དར་ཐུག་གི་ལྷུག་རྩོམ《འཕྲེང་སེམས་སྨིན་པའི་རྨི་ལམ་གྱི་ཐོག་མ》།
རྩོམ་པ་པོ།:དར་ཐུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-04-01
ཀློག་གྲངས།:
འཕྲེང་སེམས་སྨིན་པའི་རྨི་ལམ་གྱི་ཐོག་མ།
དར་ཐུག
ཡིན་ནའང་བདག་གིས་ནམ་ཡང་འདས་དོན་གྱི་དྲན་པ་རབ་རིབ་དག་སུན་སྣང་གི་སྐྱོན་གྱིས་མ་གོས་པར་ཡང་དང་བསྐྱར་དུ་ཕྱིར་དྲན་བྱས་པ་ཡིན་ལ། འདས་སོང་གི་བཤུལ་ལམ་ཁྲོད་ནས་བོར་ཟིན་པའི་རང་ཉིད་ཀྱི་གྲིབ་མ་རྙེད་ངེས་ཤིང་། གྲིབ་མ་དེ་ནི་མེ་ལོང་ཞིག་དང་མཚུངས་པར་རང་ཉིད་ཀྱི་ཐལ་དྲགས་པའི་སྤྱོད་ཚུལ་རེ་རེར་ཟུར་ཟའི་རི་མོའི་ཚུལ་གྱིས་མེ་ལོང་ཁྲོད་ནས་མངོན་ཡོང་ཞིང་། དེས་ནམ་ཡང་མི་བུ་ཚོའི་འགྲོ་འདུག་སྤྱོད་གསུམ་དེ་ཡུལ་དུས་ཀྱི་ཆོས་ཉིད་ལས་འདའ་མི་འོས་པའི་ཉེན་བརྡ་གཏོང་ཅིང་མཆིས། མཆོད་རྟེན་འགྲོགས་ན་དཀར་རག སླ་ང་འགྲོགས་ན་དྲེག་ནག་ཅེས་མི་རྣམས་ཀྱིས་བརྒྱ་ཁ་གཅིག་མཐུན་སྒོས་བཟང་འགྲོགས་ངན་འགྲོགས་ཀྱི་དབྱེ་བ་གསལ་དགོས་པའི་བསླབ་བྱ་གནང་བ་བཞིན། བདག་གིས་ནམ་ཡང་ཡུལ་དུས་གང་ལ་འཕྲད་ཀྱང་རང་ཉིད་སླ་ང་འགྲོགས་ནས་དྲེག་ནག་ཏུ་མི་འགྱུར་བའི་དམ་བཅའ་ཡང་དང་ཡང་དུ་བཞག་ནའང་། འཚོ་བའི་བཞུད་ལམ་ཁྲོད་ཁེ་ཕན་དང་འདུན་ལམ། དངུལ་ལོར་དང་བུད་མེད་སོགས་མིག་ཟུང་འཁྲུལ་དུ་འཇུག་པའི་ཚོང་རྫས་བཞིན་བཀྲམ་འོང་དུས། ངས་རང་ཉིད་ལ་བློ་ཡིད་ལས་འདས་པའི་དྲེག་ནག་ཞིག་འགོས་མི་འོང་ངམ་སྙམ་པའི་དོགས་པ་ཞིག་སྐྱེས་ནས་འོང་། གྲོགས་པོ་འདང་ཅན་དེ་ཚོས་ཁ་པར་བཏང་ནས་ཆང་ཁང་དུ་ཤོག་དང་ཆང་འཐུང་ཟེར། སྐབས་དེ་ཤེད་ལ་བདག་གིས་ཨུ་ཚུགས་མཐར་སྐྱེལ་སྒོས་སྤར་མོའི་ནང་ནས་སྨྱུ་གུ་འཆང་བཞིན་ངོ་བསྡུས་ནས་ཅི་ཞིག་འབྲི་རྒྱུ་ཨེ་རྙེད་ལ་རེ་ཤིང་། འོན་ཀྱང་སྤར་མོའི་ནང་གི་ཕྲོམ་ཕྲོམ་བཞུར་བའི་རྔུལ་ཆུ་དང་གོ་རིམ་འཁྲུག་པའི་བསམ་གཞིག་དེ་དག་གིས་བདག་ལ་ནམ་ཡང་བར་ཆད་བྱེད་ཅིང་། ཁྱེད་ཀྱིས་ཕལ་ཆེར་ཅི་ཡང་འཁྱོངས་སྲིད་ཀྱི་མ་རེད་ཅེས་ངོ་འཚང་འདྲི་བ་དང་མཚུངས།
ན་གཞོན་རང་རློམ་པ་འགས་ང་རྒྱལ་གྱི་མགོ་བོ་གྱེན་དུ་བཏེགས་ཏེ་ཡབ་མེས་ཚོའི་བླ་མེད་མཛད་རྗེས་ལ་བློ་ཡིད་ཚིམས་བཞིན་ཇ་ཆང་གི་ཀློང་ནས་དུས་ཚོད་མང་བོ་འཕངས་མེད་ངང་འཕྲོ་བརླག་ཏུ་གཏོང་ཚུལ་རྣམས་མཐོང་འོང་དུས། མ་འོང་བ་ན་དབྱངས་གསལ་གྱི་ཕ་ཁྱིམ་འདི་རུ་ཤེས་རིག་གི་ཉི་གཞོན་ཞིག་ཅིས་ཀྱང་འཆར་ཐབས་དབེན་སོང་སྙམ་པའི་འགྱོད་གདུང་ཞིག་ཀྱང་སྐྱེས་འོང་། ཡོད་ཚད་རྒྱུགས་ལ་རག་ལས་པའི་སློབ་འབྲིང་གི་ཚོགས། ཕ་མིང་རྒྱབ་ཏུ་བོར་ཏེ་གཞན་གྱི་རུས་རྒྱུད་འཚོལ་བའི་སློབ་ཆེན་པའི་སྡེ། བྲན་གཡོག་ལས་ལ་གོམས་པའི་དཔོན་ཆེན་པའི་ཁྱུ། མེས་པོ་གོང་མ་རྣམས་ཀྱི་མཚར་སྡུག་གི་རྨི་ལམ་རང་རང་ས་ནས་བལྟས་ན་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་པའི་ཐེ་ཚོམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་འོང་ཁར། ང་རང་ཡང་བོད་མི་རིགས་ཀྱི་ཁྱིམ་ཞགས་ཡིན་མིན་ལ་དོགས་པ་ཟ་མགོ་བརྩམས་སོང་རེད།
རེས་སྐྱིད་རེས་སྡུག་གི་ལོ་ཟླ་རིང་མོའི་ལྗང་མདོག་གི་རྨི་ལམ་དྲོད་ཀྱི་བསྒོམས་ནས་རེ་མདུན་གྱི་ཆུ་ཐུགས་ཟེགས་མ་ངང་གིས་བསགས་ཏེ་མི་ཚེ་ཐུང་ཐུང་འདི་ལ་གསོན་དགོས་པའི་སྙིིང་པོ་ཞིག་གནང་བྱུང་པས་ཀྱག་ཀྱོག་ལམ་ཁ་ནས་ངལ་གསོ་ཅུང་ཙམ་བྱས་རྗེས་སླར་ཡང་མཐའ་མི་བསྙེགས་པའི་རྒྱང་བཞུད་ལམ་དུ་ཞུགས་དགོས་བྱུང་།
སློབ་མིང་འཛིན་པ་དར་ཐུག་གིས་ངོ་ཚ་དོར་ནས་གཞན་གྱི་རྩོམ་ཡིག་ལ་ལད་མོ་བྱས་ནས་བྲིས་བ་ཀུན་ལ་སུན་སྣང་མི་བཟོ་བར་མཁྱེན།
འབྲེལ་ཡོད་འོས་སྦྱོར།