བྱིལ་བྱིལ་ཡང་ཡང་བྱེད་ཅིང་། མིག་ལ་མི་བཟོད་པའི་མཆི་མ་འཁོར་བཞིན་རློམ་མི་ཕོད་པའི་ཚུལ་གྱིས་རྨོ་བོ་ལ་ནན་འདྲི་བྱས་བར། རྨོ་བོས་བདེན་ཐག་ཆོད་པར་སྨྲས་པས་ཁྱིམ་མི་གང་བོས་ང་རང་སློབ་གྲྭར་འཚོག་གྲབས་སྐོར་གྱི་གྲ་སྒྲིག་གང་ལེགས་བྱས།
ང་རང་སློབ་གྲྭར་འཚོག་པའི་ཉིན་དང་པོར། རྒན་ལགས་ཀྱིས་ང་ཚོ་མི་རེ་རེར་མདུན་ངོས་སུ་མཛེས་རིས་སྣ་ཚོགས་ཡོད་པའི་དཔེ་དེབ་གྲུ་བཞི་རེ་རེ་སྤྲད་ཅིང་། མི་རེ་རེས་ངེས་པར་དུ་ཚགས་པར་བཀོལ་བའམ་འགྱིག་ཤུབས་ཉོ་བ་སོགས་གང་ལྟར་དཔེ་ཤུན་རེ་རྒྱག་དགོས་པའི་རེ་བ་བཏོན། དཔེ་དེབ་གསར་བ་ལག་ཏུ་འབྱོར་མ་ཐག་སློབ་གྲོགས་ཚང་མས་མཚར་སྣང་དང་བཅས་ལག་ཏུ་བླངས་ཏེ་ཕར་ཚུར་ལ་བརྗེས་ནས་ལྟ་ཞིང་། གསོན་ཉམས་ལྡན་པའི་པར་རིས་རེ་མཐོང་དུས་དགའ་སྤྲོས་ངང་ཡང་ནས་ཡང་དུ་ལྟ་བ་དང་སློབ་གྲོགས་ཕན་ཚུན་ལ་སྟོན་པ་སོགས་ཅི་ཡང་བྱེད། མཛེས་རིས་འདྲ་མིན་བཀོད་འདུག་པའི་དཔེ་དེབ་དེ་དག་ལས་བདག་གི་མིག་མདུན་དུ་ལྷག་པར་མངོན་ཆེ་བར་སྣང་བ་ནི། སྟེང་དུ་བོད་ལྭ་གྱོན་པའི་བུ་མོ་ཆུང་ཆུང་ཞིག་གིས་པང་དུ་ལུ་གུ་སྙིང་རྗེ་བོ་ཞིག་བཟུང་བ་དང་དེའི་ཐོག་ཏུ་སྐད་ཡིག་ཅེས་པའི་ཡིག་འབྲུ་གྲལ་དག་ལ་གཟུགས་མཛེས་པོར་བཀོད་འདུག་པའི་དེབ་དེ་རེད།
ཕྱིར་ཡུལ་དུ་ལོག་རྗེས། ང་ལ་དཔེ་ཤུན་ཉོ་བྱེད་ཀྱི་སྒོར་མེད་པས་སེམས་ཆུང་ངང་སྙིང་ཉེ་བར་འདུག་པའི་སྐད་ཡིག་དཔེ་དེབ་དེར་ཚགས་པར་གྱིས་དཔེ་ཤུན་གཙང་ཞིང་གྲལ་དག་པ་ཞིག་བརྒྱབས། ཞོགས་པ་རེ་རེར། བདག་གིས་སྐད་ཡིག་དཔེ་ཆ་དེ་ལག་ཏུ་བཟུང་ནས་སྐད་གསང་མཐོན་པོའི་སྦྱངས་མ་ཐག་པའི་སློབ་ཚན་ཐུང་ངུ་དག་ཀློག་འདོན་བྱེད་པ་དང་། དེབ་དེའི་ནང་གི་ཁེད་དང་གབ་ཚིག མིང་ཚིག་གསར་བ་དག་འབྲི་དེབ་ཆུང་ཆུང་ཞིག་ཏུ་ཡང་ནས་ཡང་དུ་ཞིབ་མོ་བྱས་ནས་ཕབས་པ་ཡིན། དེ་སྔོན་ནམ་རྒྱུན་དུ་རྩེ་མཚར་དགོད་གཏམ་གྱི་བར་ནས་ཉི་མ་འཁྱོལ་ཐབས་བྱེད་པར་གོམས་ལོབས་སུ་སོང་ཟིན་པའི་བྱིས་པ་མགོ་རྟིག་ཅིག་ལ་མཚོན་ན། གློ་བུར་དུ་ངེས་པར་སྒྲུབ་དོས་པའི་ལས་འགན་ནམ་བྱ་བ་ཞིག་ཕྲག་སྟེང་དུ་བབས་བྱུང་བ་ནི་དངོས་གནས་ཁྱད་མཚར་ཞིག་རེད། ལྷག་པར་མཐའ་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཁྱོད་ཀྱིས་དོན་ཆེན་ཞིག་སྒྲུབ་ཀྱིན་པ་ལྟ་བུའི་ཁྱེད་ཀྱི་བྱ་བར་གདེང་འཇོག་དང་རྒྱབ་སྐྱོར་གནང་སྐབས། ཚོར་བ་དེ་ཇི་འདྲའི་སྐྱིད་པོ་ཞིག་ཡིན་མིན་ཁྱེད་ཀྱིས་རྟོགས་ཐུབ་པར་ང་ལ་ཡིད་ཆེས་གཏིང་ཟབ་མོ་ཡོད། དེ་བས་རང་ནི་སྔར་ལས་ལྷག་པར་ལས་འདིར་སྤྲོ་བར་གྱུར།
དོན་དམ་དུ། ཉིན་རེ་རེར་རང་ཉིད་ཀྱི་སྐད་ཡིག་ཆུ་ཚད་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་པའི་སྣང་བ་ཡོད་པ་དེ་ནི་ངའི་དུས་སྐབས་དེའི་བདེ་སྐྱིད་ཆེས་ཆེན་པོ་ཞིག་ཏུ་གྱུར་འདུག ངེད་ཚང་ལ་མགྲོན་པོར་ཡོང་བའི་མི་རེ་རེས་བདག་ལ་སློབ་སྦྱོང་གི་གནས་ཚུལ་དྲིས་ཚེ་ངས་ནི་ནམ་རྒྱུན་ང་རྒྱལ་དང་བཅས་སྐད་ཡིག་དཔེ་ཆ་དེ་ཚུར་བླངས་ནས་འབྲི་ཀློག་བྱེད་པ་དང་། སྔར་ནས་བློར་བཟུང་ཟིན་པའམ་སོ་མ་སྦྱངས་ཕྱིན་པའི་ཁེད་དང་གབ་ཚིག་དག་ཤར་ལེར་བློ་འདོན་བྱེད་ཅི་ཐུབ་ལྟ་སྲིད། ཁོ་ཚོས་བཅོས་མིན་གྱི་སྐུལ་མ་དང་ཨ་མའི་གདོང་གི་ཡིད་ཚིམ་པའི་དགོད་འཛུམ་མཐོང་ཐེངས་རེར། ང་ལ་ང་རྒྱལ་འདི་དང་གཟི་བརྗིད་དེ་གནང་མཁན་གྱི་སྐད་ཡིག་སློབ་དེབ་ལ་དེ་བས་དུང་ཞིང་འབྲལ་མི་འདོད་པར་འདུག
ལོ་རིམ་ཇེ་མཐོར་སོང་བ་དང་བསྟུན་ནས་སྐད་ཡིག་གཞན་དག་ཀྱང་མི་སྦྱོང་ག་མེད་ཀྱི་གནས་སུ་གྱར་ཡང་། ངས་ཆེས་ཐོག་མར་ང་ལ་བདེ་སྐྱིད་དང་སྤྲོ་བ་ཚད་མེད་སྦྱིན་མྱོང་བའི་གྲོགས་པོ་དེ་རྒྱབ་ལ་དོར་མ་མྱོར་པར་སྔར་བས་རང་གི་ངོམ་ཆོག་ཆོག་གི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ངས་གང་ལྟར་ཀྱང་དུས་ཚོད་མང་པོ་ཞིག་སླབ་ཚན་གཞན་པ་དག་གི་སྟེང་ལ་བཀོལ་དགོས་ཀྱི་ཡོད་པས། རང་གི་སྐད་ཡིག་ཆུ་ཚད་འཕེལ་མེད་སོར་གནས་ཀྱི་གནས་སུ་གྱར་བར་སེམས་ཁྲལ་གང་མང་བྱེད་དགོས་བྱུང་སྟེ་ངས་རང་ཉིད་ཀྱི་ང་རྒྱལ་དེ་འཆོར་མི་འདོད། དངོས་གནས། ང་ལ་བདེ་བ་དང་སྤྲོ་སྣང་གིས་ཁེངས་པའི་ལོངས་སྤྱོད་གང་ཞིག་དོར་དུ་བཅུག་ནའང་ཆོག་མོད ། ངས་རང་གི་སྐད་ཡིག་འདི་སྦྱོང་བར་བར་ཆད་མི་ཡོང་པར་མཁྱེན། འདི་ནི་ངའི་གཤིས་བཟང་བརྩོན་འགྲུས་ཅན་གྱི་ཕ་མེས་ཚོས་ང་ལ་བཞག་པའི་ལ་རྒྱ་དང་གཟི་བརྗིད་ཡིན།
ལོ་ངོ་བཅུ་ཙམ་སོང་བའི་དེ་རིང་ཡང་། ངས་ནམ་ཡང་བོར་མ་མྱོང་བའི་སྐད་ཡིག་དཔེ་ཆ་འདི་ད་དུང་ང་དང་འགྲོག་ས་འདུག བདག་འཚར་ལོངས་འབྱུང་བཞིན་པ་དང་ལྷན་དུ། དེབ་འདི་འང་ལོ་གསུམ་རེ་འགོར་རྗེས་ཇེ་མཐུག་དང་ཇེ་ཆེ་རུ་འགྲོ་བཞིན་འདུག་ཨང་། ངའི་སྙིང་ཉེ་བའི་ཁྱེད་རང་། བཀའ་དྲིན་ཆེ། ང་ལ་འདི་ལྟར་སྤྲོ་བ་དང་རེ་བ་གནང་བཞིན་འདུག ངའི་ལང་ཚོའི་འཕེལ་འགྲིབ་ཀྱི་ལམ་བུ་འདིར་བཞུད་རོགས་བྱས་པ་ཇི་བཞིན། མི་རབས་གསར་བ་སྟེ་སློབ་བུ་སྟོང་ཕྲག་མང་པོས་ཀྱང་ཁྱེད་ལ་གཅེས་འཛིན་དང་བདག་སྐྱོང་ལྷད་མེད་མཛད་ཅིང་། སློབ་ར་འགྲིམ་པའི་སློམ་བུ་ཆ་ག་བ་ཞིག་ལ་ཁྱེད་ཀྱིས་བསྩལ་བྱུང་བའི་སྤྲོ་བ་དང་བརྩེ་བ་འཛད་མེད་དེ་ཁོ་ཚོས་ཀྱང་བསྐྱར་མྱོང་ཞིག་བྱེད་ཐུབ་པར་སྨོན།
འབྲེལ་ཡོད་འོས་སྦྱོར།