logo

བོང་བུའི་ཕྱིར་དྲན།

རྩོམ་པ་པོ།:སྟག་ལྷས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-26 ཀློག་གྲངས།:

བོང་བུའི་ཕྱིར་དྲན།

       ལྕམ་མོ་སེ་ཅོའུ་འར་གྱིས་བརྩམས།
      མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི2011ལོའི་རྒྱ་བོད་ཡིག་བསྒྱུར་འཛིན་གྲྭ། སྟག་ལྷས་བསྒྱུར།

སྟོད།

     ཁ་ཏེའུ་ཞུང་ནི་སྤྱང་གྲུང་འཛོམ་པའི་བོང་བུ་རིག་རྒོད་ཅིག་ཡིན། ཁོས་བོང་བུའི་འགྲན་ཚོགས་སྟེང་བྱ་དགའ་བླངས་མྱོང་ལ་བདག་པོར་རོགས་རམ་བྱས་ནས་རྐུན་ཇག་འང་བཟུང་མྱོང་། སྦྱོང་བརྡར་མ་ཐོབ་ཀྱང་རྩལ་རྩེད་ཀྱི་འགུལ་སྟངས་སྣ་ཚོགས་བྱེད་ཐུབ་པ་སོགས་ཐུན་མོང་མ་ཡིན་པའི་རྟགས་མཚན་མང་པོ་ཡོད།
     ཡིན་ཡང་། ཁོས་ནམ་རྒྱུན་རང་གི་ཡོན་ཏན་ངོམ་ཇི་ཐུབ་བྱེད་ཅིང་རང་གཤིས་ཧ་ཅང་གྱོང་པོ་ཡིན་ལ།  འཁོན་ལན་སློག་པའི་བློ་དྲགས་རྐྱེན་ཆག་སྒོ་མི་ཉུང་པ་ཞིག་བསླངས་ཤིང་བདག་པོ་འང་ཐེངས་འགར་བརྗེ་སོ།།
     དང་ཐོག ཁོའི་བདག་པོ་རྗེས་མ་ཚང་གི་ཁ་རྒན་གཞོན་ཐམས་ཅད་ཁོ་ལ་ཧ་ཅང་དགའ་པོ་ཡོད་མོད།  འོན་ཀྱང་།  ཁོ་སེམས་རྒྱ་ཆུང་ཞིང་ཐལ་དྲགས་པའི་ཀུ་རེ་བྱེད་རྒྱུར་དགའ་བས་ཅུང་ཙམ་མིན་ན་མིའི་ཚེ་སྲོག་ལ་གནོད་འཚེ་བཏང་རྐྱེན་བདག་པོ་རྣམས་ཁོ་དང་བློ་རིང་པར་གྱུར། ཕྱིས་སུ་རང་གི་ནོར་འཁྲུལ་ལ་ངོས་ཟིན་ཐོབ་ནས་བཅོས་སྒྱུར་རབ་དང་རིམ་པ་བྱས་མཐར་ལས་ལ་བརྩོན་ཞིང་བྱམས་སྙིང་རྗེ་ལྡན་པའི་བོང་བུ་བཟང་པོ་ཞིག་དུ་གྱུར། མཐར་ཁྱིམ་ཚང་དེ་དང་ལྷག་པར་དུ་བྱིས་པ་རྣམས་ཁོ་ལ་ཡི་རིང་པར་གྱུར།
     དེ་རིང་ང་ཚོས་ཁ་ཏེའི་ཞུང་གི་ཆུང་དུས་ཀྱི་འཚོ་བའི་ཕྱིར་དྲན་ལ་ཅིག་ཉན།
     ངའི་ཡིད་ལ་ཆུང་དུས་ཀྱི་དོན་དག་དེ་འདྲའི་གསལ་པོ་ཤིག་མི་དྲན་མོད། ཡིན་ཡང་། ངའང་ཕལ་ཆེར་བོང་བུ་གཞན་དག་དང་འདྲ་བར་བབ་ཆགས་ཡིད་ཏུ་འོངས་པ་ཞིག་ཡིན་སྲིད།  རེད་ཡ། སྐབས་དེར་ང་ཧ་ཅང་རིག་རྒོད་ཅིག་ཡིན། ད་ལྟ་ང་ལོ་ན་ཅུང་རྒས་ཡོད་ན་ཡང་ན་མཉམ་གྲོགས་པོ་ཚོའི་ཁྲོད་དུ་བློ་རིག་པ་ང་ལས་མྱུར་བ་ཤིག་མེད།
     གཤམ་དུ།  རང་ལོ་ཆུང་ངུའི་དུས་སུ་བདག་པོར་གཡོ་འཕྲུལ་འཁྲབ་པའི་སྐོར་ཅིག་བཤད། ཁྱོད་ཚོའི་ཉན་རྗེས་ང་ལ་འཕྱ་སྨོད་མ་བྱེད་རོགས།
     ནམ་རྒྱུན་གཟའ་མིག་དམར་གྱི་དུས་སུ། ལེ་གི་འར་གྲོང་ཁྱེར་གྱི་ཁྲོམ་ཚོགས་སུ་མི་རྣམས་ཀྱིས་ཚོད་མ་དང་། ནོར་ཚིལ། སྒོ་ང་། ད་དུང་ཞོ་དང་སིལ་ཏོག་སོགས་དངོས་རྫས་མང་པོ་ཉོ་ཚོང་བྱེད། ཉིན་འདི་ནི་རིགས་མཐུན་བོང་བུའི་ཚོགས་ཀྱིས་སྡུག་མྱོང་པའི་ཉིན་མོ་ཡིན།      
     བྱམས་སྙིང་རྗེ་ཆེ་པའི་ཨ་ཕྱི་རྒན་མོ་དེའི་ང་མ་ཉོས་པའི་སྔོན་དུ།ངའི་བདག་པོ་ནི་གཞན་སྐྱོན་ཤིག་འདྲ་འཚོལ་པའི་ཞིང་ཁྱིམ་བདག་མོ་ཞེ་ནག་ཅིག་ཡིན།
     མོ་ཅི་འདྲའི་བསམ་ནག་ཅིག་ཡིན་པ་ཁྱོད་ཚོའི་ཡིད་ལའང་ཤར་དཀའ།  མོས་གཟའ་འཁོར་གཅིག་ལ་གསོག་འཇོག་བྱས་པའི་སྒོ་ང་དང་།  ནོར་ཚིལ། ཞོ། ཚོད་མ། སིལ་ཏོག་ཡོད་ཚད་གཅིག་ཀྱང་མ་ལུས་པར་སླེ་བོ་ཆེ་ཆུང་གི་ནང་དུ་རྫང་ནས་ངའི་རྒྱབ་དུ་མནན།
     ཁྱོད་ཚོའི་སོམས་དང་། ངའི་རྒྱབ་དུ་དངོས་ཟོག་ལྕི་མོ་འདི་འདྲ་ཞིག་བཀལ་ནས་གོམ་པ་སྤོ་རྒྱུའང་ཁག་པོ་འདུག  ཡིན་ཡང་ཞེ་ནག་མ་དེ་བསམ་བཞིན་དུ་སླེ་བའི་སྟེང་དུ་བསྡད་ནས་བཙན་གྱིས་ང་དབུགས་ཐེངས་གཅིག་གི་སྤྱི་ལེ་བཞི་ལྷག་རྒལ་པའི་ལེ་གི་འར་ཁྲོམ་ཚོགས་སུ་རྒྱུག་ཏུ་འཇུག
     ཁྱོད་ཚོས་ཤོད་དང་མོ་ཅི་འདྲའི་བདུད་མོ་བསམ་ནག་ཅིག་རེད་ཨང་།  མོས་ངའི་རྐེད་པ་དང་སུག་ལག་ཕྲ་མོ་མནན་ནས་གཅོག་འདོད་པ་མ་རེད་དམ། ཁྲོམ་ཚོགས་སུ་འགྲོ་ཐེངས་རེར་ངའི་ཁོང་ཁྲོའི་ཁྲག་རྒྱུན་གྱེན་དུ་འཕྱོ་ཡང་ཁོག་ཏུ་མི་མནོན་ཐབས་མེད་རེད། རྒྱུ་མཚན་ང་རྡུང་རྡེག་ཉོ་བར་སྐྲག
     བདག་མོར་སྦོམ་ཞིང་རིང་ལ་འཛེར་བས་ཁེངས་པའི་དབྱུག་པ་ཤིག་ཡོད། ལུས་ལ་གཞུས་ན་ན་ཟུག་རུས་པའི་རྐང་ལ་ཟུགས་འགྲོ དེར་བརྟེན་ནམ་རྒྱུན་ཁོ་ཚོ་ཁྲོམ་ཚོགས་སུ་འགྲོ་བར་སྟ་གོན་བྱེད་བཞིན་པ་མཐོང་ཐོས་བྱུང་དུས།  ངས་ཤུགས་རིང་ནར་ནར་དང་སྡུག་སྐད་ཏོར་ཏོར། ད་དུང་བར་མ་ཆད་པར་སྐད་ཅོར་རྒྱག་ཞོར་དུ་བདག་པོའི་ང་ལ་སྙིང་རྗེ་རེ་སྒོམ་པར་སེམས་སྟེང་ནས་སྨོན་ལམ་བརྒྱབ་པ་ཡིན།
     ཡིན་ཡང་། ཁོ་ཚོ་ངའི་མདུན་དུ་འོང་ནས་སྡུག་དམོད་མཚམས་མི་ཆད་པར་བྱེད།  “ད་ཆོག་གི བོང་རྒན་ལེ་ལོ་ཅན་ཁྱོད་ཀྱི་ཁ་སུམས། ཁྱོད་ཀྱིས་སྦོམ་ཞིང་རྣ་བར་གཟན་པའི་སྐད་ངན་དེའི་ང་ཚོའི་རྣ་བ་ཡང་འོན་པར་བྱས་སོང་།  ཁྱོད་ཀྱིས་སེམས་སུ་རང་གི་གླུ་དབྱངས་ལེན་པའམ་རོལ་དབྱངས་སྙན་མོ་ཞིག་དཀྲོལ་པ་ཡིན་སྙམ་པ་ཨེ་ཡིན།” ཁྱོད་ཚོའི་ཉོན་དང་། སྐད་ཆ་འདི་ལྟར་བཤད་སྲོལ་ཅིག་གང་ན་ཡོད།
     དེར་མཐུད་“རོའུ་ལི། ངའི་གཅེས་ཕྲུག མྱུར་དུ་གཟན་ཟ་རྒྱུ་མ་གཏོག་ལས་ཀ་བྱེད་མི་འདོད་པའི་ལྟོས་ངན་དེ་སྒོར་ཁྲིད་དང་། ཨ་མའི་དངོས་ཟོག་ཁོའི་རྒྱབ་དུ་འགེལ།……སྒོ་ང་སླེ་བོ་གང་པོ་འདི།……ད་དུང་སླེ་བོ་གན།……ཞོ་དང་འོ་མ།……བཟང་གི  ད་ཚོད་མ་འགེལ། དངོས་ཟོག་གི་བཀང་པའི་སླེ་བོ་འདི་དག་ཧྥ་ལང་སྒོར་ལྔ་ཅན་མང་པོར་བར་བརྗེ་ཐུབ། ངོ་མ་ཡག་པོ་འདུག”
     ད་དུང་ཚར་མེད།   ཁྱོད་ཚོའི་ཉོན། 
     “མ་ལེའུ་ཨེ་ཐི།  ངའི་གཅེས་ཕྲུག་མ།  རྐུབ་བཀྱག་ཅིག་ཁྱེར་ཤོག་དང་ཨ་མ་ཙོག་ནས་འདུག་དགོས།”
     “ངོ་མ་ཅིག་བཟང་གི”
     “བདག་གི་ལྕམ་མོ་ལགས།  ལམ་སྐབས་བདེ་བར་སྨོན།  ད་བོང་རྒན་ལེ་ལོ་ཅན་ལ་གོམ་ཁ་བསྒྱུར་འགོ་རྩོམ། འོ། ཁྱོད་ཀྱི་དབྱུག་པ་འདི་ཅིའི་ཀྱང་བརྗེད་མི་རུང་། བོང་བུའི་རྒྱབ་ལ་ཤུགས་ཀྱིས་གཞུས་རོགས།”
     “རེད་ཡ། བོང་བུ་མི་འགྲོ་དབྱུག་པ་འགྲོ”
     གནམ་རྒན་མ། དབྱུག་པ་མཚམས་མ་ཆད་པར་ངའི་སྐེད་པ་དང་རྐང་བ། སྐེ་བཅས་ལ་ཕོགས་ནས་ན་ཟུག་བཟོད་གླགས་བྲལ། ད་ང་བྱ་འཕུར་བ་ལྟར་འདུར་རྒྱུག་བྱེད་པ་ལས་ཐབས་མེད། མོའི་ད་དུང་བར་མ་ཆད་པར་ང་ལ་རྡུང་བྱུང་། བུད་མེད་ངན་པ་འདི་ཅི་འདྲའི་སྡུག་རྩུབ་ཆེ་བ་ལ། ང་ལ་ཁོང་ཁྲོ་རབ་དུ་འབར་ནས་བདག་མོ་ལ་འཕྲ་བརྒྱབ་ནས་མར་ས་ལ་སྒྱེལ་ན་བསམ། ཡིད་སྐྱོ་བ་ཞིག་ལ་ཁུར་བོ་ལྕི་དྲགས་པས་ཕར་གཡོ་ཚུར་གཡོ་ཙམ་བྱེད་པ་ལས་མཆོང་ལྡིང་བྱེད་མ་ཐུབ། མོ་ཅུང་ཙམ་མིན་ན་ཐང་ལ་ལྷུང་ལ་ཁལ་ཅིག་བྱས། ངའི་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས།
     “བོང་བུ་ལྟོས་ངན་འདིའི་སེམས་སུ་དགའ་ཞིག་དྲན་ཀྱིན་མི་འདུག བོང་རྒན་ཐལ་ངོ་།  ངའི་ཁྱོད་ལ་ཅི་ལྟར་གཤེ་གཤེ་གཏོང་གི་ལྟོས། ད་དུང་དབྱུག་པ་ཚ་བེར་བ་འགའ་སྟེར།”
     མོས་ང་ལ་གཅར་རྡུང་བྱས་ནས་གྲོང་ཁྱེར་དུ་ཡང་ཐོན་མི་ཐོན་ཞིག་བྱས། མཐར་ང་ཚོ་གྲོང་ཁྱེར་ལ་ཐོན་བྱུང་། བདག་མོས་ངའི་ཉམམ་ཐག་པའི་རྒྱབ་གཞུང་ནས་སླེ་བོ་དེ་དག་སར་བཞག
     མོས་ང་ཀ་བ་ཅིག་ལ་བརྟད་རྗེས་ཟ་མ་ཟ་རུ་བུད་སོང་།  ང་ལྟོགས་སྐོམ་ཀྱིས་མནར་ནས་ཤི་སོང་རུང་རྩྭ་ཁམ་གང་དང་ཆུ་ཧུབ་གང་སྟེར་མཁན་ཡོད་མ་ཡིན།
     མོ་སོང་ཤུལ་དུ། ང་ཐབས་བརྒྱ་ཇུས་སྟོང་གིས་ཚོད་མའི་གམ་དུ་བསྣུར་ནས་ཚོད་དཀར་དང་སྔོ་ཚོད་ཉུང་ཙམ་ཟས་ཏེ་བཀྲེས་ལྟོགས་སེལ། རེད་ཡ། ང་འཇིག་རྟེན་འདིར་འོང་ནས་ད་བར་འདི་འདྲའི་ཟས་ཞིམ་པོ་ཞིག་ཟས་མ་མྱོང་། ངའི་འཇུག་མཐའི་ཚོད་དཀར་གཅིག་པུ་ཟས་ཚར་མ་ཐག་བདག་མོ་ཕྱིར་སླེབས་བྱུང་།  མོའི་སླེ་བོ་སྟོང་པ་མཐོང་མ་ཐག་ཁ་ནས་རང་དབང་མེད་པར་ཨག་སྐད་ཅིག་ཤོར།
     ང་འཛེམ་བག་སྤུ་ཙམ་ཡང་མེད་པར་ཅི་མི་སྙམ་པའི་ངང་མོ་ལ་ཅེར་ནས་བསྡད།
     མོའི་དོན་ངན་འདི་སྒྲུབ་མཁན་ང་ཡིན་པ་ཤེས་ཐག་ཆོད། དེ་བས། མོས་ང་ལ་མནར་གཅོད་སྣ་ཚོགས་བཏང་ཡོད་པ་ནི་སྨྲས་མ་དགོས་སོ།། ཨ་ཤུ། འདི་དག་ཁྱོད་ཚོར་སྨྲས་ཀྱང་ངོ་ཚའི་གནས་རེད།
     སྐབས་དེར། མོ་དུག་སྦྲུལ་དང་འདྲ་བར་ཁོང་ཁྲོའི་མེ་ལྕེ་གློག་དམར་འཁྱུག་འཁྱུག་དང་། དམོད་ཚིག་གི་དུག་མདའ་ཐོག་རྒོད་འབབ་འབབ་བྱེད། ང་དུད་འགྲོ་ཞིག་ཡིན་རུང་། མོའི་ཁ་ནས་ཐོན་པའི་དམོད་ཚིག་དེ་དག་ཐོས་ན་གདོང་ཡང་ཚ་ལམ་ལམ་བྱེད་པའི་སྣང་བ་ཞིག་སྐྱེས།
     ངའི་སྨྱོན་མོ་འདིའི་དམའ་འབེབས་ལ་བཟོད་བསྲན་བྱེད་པ་ལས་ཐབས་མེད།  མཆུ་ལ་ལྕེ་བལྡེགས་ཅིག་བྱས་ནས་ཁ་ཕར་འཁོར་ཞིང་ཨོང་ཤ་མོ་ལ་གཏད་ནས་བསྡད།
    མོས་དབྱུག་པ་ཐོགས་ནས་ངར་ཤུགས་ཡོད་དགུའི་ང་ལ་རྡུང་རྡེག་བཏང་། མོར་ཅི་འདྲའི་སྡུག་རྩུབ་ཆེ་བ་ལ། ངའི་དངོས་ནས་བཟོད་བསྲན་བྱེད་མ་ཐུབ་པས་མོ་ལ་འཕྲ་གསུམ་རྒྱབ།
     རྒྱག་ཐེངས་དང་པོ། མོའི་སྣ་ནས་ཁྲག་དམར་ཙར་སེ་དང་ཁ་ནས་དུང་སོ་གཉིས་དགུང་ལ་མཆོད།
     རྒྱག་ཐེངས་གཉིས་པ། མོའི་ལག་པ་རྨས།
     རྒྱག་ཐེངས་གསུམ་པ།ཧོ་ཧོ།  མོའི་གསུས་པ་ལ་ཕོག་ནས་ཐང་ལ་འགྱེལ།
     སྐབས་དེར་མི་ཉི་ཤུ་ལྷག་ཆུ་སྣ་བརྡོལ་བ་བཞིན་དུ་རྒྱུག་འོང་ནས་ང་ལ་གཅར་རྡུང་དང་སྡུག་དམོད་ཚ་བེར་བ་བྱས། མི་སྐོར་ཞིག་གིས་བསམ་ངན་མ་དེ་ས་སྒྱེ་འགྱོགས་འགྱོགས་བྱས་ནས་ཁྱེར་སོང་། ཁོ་ཚོའི་ཡང་བསྐྱར་ང་ཀ་བ་དེའི་སྟེང་དུ་བརྟད། ཁུར་འོང་པའི་དངོས་ཟོགས་ཚང་མ་ངའི་ཉེ་འདབས་སུ་སྤུང་འདུག
     ང་དེ་གར་འགྲེང་ནས་ཡུན་རིང་ཞིག་འགོར་རྗེས་ལྟ་རྟོག་བྱེད་མཁན་མེད་པ་མཐོང། ངས་ད་དུང་ཚོད་མ་སླེ་བོ་གང་ཡོད་པ་ཏེ་ཟས་རྗེས་བརྟོད་ཐག་ལ་སོ་བཏབ་ནས་བཅད་དེ་སོས་དལ་བག་ཕེབས་ཀྱིས་ཞིང་སྡེ་ལ་འགྲོ་བའི་ལམ་ཆེན་དུ་བསྐྱོད་དོ།།
     ལམ་འགྲོ་པ་སྐོར་ཞིག་གིས་ང་གཅིག་པུ་ཕྱིར་ལོག་པ་མཐོང་ནས་ཡ་མཚན་སྐྱེས་བཞིན་འདུག
     མི་ཅིག་གིས་བཤད་རྒྱུར“ལྟོས་དང་།  བུང་བུ་འདིའི་སྐེད་པར་རྨས་ཕོགས་འདུག  བྲོས་འོང་པ་ཡིན་ཐག་ཆོད་རེད།”
     མི་གཞན་ཞིག་གིས་བཤད་རྒྱུ“འོ་ན་ཁོ་ཉེས་ཅན་བྲོས་བྱོལ་མཁན་ཞིག་ཡིན་རྒྱུ་རེད་ལ།” ཞེས་དགོད་བྲོ་བའི་གཏམ་སྨྲས། མི་ཚང་མ་གད་མོ་ཤོར།
     མི་ཁ་པ་ན་རེ“ཁོའི་རྒྱབ་ལ་ཁལ་བཀལ་མེད་”ཟེར།
     ག་པ་ན་རེ“ཁོས་ཉེས་པ་བཟོས་ཡོད་ཐག་ཆོད་རེད།”ཅེས་སྨྲས།
     སྐབས་དེར། བུད་མེད་ཅིག་གིས་ཁྱོ་ཀ་ལ“ཁྱོད་སོང་ནས་བོང་བུ་དེ་བཟུང་དང་། ང་ཚོས་བྱིས་པ་ཁོའི་སྒ་ཐོག་ཏུ་བརྐྱོན།”ཞེས་བཤད། སྐྱེས་པ་དེས“བོང་བུ་འདི་དེ་འདྲའི་གཡུང་མོ་ཅིག་ཨེ་ཡིན་ན།”ཞེས་བཤད།
     དོན་ངོ་མ་ངས་སྔ་མོ་ནས་རང་གི་གཤིས་རྒྱུད་འཇམ་པོ་དང་གཞན་ཕན་གྱི་ལྷག་བསམ་ལ་གཞན་གྱིས་གདེང་འཇོག་རེ་ཐོབ་ན་བསམ་བཞིན་ཡོད།
     དེ་བས།   ང་དལ་ལྷོད་ལྷོད་ཀྱིས་ཞིང་པ་ཁྱོ་ཤུག་གཉིས་ཀྱི་གམ་དུ་སོང་ནས་བསྡད་དེ་བུད་མེད་དང་བྱིས་པ་གཉིས་རྒྱབ་ལ་ཞོན་དུ་བཅུག
     སྐྱེས་པ་དེས་ཁོ་ཚོ་ངའི་རྒྱབ་དུ་བརྐྱོན་ཞོར་དུ“ཕར་ལྟས་ན།   བོང་བུ་གཡུང་མོ་ཞིག་ཡིན་པ་འདྲ།”ཟེར།
     སྐད་ཆ་དེ་ཐོས་མ་ཐག་ངས་ཁོག་ལ་དགོད་རྒྱུ་ཤིག་ཡོང་།
     སེམས་སུ།“ཡིན་པ་འདྲ་’ཟེར་སྲོལ་ཡོད་དམ།”  ཁྱོད་ཚོའི་བོང་བུར་དམོད་མོ་དང་མནར་གཅོད་མ་བཏང་ཚེ། བོང་བུས་ཁྱོད་ཚོར་འཁོན་ལན་ག་ལ་སློག གལ་ཏེ་མི་རྣམས་ཀྱིས་བོང་བུ་ལ་སྤྱོད་ཤེས་ལེགས་པོ་བྱས་ན་ང་ཚོ་དུད་འགྲོ་གཞན་དག་ལས་ཀྱང་གཡུང་མོ་ཡིན་ངས།
     ངས་ཁྱོ་ཤུག་གཉིས་དང་བྱིས་པ་སྙིང་རྗེ་པོ་དེ་ཚོ་ཡུལ་ལ་སྐྱེལ།
     བྱིས་པའི་ལག་པ་ཆུང་ཆུང་གཉིས་ཀྱིས་ང་ལ་བྱིལ་བྱིལ་བྱེད་ཞོར་དུ་བོང་བུ་བཟང་པོ་འདི་རང་ཚང་ནས་བསྡད་ན་ཅི་མ་རུང་སྙམ་གྱིན་འདུག  ཁྱོ་ཤུག་འདི་གཉིས་བྱིས་པ་ལ་ཤིན་དུ་འདང་ཆེ་པས་བྱིས་པའི་འདོད་ཐོག་ལ་འཇོག་ཁོ་ཐག་རེད། ངས་བསམ་བློ་ཡང་ཡང་བཏང་མཐར་འདི་ཚང་ནས་བསྡད་ན་མི་འོས་སྙམ། གང་ལྟར་བདག་མོས་ང་ལ་རིན་བྱིན་ནས་ཉོས་ཡོད་པས་ཁོ་ཚང་ལ་དབང་། ངའི་བདག་མོ་ལ་འཕྲ་ཡིས་གསུམ་རྒྱབ་ནས་འཁོན་ལན་ནི་སློག་ཟིན། ད་ནི་མྱུར་དུ་ཕྱིར་ཡུལ་དུ་ལོག་ན་དགའ་བསམ། བུད་མེད་དེས་མཐུར་ཐག་བཟུང་མེད་པའི་སྐབས་དང་བསྟུན་ནས་མགྱོགས་མྱུར་ངང་ཕྱིར་ཞིང་སྡེ་ལ་བྲོས་སོ།།

སྨད།

     ང་ཕྱིར་ཞིང་སྡེ་ལ་ལོག་མ་ཐག་བདག་མོའི་བུ་མོ་མ་ལེ་འེ་ཐི་ཡིས་མཐོང་བྱུང་།
     “འེ། ལྟོས།  བོང་བུ་ཕྱིར་སླེབས་བྱུང་།  རོའུ་ལི།  མྱུར་དུ་ཁོའི་རྒྱབ་ཀྱི་སྒ་མར་འབེབས་རོག”
     རོའུ་ལིའི་ངག་རྩུབ་མོའི་སྒོ་ནས“བོང་རྒན་རྙོག་དྲ་བཟོ་མཁན་ཁྱོད། རྒྱུན་དུ་གཞན་སེམས་ཁུར་ལ་གཏོད། གཅིག་པུ་ཕྱིར་ལོག་དོན་ཅིི།  བྲོས་འོང་པ་ཡིན་ཤེས་ཆེ”ཞེས་སྡུག་དམོད་བྱེད་ཞོར་དུ། ཅི་ཡིན་འདི་ཡིན་མེད་པར་ངའི་ལྷ་ང་ལ་རྡོག་རྒྱག་ཅིག་གཞུས།
     ཁྱོད་ཚོའི་ལྟོས་དང་། ཅི་འདྲའི་གནས་ལུགས་མི་རྩི་མཁན་ཞིག་རེད། ངའི་ནོར་འཁྲུལ་ཅི་ཡང་མ་བཟོས་མོད། ཁོས་ང་ལ་རྡོག་རྒྱག་གཞུས་དོན་ཅི།
     “ཁྱོད་རང་དགར་ཕྱིར་བྲོས་འོང་པ་ཡིན་ཚེ་དབྱུག་པའི་ཚ་བེར་བ་བརྒྱ་ཕྲག་ཅིག་མ་གཞུས་ན་ལྟོས་ནས་སྡོད།”
     སྒ་དང་མཐུར་མདའ་བླངས་མ་ཐག་ང་འཕྲལ་དུ་རྩྭ་རའི་ནང་དུ་རྒྱུག ཅུང་ཙམ་འགོར་རྗེས་ཞིང་སྡེ་ཕྱོགས་སུ་བྱིས་པ་འགའི་ཅ་ཅོ་གྲགས་བྱུང་།  ངའི་མགོ་བོ་དགྱེ་ནས་བལྟས་པ་ན།  མི་ཞིག་གིས་རྨས་ཕོགས་པའི་བདག་མོ་བསྐྱལ་འོང་པ་མཐོང་།
     ངའི་རྣ་བ་གཏད་ནས་ཉན་པ་ན། རོའུ་ལིས་ཨ་ཕ་ལ“ཨ་ཕ། ངའི་བོང་རྒན་སྡོང་པོ་ལ་བཀྱིག་ནས་ཤིང་རྟའི་ཁ་ལོ་པའི་གོ་ལྕག་གིས་གཞུས་ནས་ལངས་མི་ཐུབ་པ་ཞིག་བཅའ།”
     “སོང་། བུ་རྒོད་པོ། ཁྱོད་ཀྱིས་ཁོའི་དབུགས་རྟ་རྔ་འདྲ་པོ་གཅོད་མི་རུང་། ད་དུང་ཐེངས་རྗེས་མ་ཁོ་བཙོང་ནས་སྒོར་ལ་བརྗེ་དགོས།”
     ངས་ཁོ་ཚོའི་སྐད་ཆ་ཚང་མ་གསལ་ལེར་ཐོས་པ་མ་ཟད་རོའུ་ལི་གོ་ལྕག་ལེན་དུ་སོང་པའང་མཐོང་།
     ང་སྐྲག་ནས་ལུས་པོ་འདར་སིག་སིག་བྱེད།
     ད་ནི་བདག་པོའི་དྲིན་ཏིལ་འབྲུ་ཙམ་ལ་བསམ་ནས་ཚམ་ཚོམ་བྱེད་པའི་སྐབས་མིན། ད་མ་བྲོས་ན་རང་གི་སྲོག་ཀྱང་ཤོར་ཉེན་ཆེ།
     ང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྒྱུག་ཐེངས་གཅིག་གི་རིབ་མའི་ཁ་རུ་མཆོང་ནས་བྱང་ཐང་དུ་འདུར་རྒྱུག་བྱས།   བྲོས་བྲོས་པ་ན་ད་དུང་མི་ཞིག་གིས་རྗེས་མ་བཏང་པར་བདའ་བཞིན་པའི་སྣང་བ་སྟེར།
     དངོས་གནས་ཐང་ཆད་ནས་འགྲོ་མི་ཐུབ་པས། ད་གཟོད་འགྲོ་མཚམས་བཞག་དེ་རྣ་བ་ཅོར་ཅོར་བྱས་ནས་ར་མདའ་ཡོང་གི་ཡོད་མེད་ལ་ཉན།  གྲག་འགུལ་ཅི་ཡང་མ་ཐོས།  དེའུ་འབུར་ཞིག་གི་སྟེང་དུ་བུད་ནས་རྒྱང་ལྟ་བྱས་ཀྱང་ཅི་ཡང་མཐོང་རྒྱུ་མ་བྱུང་།
     སྐབས་དེར་། ངས་ད་གཟོད་དབུགས་ལྷོད་ལྷོད་བྱས་ནས་ངལ་གསོས། ད་ནི་བདག་པོ་བསམ་ནག་དེ་ཚང་གི་ལག་འོག་ནས་ཐར་སོང་པས་རང་གི་ལས་བཟང་སོང་སྙམ།
     ཁ་ནས་རང་དབང་མེད་པར“ལྷ་རྒྱལ་ལོ།”ཞེས་འབོད་སྐད་སྒྲོག
     དེ་ནས་ནགས་ཚལ་ཞིག་དུ་སླེབས། སྔོ་ལྗང་གི་རྩྭ་འཇམ་ཟ་ཞོར་དུ་རྫ་ཆུ་བསིལ་མ་ཧུབ་ཀྱིས་འཐུང་། ང་ལ་ངོ་མ་རང་དབང་ཐོབ་སོང་སྙམ་པའི་དགའ་སྣང་ཞིག་སྐྱེས།
     མུན་རིབ་དུས། གསོམ་སྡོང་ཆེན་པོ་ཞིག་གི་གམ་ཀྱི་སྔོ་སྤང་སྟེང་དུ་བློ་བདེ་བགས་ཕེབས་ངང་གཉིད་དུ་ཡུར།
     ཞོགས་པའི་ཉི་གསར་འཇམ་པོ་དང་མཉམ་དུ་ང་མལ་ལས་ལངས། ཟ་འཐུང་འགྲང་པོ་ཞིག་བྱས་རྗེས“ད་ནི་དངོས་གནས་ཐར་སོང་། ཁོ་ཚོའི་ང་བཙལ་ཀྱང་རྙེད་མི་སྲིད། ཉིན་གཉིས་ལ་ངལ་གསོ་བྱས་རྗེས་ཐག་རིང་ཞིག་ལ་འགྲོ་”སྙམ་བཞིན་པའི་སྐབས་སུ། ཐག་རིང་ནས་སྒོ་ཁྱིའི་ཟུག་སྐད་འགའ་མཆེད་འོང་། སྐད་སྒྲ་དེ་དག་ང་དང་བར་ཐག་ཇེ་ཉེས་རེད། ཅུང་ཙམ་འགོར་རྗེས་ཤ་ཁྱི་སྐོར་ཅིག་གི་སྨྱོ་ལབ་བྱེད་བཞིན་པ་གསལ་ལེར་ཐོས་བྱུང་།
     ང་ལ་དངངས་སྐྲག་སྐྱེས་ཞོར་དུ་ཡར་ལངས་ནས་སྔ་མོ་རྒྱུད་མྱོང་པའི་ཆུ་ཕྲན་ཕྱོགས་སུ་སོང་།   ཆུ་འཕྲན་ནང་དུ་བརྒལ་མ་ཐག་རོའུ་ལིའི་སྐད་ཐོས་བྱུང་།
     ཁོས“རེམ། རེམ།  གཡང་ཁྱི་ཚོ།  སྙིང་ན་བར་བྱེད་པའི་བོང་རྒན་དེ་བཙལ་ཅི་ཐུབ་བྱས། རྙེད་ན་ཁོར་མཆེ་བ་གཙིགས་ནས་རྐང་པ་ཧྲུག་ཧྲུག་ཏུ་བཏང་ནས་ཁྲིད་ཤོག ངའི་ཁོ་ལ་གོ་ལྕག་གི་བྲོ་བ་ཡིད་ཚིམ་པ་ཞིག་མྱོང་དུ་འཇུག་དགོས།”ཞེས་ཁྱི་རྣམས་ལ་བརྡ་བྱེད་ཀྱིན་འདུག
     ང་ཅུང་ཙམ་མིན་ན་སྐྲག་ནས་བླ་ཡང་འཁྱམ་ལེ་ཁལ་ཅིག་བྱས།
     དེ་མ་ཐག་ངའི་རྣམ་རིག་ཇེ་གསལ་དུ་སོང་ཞིང་ཡིད་ལ་ཐབས་བཀོད་ཅིག་དྲན། ཆུ་ནང་དུ་བརྒལ་ན་ཁྱི་རྒན་དེ་ཚོས་ངའི་རྐང་རྗེས་དང་དྲི་མ་ཚོར་མི་ཐུབ། ང་མགྱོག་མྱུར་ངང་ཆུ་ཕྲན་ནང་དུ་མདའ་འཕང་པ་ལྟར་རྒྱུག
     ཆུ་ཕྲན་གྱི་འགྲམ་ངོགས་གཉིས་སུ་སྡོང་ཕྲན་གྱི་ནགས་ཚལ་སྟུགས་པོས་ཁེབ་འདུག
     ཡུན་རིང་ཞིག་སོང་རྗེས་གྲགས་འགུལ་ཅི་ཡང་མི་འདུག ང་ངལ་དུབ་ཆེན་པོའི་ཐང་དུ་བསྣར་ནས་དབུགས་རིང་ནར་ནར་འབྱིན། ཆུ་ཅུང་ཙམ་འཐུང་ཞིང་སྡོང་ཕྲན་གྱི་ལོ་མ་འགའ་ཟས།  སྐབས་དེར་ངའི་སུག་རྐང་བཞི་བོ་གྲང་ནས་ཕྱིད་འདུག  ཡིན་ཡང་། ཁྱི་རྒན་དེ་ཚོས་ངའི་དྲི་མ་ཚོར་འགྲོ་སྙམ་ནས་ཆུ་ཁར་འབུད་མ་ཕོད།
     ངལ་གསོ་ཅུང་ཙམ་བྱས་རྗེས་མུ་མཐུད་དུ་རྒྱུག ཆུ་ཕྲན་རྒྱུད་ནས་སོང་སོང་པ་ན་ནགས་ཚལ་བརྒལ་ནས་རྩྭ་ཐང་ཆེན་པོ་ཞིག་དུ་སླེབས། དེར་བཞོན་མ་ལྔ་བཅུ་ལྷག་སོས་དལ་བག་ཕེབས་ངང་འཚོ་བཞིན་འདུག ང་རྩྭ་རའི་མཐའ་རུ་ལོག་ནས་ཉི་མ་ལ་ལྡེ། བ་ལང་དེ་ཚོའི་ང་ཡོད་པ་ཚོར་གྱིན་མི་འདུག ངས་ཅི་དགར་རྩྭ་ཟོས་ཤིང་ངལ་གསོ་ལེགས་པོ་ཞིག་བྱས།
     ས་སྲོད་ཀྱི་སྐབས་སུ་རྩྭ་རའི་ནང་དུ་མི་གཉིས་སླེབས་བྱུང་།
     ལོ་ན་ཅུང་ཆེ་པ་དེས་བཤད་རྒྱུ“ནུ་བོ། དོ་དགོང་འུ་གཉིས་ཀྱིས་བ་ལང་ཕྱིར་འདེད་དང་། གོ་ཐོས་ལྟར་ན་ནགས་ཚལ་དུ་སྤྱང་ཀི་ཡོད་ཟེར།”
     “སྤྱང་ཀི  འདི་སུ་ཞིག་གི་རྫུན་གཏམ་པ་རེད།”
     “ལེ་གི་འར་གྲོང་ཁྱེར་ནས་འོང་པའི་མིའི་བཤད་པ་རེད།  གོ་ཐོས་ལྟར་ན། ཞིང་སྡེ་ནས་བོང་བུ་ཞིག་སྤྱང་ཀིསི་ནགས་ཚལ་དུ་དྲུད་ནས་ཟས་སོང”ཟེར།
     “ཁོ་ཚོའི་ཁ་ནས་གང་ཐོན་བཤད་པ་ལ་ཉན་རྒྱུ་མི་འདུག ཞིང་སྡེ་དེའི་མི་བསམ་ངན་ཏག་ཏགཡིན།ཁོ་ཚོའི་བོང་བུ་ལ་གཅར་རྡུང་བྱེད་རྒྱུ་ལས་ཅི་ཡང་མི་ཤེས།ནམ་ཉི་མ་ཞིག་ལ་བོང་བུ་གསོད་རྒྱུ་རེད།”
     “འོ་ན་ཁོ་ཚོའི་བོང་བུ་སྤྱང་ཀའི་ཟས་སོང་ཟེར་དོན་ཅི་ཡིན་ནམ།”
     “ཁོ་ཚོས་བོང་བུར་གཅར་རྡུང་བྱས་ནས་བསད་པ་གཞན་གྱིས་ཤེས་པར་དོགས་ནས་དེ་ལྟར་བཤད་པ་རེད།”
     “གང་ལྟར།   ང་ཚོའི་བ་ལང་ཕྱིར་དེད་ན་ཅུང་བདེ་འཇག་ཡིན།”
     “ཕུ་བོ་ཁྱོད་ཀྱིས་ཅི་བཤད་ན་དེ་ལྟར་བྱེད།”
     ང་ཁོ་ཚོའི་མཐོང་པར་དོགས་ནས་ཁ་རོག་གེར་ཡིབ་ནསབསྡད། ལས་བཟང་པ་ཞིག་ལ་རྩྭ་སྐྱེས་པ་མཐོ་བས་སྦས་རྐུངས་བྱས་ན་སྟབས་ཤིན་དུ་བདེ།
     ཡུན་ཙམ་འགོར་རྗེས། ཁོ་གཉིས་ཀྱིས་བ་ལང་རྣམས་ཟོག་རའི་ནང་དུ་བཅུག་རྗེས་ཕྱིར་ཡུལ་དུ་ལོག་གོ།
     ཁོ་ཚོའི་གླེང་བཞིན་པའི་བོང་བུ་དེ་གཞན་མ་ཡིན་པར་ང་རང་ཉིད་ཡིན་པས། ང་སྤྱང་ཀིར་འཕྲད་ཨེ་འགྲོ་སྐྲག་གི་མི་འདུག ཡང་ཅིག་བཤད་ན། མདང་དགོང་ང་ནགས་ཁྲོད་དུ་ཞག་སྡོད་བྱེད་དུས་སྤྱང་ཀིའི་གྲིབ་མ་ཙམ་ཡང་མ་མཐོང་ཞིང་ངལ་གསོ་འང་སྐྱིད་པོ་ཤིག་བྱས།
     ཕྱི་ཉིན། ཞོགས་ཟས་ཟས་རྗེས། ཁྱི་རྒན་གཉིས་ཀྱིས་བ་ལང་རྣམས་རྩྭ་རའི་ནང་དུ་དེད་འོང་།
     ང་སྐྲག་སྣང་སྤུ་ཙམ་ཡང་མེད་པར་ཁོ་ཚོར་ལྟས་ནས་བསྡད། ཁྱི་རྒན་གཅིག་གི་ང་མཐོང་མ་ཐག་སྨྱོ་ལབ་བྱེད་ཀྱིན་ངའི་ཕྱོགས་སུ་མདའ་འཕང་པ་ལྟར་མཆོང་ཡོང་།  གཅིག་དེའི་རྗེས་སུ་དམ་པོར་འགྲེང་འདུག
     ང་སྐྲག་མ་དངངས་ལ་ཁ་སང་གི་ཆུ་འཕྲན་དེའི་ཕྱོགས་སུ་བྲོས། ཆུ་ནང་དུ་བརྒལ་མ་ཐག  ཁ་སང་ཕྱི་དྲོ་འོང་པའི་མི་དེ་གཉིས་གྲས་ཀྱི་གཅིག་གིས་སྐད་མཐོན་པོའི་ཁྱི་རྒན་གཉིས་ཀ་བོས་བྱུང་།
     ང་མུ་འཐུད་དུ་ཆུ་ཕྲན་བརྒྱུད་ནས་དལ་མོར་སོང་སོང་པ་ན་མིང་མི་ཤེས་པའི་ནགས་ཚལ་ཞིག་དུ་སླེབས་བྱུང་།
     ཚོད་དཔག་བྱས་ན་འདི་ནས་བདག་པོ་ཚང་གི་ཞིང་ཁྱིམ་བར་དུ་ཕལ་ཆེར་སྤྱི་ལེ་བཞི་བཅུ་ལྷག་ཡོད་སྲིད།  ད་ང་ལ་གཏན་དུ་རང་དབང་ཐོབ་སོང་།
     འདིར་ང་ངོ་ཤེས་མཁན་མེད་པས། མི་ཡོད་སར་སོང་ཀྱང་འཛེམ་དོག་བྱེད་མི་དགོས་ལ།  མི་གཞན་ཀྱིས་ངོ་ཟིན་ནས་ཕྱིར་བདག་པོ་ཚང་ལ་བསྐྱལ་ཨེ་འགྲོ་ཡང་སྐྲག་མི་དགོས།
     བོང་རྒན་ངའི་ཆུང་དུས་ཀྱི་མྱོང་བ་ཁག་ཅིག་སྨྲས་པ་འདི།  དུད་འགྲོ་ཡོངས་ཀྱི་ཚབ་བྱས་ནས་བླ་ན་མེད་པའི་མིའི་རིགས་ཀྱིས་ང་ཚོ་དུད་འགྲོའི་ལས་དབང་སྡུག་པོ་ལ་ཐུགས་བསམ་གནང་པའི་རྒྱུ་རུ་གྱུར་ཅིག
     གལ་ཏེ་ཁྱོད་ཚོས་བོང་རྒན་ངའི་གཏམ་རྒྱུད་མང་པོ་ཤེས་འདོད་ན། ལྕམ་མོ་སེ་ཅོའུ་འར་ཀྱིས་བརྩམའ་པའི《བོང་བུའི་ཕྱིར་དྲན》ལ་གཟིགས་རོགས།


འབྲེལ་ཡོད་འོས་སྦྱོར།