འདུན་མ།
རྩོམ་པ་པོ།:གངས་མུ་ཏིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-23
ཀློག་གྲངས།:
འདུན་མ།
གངས་མུ་ཏིག ཀན་ལྷོ།
༡
དཔལ་ལྡན་གྱིས་སྐབས་ཐོག་ལ་དྲན་གྱིན་པ་དེ་རྒྱུན་དུ་རྨི་ལམ་དུ་རྨིས་སྲིད། དེ་ནི་ཁོ་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན།དོ་དགོང་ཡང་ཁོས་རྨི་ལམ་རྨི་བཞིན་འདུག ཁོས་རྨི་ལམ་དུ་རང་ཉིད་ཀྱིས་ས་གནས་མི་གསལ་བའི་གཞུང་སྒྲུབ་ཁང་ཆེན་མོ་ཞིག་ན་མི་མང་པོའི་མདུན་ནས་རྫིག་ཉམས་ཤིག་མངོན་ཏེ་བཀོད་འདོམ་གནང་བཞིན་གདའ། ད་དུང་ཁ་པར་གོང་ཆེན་བསྣམས་ཏེ་སྐད་ཆེན་པོས་ཧྥ་རན་སི།ཧྤ་རན་སི་རེད་ཅེས་རྨི་བཤད་བརྒྱབ་པས་ཉལ་གྲོགས་རྣམས་གཉིད་ལས་དཀྲོགས་བྱུང་།
ཨ་བ་ཨ་མ། དམྱལ་བ་བོས་ཡང་གཉིད་བཤད་བརྒྱབ་ཐལ་བཀྲ་ཤིས་ཧ་ཅང་མ་འཐད་པའི་ངང་དེ་ལྟར་བཤད།
ནངས་དུས་སྔ་སར་ཡུལ་ལ་འགྲོ་དགོས།གཉིད་སྐྱིད་པོ་ཞིག་ཀྱང་ལོག་ཏུ་མི་འཇུག་གི དེ་ནི་དོན་འགྲུབ་ཀྱི་སྐད་རེད།
ཚང་མས་འུར་མ་རྒྱག ད་མར་ལ་གཉིད། ངས་དེ་ལྟར་བཤད་པ་ན་ཚང་མས་མགོ་བོ་རུམ་ལ་བཅུག་སྟེ་ཡང་བསྐྱར་རྨི་ལམ་གྱི་ཞིང་ལ་ཆས་སོང་།
དེ་རིང་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་རབ་ཏུ་འཕྲོས། སློབ་གྲྭའི་ར་བའི་ནང་དུ་འདབ་ཆགས་ཀྱི་གསུང་སྐད་ལྷང་ལྷང་སྒྲོག་མུས་འདུག ང་དང་དཔལ་ལྡན་གཉིས་མལ་ལས་ལངས་ཏེ་ཕྱི་རོལ་དུ་སེམས་གཡེང་བྱེད་དུ་སོང་། ངེད་གཉིས་ལྡིང་ཁང་གི་ལན་ཀན་ལ་འཁེན་ནས་ལོ་ངོ་བཞིའི་སློབ་ཆེན་གྱི་འཚོ་བར་ཕྱི་འདང་བརྒྱབ་པ་ན། ལོ་ངོ་བཞི་ནི་ཁ་སང་གི་རྨི་ལམ་དང་འདྲ་བར་ཡུན་ཐུང་བའི་སྣང་བ་སྐྱེས། དཔལ་ལྡན་གྱིས་སྐད་ཆ་ཅི་ཡང་མི་སྨྲ་བར་མིག་གིས་རྒྱང་རིང་ལ་ཅེར་ནས་ཧད། གློ་བུར་དུ་ཁོའི་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། ཁོས་ཁ་པར་གྱི་སྒོ་ཕྱེས་པ་ན། དཔལ་ལྡན། ཁྱོས་ཅི་བྱེད་ཀོ ང་ཡུལ་ལ་འགྲོ་གྲབས་བྱེད་ཀོ དེ་ནི་ཚེ་སྐྱིད་ཀྱི་སྐད་རེད། ཁོས་ང་མྱུར་དུ་འོངས་ཞེས་བཤད་རྗེས།མྱུར་དུ་ལྡིང་ཁང་ལས་མར་བབས་ཏེ་སློབ་གྲྭའི་རྒྱ་སྒོའི་ཕྱོགས་སུ་རྒྱུགས་སོང་།
ཕར་འགྲོ་ཚུར་འོང་གི་མི་ཚོགས་ཀྱི་འཚང་ཁ་ཤིན་ཏུ་རྒོད་ལ། མཐར་ཕྱིན་འཛིན་གྲྭའི་སློབ་གྲོགས་རྣམས་ཡུལ་ལ་ལོག་བཞིན་འདུག ཚེ་སྐྱིད་ཀྱིས་ཁོ་འོང་བཞིན་པ་མཐོང་ནས་ཚུར་ཡོང་གི་འདུག དངོས་པོ་རྣམས་སྔ་མོ་ནས་སྡུད་གསོག་བརྒྱབ་ཟིན།
ད་འདི་ལྟར་ཡུལ་ལ་འགྲོ་རྒྱུ་ནས།
འོ་ལེ། གྲོགས་མོས་པ་སེ་ཉོས་ཟིན། ད་རླངས་འཁོར་ལ་སྒུག་ཡོད།
དེ་ན་ལམ་སྐབས་ནས་སེམས་ཆུང་བྱོས། ཡུལ་ལ་འབྱོར་དུས་ཁ་པར་ཐོངས་ཤོག ཁོའི་གདོང་ལ་འཛུམ་ཞིག་ལངས་ནས་དེ་ལྟར་བཤད།
ཡ་ཡ། གཏོང་ངེས་ཡིན། ང་དུས་གསུམ་ཀུན་དུ་ཁྱོད་ལ་དུངས། མོ་ཅུང་སྐྱེངས་པའི་ཚུལ་གྱིས་དེ་ལྟར་བཤད། འདི་ལྟར་བློས་མི་ཐོངས་པའི་མིག་མདངས་དང་མིག་མདངས་ཀྱི་བར་ནས་རང་རང་སར་གྱེས་དགོས་སོང་།
༢
ལོ་ངོ་གཅིག་གི་དུས་ཡུན་ནི་མིག་རྡེབ་དབང་ཙམ་རེད་ཨང་།ང་དང་དཔལ་ལྡན་གཉིས་ཀྱིས་རང་ཡུལ་ཚོའི་སློབ་ཆུང་ན་དགེ་རྒན་གྱི་འགན་འཁུར་དགོས་བྱུང་སོང་།གོ་ཐོས་སུ་ཚེ་སྐྱིད་ཀྱིས་གཞུང་ཞབས་པར་རྒྱུགས་སྤྲད་དེ་ད་ལྟ་རྫོང་སློབ་གསོ་ཅུས་ན་བྱ་བ་སྒྲུབ་གྱིན་གདའ།དུས་ཚོད་དང་བར་ཐག་གང་ཡིན་མི་ཤེས། ཁོ་གཉིས་ཀྱི་འབྲེལ་བ་ལོ་ངོ་གཅིག་གི་རིང་ལ་འགྱུར་བ་ངེས་ཅན་ཐེབས་ཟིན། མཚམས་མཚམས་སུ་ཕན་ཚུན་ལ་ཁམས་བདེ་རེ་འདྲི་བ་མ་གཏོགས་སྔོན་ཆད་ལྟར་ཁྱོད་དགའ་ང་དུང་གི་སྙིང་གཏམ་གློད་རྒྱུ་མི་འདུག སྔོན་ཆད་སློབ་ཆེན་གྱི་སྐབས་སུ་ཁོ་གཉིས་ནི་སློབ་གྲོགས་ཕལ་མོ་ཆེའི་ཡིད་སྨོན་སྐྱེས་ས་ཡིན་པ་དང་། ཚང་མས་ཁོ་གཉིས་ནི་ཨ་འགྲིག་ཆ་འགྲིག་རེད་ཅེས་བསྟད་མྱོང་།ཉིན་ཞིག་ལ། ཁོས་སློབ་མ་ཚོར་སྐད་ཡིག་སློབ་ཁྲིད་བྱེད་ཀྱིན་པའི་སྐབས་སུ་ཁོའི་ཁ་པར་དུ་བརྡ་འཕྲིན་ཞིག་འབྱོར་བྱུང་། དེ་ནི་ཚེ་སྐྱིད་ཀྱིས་བསྐུར་བའི་འཕྲིན་པ་རེད། ཁོས་སློབ་ཁྲིད་ལ་བར་ཆད་བཟོ་བར་དོགས་ནས་རེ་ཞིག་མ་བཀླགས་པར་བསྐྱུར།
ཉིན་གུང་ཕྱིང་ཉལ་ཁང་དུ་འོངས་ནས་འཕྲིན་པ་དེ་ཀློག་མགོ་བརྩམས།
ངའི་སྙིང་ཉེ་བའི་རྒྱང་རིང་གི་མི་ལགས། ཉེ་ལམ་བདེའམ།
འཕྲིན་པ་བཀླགས་རྗེས་ཁྱོད་རང་འགྱོད་གདུང་ཚད་མེད་སྐྱེས་ཀྱང་སྲིད། འོན་ཀྱང་སྐད་ཆ་འདི་དག་སྦ་གསང་མེད་པར་ཁྱེད་ལ་མི་བཤད་ཐབས་མེད་རེད། ད་འུ་གཉིས་ཀྱི་བརྩེ་དུང་གི་མཚསམ་འདི་ནས་འཇོག་པར་བྱ། ད་ནི་ང་རང་ལག་ཆགས་ཟིན། ངས་གདོང་ཡོད་ཟེར་བ་དེ་གཞི་ནས་ཧ་གོ་བྱུང་། དངོས་ཡོད་དེ་དང་ལེན་བྱེད་པའི་སྤོབས་པ་ལྡན་སོང་། དངོས་ཡོད་དང་ཕུགས་བསམ་ནི་དོན་གཉིས་རེད། ཁྱོད་ནི་ངའི་ཕུགས་བསམ་ཁྲོད་ཀྱི་མི་དེ་རེད། ཡིན་ཡང་དངོས་ཡོད་ནི་ནམ་ཡང་གདུག་རྩུབ་ཀྱི་ཁྲོད་ན་ཡོད། འུ་གཉིས་སློབ་མཐར་ཕྱིན་ནས་ཟླ་འགའ་འགོར་རྗེས། ངའི་ཕ་མ་གཉིས་ཀྱིས་ངའི་མ་འོངས་པའི་འཚོ་བ་ཁག་ཐེག་ཡོང་ཆེད་ངའི་བཟའ་ཟླ་གཏན་ཁེལ་བྱས་འདུག ཁོས་ཀྱང་ང་ཚོ་ལས་ཁུངས་ན་བྱ་བ་སྒྲུབ་ཀྱིན་ཡོད། ཕ་མའི་བློར་ཞེ་ནས་འབབ་པ་མ་ཟད། ངའི་སྣང་ངོར་ཡང་ཁོ་ནི་སྐྱེས་ཕོ་རབས་ཤིག་རེད་བསམ། ད་ཁྱོས་ཀྱང་རང་ཉིད་སྡུག་ལ་མི་སྦྱོར་བར་ང་གཏིང་བརྗེད་བྱས་ནས་བུད་མེད་གཞན་ཞིག་འཚོལ་རོགས། ཡང་གཅིག་བཤད་ན་མི་གཉིས་ཕན་ཚུན་ལ་དགའ་དགོས་ན་འགྲོགས་དགོས་པའི་ངེས་པ་མེད་དེ། གཙོ་བོ་ཕན་ཚུན་གྱིས་ཕན་ཚུན་བདེ་ཞིང་སྐྱིད་པ་རིག་ཐུབ་ན་དེས་ཆོག ཁྱེད་ཀྱིས་སློབ་ཆེན་གྱི་ལོ་ངོ་བཞིས་ང་ལ་བསུབ་ཏུ་མེད་པའི་མཛེས་སྡུག་གི་ཕྱིར་དྲན་མང་པོ་བཞག་ཡོད་པ་དེ་ངས་ཚེ་གང་ལ་བརྗེད་མི་སྲིད། རྗེས་མར་ད་དུང་ཡང་ན་གཞོན་གྱི་སྙིང་སྟོབས་གླེང་ནས་མི་འདུག་པར་རང་ཉིད་ཀྱི་འཚོ་བར་འདང་རྒྱག་རྒྱུ་རེ་བ་ཡིན།
མཐར་ཁྱེད་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས།
2019ལོའི་ཟླ3པའི་ཚེས20ཉིན་ཚེ་སྐྱིད་ཀྱིས།
འཕྲིན་པ་འདི་བཀླགས་རྗེས་ཁོའི་ཡིད་སེམས་བློང་བློང་གྱུར་ཞིང་།འགྱོད་གདུང་ཚད་མེད་སྐྱེས་བྱུང་།དགོང་མོར། ཁོས་འཁྱར་འཁྱོར་ངང་ལག་ཏུ་ཝུ་ཆང་ཤོག་སྒམ་གང་འཁྱེར་ཏེ་ངའི་སར་འབྱོར་བྱུང་། ངས་ཁོ་ལ། འདྲ་མེད། བུད་མེད་ཅིག་གི་ཆེད་དུ་དེ་འདྲ་བྱ་དགོས་ཀ སྐྱེས་པ་ཞིག་ལ་མཚོན་ན་ཆེས་གཙོ་བོ་ནི་བྱ་གཞག་ཡིན་པ་ཤེས་པར་གྱིས། ཁྱོས་དོན་ཆུང་འདི་འདྲ་ཞིག་ལ་བསམ་ཤེས་བཅའ་མི་ཐུབ་ན། བྱ་གཞག་ཇི་ལྟར་སྒྲུབ་རྒྱུ་ཡིན་ཞེས་བཤད།དྲང་མོར་བཤད་ན། ཁོ་ལ་དངོས་གནས་ཁག་མི་འདུག ངེད་གསུམ་ནི་སློབ་ཆེན་ལོ་ངོ་བཞི་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་འོང་བ་ཡིན། ཁོ་གཉིས་ཀྱི་བརྩེ་དུང་ང་ལ་གསལ་ཆ་ཆེན་པོ་ཡོད། ཡིན་ཡང་ངས་ཁོ་ལ་སེམས་གསོ་བྱས་ན་མི་ཕན་པ་སྔ་མོ་ནས་ཤེས་ཡོད། དེ་བས་གཤེ་གཤེ་བཏང་བ་ཡིན། ཁོས་ང་ལ་ཅི་ཡང་མི་སྨྲ་བར་མུ་མཐུད་དུ་ཝུ་ཆང་དམ་བུ་རེ་གཙང་བཞེས་གནང་མུས་འདུག
ཕྱི་ཉིན་ང་དང་ལྷ་མོ་གཉིས་སློབ་གྲྭའི་ར་བའི་ནང་དུ་འཆམ་འཆམ་ལ་སོང་བ་ན།ཁོས་ཀྱང་དུ་བ་ཞིག་རྔུབ་ཀྱིན་ཐོན་བྱུང་། ངས་ཁོ་ལ་དཔལ་ལྡན། སྔོན་ཆད་སློབ་ཆེན་ན་ཡོད་དུས། ངས་བཟའ་ཚང་ཟེར་བ་ཐག་རིང་ཐག་རིང་ཞིག་རེད་འདོད། ད་ཁྱོས་ལྟོས་ར། ང་ལ་ཡིད་མཐུན་གྱི་མཛའ་མོ་ཡོད། མི་འགྱང་བར་ངེད་གཉིས་ཀྱིས་གཉེན་བསྒྲིག་རྒྱུ་ཡོན་ཞེས་བཤད་པ་ན། ཁོས་ང་ལ་དེ་འདྲ་རེད། བརྩེ་དུང་ཟེར་བ་ངོ་མ་རྟོགས་དཀའ་བ་རེད།ཡིན་ཀྱང་ཁྱེད་གཉིས་ལ་རྟེན་འབྲེལ་ཞུ་ཞེས་ཅུང་ཡིད་སྨོན་གྱི་ཉམས་ཀྱིས་དེ་ལྟར་བཤད།
ལྷ་མོའི་གདོང་ལ་སྐྱག་འཛུམ་ཞིག་ལངས་ནས་དཔལ་ལྡན་ལ་ཁྱེད་དེ་འདྲའི་ཡིད་ཆད་དགོས་མི་འདུག འུ་ཚོའི་ལས་གྲོགས་སྒྲོལ་མ་དང་མཚོ་མོ་གཉིས་ཀྱང་ད་དུང་མོ་རྐྱང་ཡིན།གཅིག་གིས་ད་དུང་ཁྱེད་ཀྱི་གནས་ཚུལ་འདྲི་ཐལ། ཁྱེད་གཉིས་ངོ་མ་ཅིག་མཛའ་གི
ངས་བར་ན་བྱས་ན་ག་འདྲ་འདུག་ཟེར།
རེད། དཔལ་ལྡན། ངས་ཀྱང་ཁྱེད་གཉིས་འགྲིག་ན་འདོད་ཀི་ཞེས་ལྷ་མོའི་བསམ་ཚུལ་ལ་རྒྱབ་ནས་སྐྱོར་བ་ཡིན།
ཧ་ཧ། དེ་ལྟར་བྱ་དགོས་ས་མ་རེད། ཁྱེད་གཉིས་ཀྱིས་ཁོ་བོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ང་ད་རུང་དོན་དེར་བྲེལ་བ་ལངས་ཀི་མེད་ཅེས་ལན་བཏབ་བྱུང་།
༣
ལོ་ངོ་གཅིག་ཡང་འདི་ལྟར་གོ་མེད་ཚོར་མེད་དུ་འདས་སོང་། དུས་ཚོད་ནི་སྨན་མཆོག་ཅིག་དང་འདྲ་བོ་འདུག་ཟེར་བ་ཅིའི་མ་བདེན། ད་ནི་དཔལ་ལྡན་སྡུག་གི་སྨུག་པ་ལས་སངས་བྱུང་། ཉིན་འདི་དག་ལ་ཁོས་རྨི་ལམ་གཞན་ཞིག་རྨི་བཞིན་འདུག རྨི་ལམ་དེ་ཁོས་སུ་ལའང་མ་བཤད་པར་ཁོག་ཏུ་བཅུག་ནས་བསྡད། ད་ལོའི་དཔྱིད་ཀར་ཁོས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་སོང་། ཁོ་རྩོམ་དིག་ལ་ཞེ་ནས་དགའ་བོ་ཡོད། སློབ་ཆེན་སྐབས་ནས་བཟུང་ཚགས་དེབ་མང་པོའི་སྟེང་རྩོམ་བཀོད་མྱོང་ཡོད། སྟབས་ལེགས་པ་ཞིག་ལ་ཁོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སྡེ་ཁག་ཏུ་རྒྱུགས་འཕྲོད་སོང་། སློབ་གཙོས་ཀྱང་ཁོའི་བྱ་བར་རྒྱབ་སྐྱོར་ཆེན་པོ་གནང་སོང་།སྤྱི་ཟླ9བའི་ནང་ཁོ་རང་ནུབ་བྱང་དུ་འགྲོ་དགོས་པའི་བརྡ་ཡིག་འབྱོར་བྱུང་། ནངས་མོ་དེར། ཁོ་རང་སློབ་མ་ཚོར་མཇུག་མཐའི་སློབ་ཁྲིད་བྱེད་དུ་བུད་སོང་། ངས་ཤུལ་ནས་ཁོའི་ཁྱིམ་མི་ལ་དངོས་པོ་རྣམས་སྡུད་གསོག་རྒྱག་རོགས་བྱས། ཁོ་འགྲོ་ཁར་སློབ་མ་ཚོར་སློབ་སྦྱོང་བཟང་པོ་བྱོས། ང་རྗེས་མར་ཁྱོད་ཚོར་བལྟ་རུ་འོང་ཞེས་ཡང་ཡང་ནན་བཤད་བྱས། ངས་ཁོ་ལ་སློབ་ལ་བརྩོན་པས་མི་ཚད། གཏན་གྲོགས་ཤིག་ཀྱང་བཙལ་རྒྱུ་མ་བརྗེད་ཅིག་ཅེས་བཤད་པ་ན། ཁོས་གདོང་ལ་འཛུམ་ཞིག་ལངས་ནས་ཡ་ཡ། གཏམ་བཟང་ལ་སྒུག་སྡོད་ཟེར། ཁོ་རང་རླངས་འཁོར་ནང་བུད་ཙ་ན། སློབ་མ་རྣམས་ཆུ་རྐ་ཤོར་བ་བཞིན་རླངས་འཁོར་གྱི་རྗེས་སུ་རྒྱུགས་ཤིང་། ལག་པ་ཕར་གཡུག་ཚུར་གཡུག་བྱས་ནས་ཁོ་རང་སྐྱེལ་མ་མཛད་པ་མཐོང་བས་ཁོ་རང་སེམས་འགུལ་ཐེབས་ཏེ་མིག་མཐའ་མཆི་མ་འཁོར་ཞིང་། ཇེ་ཆུང་དུ་འགྲོ་བཞིན་པའི་སློབ་མ་ཚོའི་རྒྱབ་གཟུགས་ལ་ཧད་ནས་བསྡད།
ཕྱི་དྲོར། ལྷ་མོས་ཟ་མ་གཡོ་བཞིན་འདུག ངས་ལས་བྱ་ལ་རྟགས་རྒྱག་བཞིན་ཡོད། ཅུང་ཙམ་འགོར་རྗེས་ལྷ་མོས་ང་ལ་ཟ་མ་ཟ་རུ་ཤོག་ཟེར། ངེད་གཉིས་ཀྱིས་ཟ་མ་ཟ་བཞིན་པའི་སྒང་དེར་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། དེ་ནི་ངའི་ཡུལ་གྲོགས་ཚེ་རིང་གིས་གཏང་བའི་ཁ་པར་རེད། ཁོས་མ་བཟང་ཐལ། ཕྱི་དྲོའི་ཆུ་ཚོད་དྲུག་པར་དཔལ་ལྡན་ལན་དྲུག་ལ་འགྲོ་བའི་ལམ་བར་དུ་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཚེ་ལས་འཕོས་སོང་ཟེར། ཅི་འདྲའི་རྣར་གཟན་ཞིང་སྙིང་ན་བའི་གཏམ་ཞིག་རེད་ཨང་། གཏམ་འདི་གྲི་དང་མཚུངས་པར་ངའི་སྙིང་ཚལ་བར་གཤགས་སོང་།
དགོང་མོར་ངའི་ཡིད་ཁོང་གི་ངོ་གདོང་དང་རྣམ་འགྱུར། སྨྲ་བརྗོད། རྨི་ལམ་སོགས་དྲན་འོང་ལ། ང་རང་ཞག་གང་བོར་གཉིད་མ་ཁུགས། དོན་དམ་པར་ཁོའི་རྨི་ལམ་དེ་ཡང་སྙིང་ཅི་ཞིག་ཡིན་ནམ།
2015ལོའི་ཟླ5བའི་ཚེས23ཉིན་ལ་སློབ་ཁང་ནས་བྲིས་སོ།།
འབྲེལ་ཡོད་འོས་སྦྱོར།