logo

སྐུ་ཞབས་ཅ་ལི་ཕོ་ཐི་ཡི་མངར་ཟས།

རྩོམ་པ་པོ།:སྟག་ལྷས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-24 ཀློག་གྲངས།:

སྐུ་ཞབས་ཅ་ལི་ཕོ་ཐི་ཡི་མངར་ཟས།
       ལཱོ་པེ་འར•འེ་སི་ཁ་པེ་འར་གྱིས་བརྩམས།
             མཚོ་སྔོན་མི་རིགས་སློབ་ཆེན2011ལོའི་ཡིག་བསྒྱུར་འཛིན་གྲྭའི་སློབ་བུ་སྟག་ལྷས་བསྒྱུར།

     གནའ་སྔ་མོ་ཞིག་ལ། རྒྱང་ཐག་རིང་བའི་ས་ཆ་ཞིག་ན་རྒྱལ་ཁབ་ཅིག་ཡོད།  ཡུལ་དེའི་རྒྱལ་བོ་དང་བློན་པོ།འབངས་མང་ཚོགས་སུ་ཡིན་རུང་ནམ་རྒྱུན་སེམས་པ་སྡུག་གིས་མནར་འདུག  ཐ་ན་ཡུལ་དེའི་རི་དྭགས་དང་སྐྱེས་དངོས་ལ་སོགས་པ་ཀྱང་སྐྱོ་ཤུར་ཤུར་ངང་གནས།
     ཡུལ་འདིར་མཛེས་སྡུག་ཡིད་དུ་འོང་པའི་དཔྱིད་ཀའི་དུས་སུ་ཀྱང་ལུ་གུ་ཆུང་ཆུང་གིས་མཆོང་ལྡིང་མི་བྱེད་ཅིང་། བྱིས་པ་ཆུང་ཆུང་ཚོས་སློབ་ར་རུ་ཅ་ཅོ་དང་རྩེད་འཇོ་མི་རོལ། ཁུག་རྟ་ཡང་སྐྱོ་གདུངས་གིས་ཁེངས་ནས་མཁའ་དབྱངས་སུ་དམའ་མོར་འཕུར། ཡོད་ཚད་སྐྱ་ཐལ་ཐལ་དང་ནག་ཡལ་ལེ། འཁྱག་སུབ་སུབ་དུ་གནས། རྒྱལ་ཁབ་འདིར་ལོངས་སྤྱོད་ལྡན་ལ་རོལ་རྩེད་ཀྱི་ཡོ་བྱད་ཀྱང་ཕུན་སུམ་ཚོགས། ཡིན་ཡང་ཅིའི་ཕྱིར་འདི་ལྟར་མཚར་སྡུག་དབེན་ཞིང་སྐྱོ་ཤུར་ཤུར་ངང་གནས་དགོས་པ་མི་ཤེས། ཡུལ་ཕྱི་ནས་ཡོང་བའི་མགྲོན་པོ་དག་མཐོང་ན་མ་གཏོགས་ཁོ་ཚོ་རང་ཉིད་ཀྱིས་ཀྱང་གནས་བབས་འདི་ཚོར་ཀྱིན་མི་འདུག
     སྤྲོ་དགའི་ཁེངས་པའི་ཡུལ་ཕྱིའི་མགྲོན་པོ་ཚོ་ཡུལ་འདིར་བསྡད་ནས་བཟའ་བཏུང་ལ་སྤྱོད་དུས།  ཟ་ཁང་གི་བདག་པོས་ངོ་འདོམ་པ་གང་ཤོར་ཡོད་པ་མཐོང་ན་ཁོ་ཚོ་ཞེ་མེར་བར་བྱེད།“སྦྱིན་བདག  ཁྱེད་ཚང་ནས་དོན་དག་སྡུག་པོ་འདྲ་བྱུང་སོང་བ་ཡིན་ནམ། ཁྱེད་འདི་ལྟར་སྡུག་གིས་ཁེངས་དོན་ཅི”ཞེས་ཡ་ང་བའི་གནས་ཚུལ་འདི་ཅི་ཡིན་སྙམ་བཞིན་དྲིས་པར། “མིན།  ང་ཚོ་རྒྱུན་དུ་འདི་འདྲ་ཡིན། རྒྱུ་མཚན་ཅི་ཡིན་པ་མི་ཤེས”ཞེས་སྦྱིན་བདག་གི་འདི་ལྟར་ལན་བཏབ། ཡུལ་ཕྱིའི་མི་རྣམས་ཀྱིས“འོ་ན་ཁྱོད་ཚོས་གླུ་ལེན་གར་རྩེད་བྱས་ན་དགའ་དགའ་སྤྲོ་སྤྲོ་ཡོང་ངེས”ཞེས་བསམ་འཆར་བཏོན། “ཡིན་ཡང་།  ང་ཚོས་གླུ་བླངས་ན་ཡིད་སེམས་ལྷག་ཏུ་སྡུག་ལ་བྲོ་ཀྱང་འཁྲབ་མི་ཤེས”ཟེར།
     ཕོ་བྲང་ནང་དུ་དེ་བས་ཀྱང་སྐྱི་གཡའ་བ་ཞིག་རེད། མཛེས་སྡུག་ཡིད་དུ་འོངས་པའི་ཀོང་ཇོ་སེ་ཞི་འར་ཀུན་དང་མཐུན་མོད། ཡིན་ཡང་ཉིན་གང་བོར་ངུ་ཤུམ་འཛར་འཛར་བྱས་ནས་བཞིན་རས་མེ་ཏོག་འདྲ་བོ་ཀྱང་སྐམ་འདུག  མོས་ཉིན་རྒྱུན་དྲ་མའི་གམ་དུ་ཕྱི་རོལ་ལ་ཅེར་ནས་མིག་ཆུ་ཁྲོམ་ཁྲོམ་བཞུར།
     ཀོང་ཇོས་རྒྱུན་དུ་མཚན་མོ་རྨི་ལམ་འདི་འདྲ་ཞིག་རྨིས་བྱུང་། ན་གཞོན་ཕོ་མོའི་ཚོགས་སྤྲོ་དགའི་ངང་མཉམ་དུ་གླུ་གར་ལ་རོལ་བཞིན་གདའ་ལ་ཞལ་གཟུགས་ལེགས་ཅིང་དཔའ་སྟོབས་ལྡན་པའི་རྒྱལ་སྲས་ཤིག་གིས་མོ་རང་གར་ཁྲབ་པར་གདན་འདྲེན་ཞུས། དེའི་ཕྱིར་ཁོ་མོས་ཡབ་རྒྱལ་བོ་ལ་གླུ་གར་གྱི་སྤྲོ་ཚོགས་ཤིག་བསྡུ་རྒྱུའི་རེ་བ་ཞུས། སྤྲོ་ཚོགས་མགོ་བརྩམས་བྱུང་། དགོད་བྲོ་བ་ཞིག་ལ་རོལ་མོ་བ་ཚོས་སྐྱོ་དབྱངས་ལྡབ་ལྡིབ་དཀྲོལ་ཞིང་གར་མཁན་རྣམས་ཀྱིས་སྟངས་སྟབས་དལ་ལ་ཡིད་ཐང་ཆད་པ་སྟེ་སྲོག་ཁྲིམས་བཅད་པའི་ཉེས་ཅན་རྣམས་སྐེ་གཅོད་སྟེགས་བུའི་སྟེང་དུ་ཁྲིད་པ་དང་ཨ་ན་མ་ན་རེད། སྤྲོ་ཚོགས་ཡོངས་སུ་སྐྱོ་གདུང་གིས་ཁྱབ་འདུག་ལ་སེ་ཞི་འར་གྱི་ཡིད་སེམས་ཞེ་ནས་སྡུག  ཕོ་བྲང་ཕྱི་རོལ་གྱི་མི་རྣམས་ཀྱིས་མྱ་ངན་གྱི་རོལ་དབྱངས་ཐོས་རྗེས་ཡིད་སེམས་ཞེ་ནས་སྡུག ཕོ་བྲང་ཕྱི་རོལ་གྱི་མི་རྣམས་ཀྱིས་མྱ་ངན་གྱི་རོལ་དབྱངས་ཐོས་རྗེས་ཡིད་ཕངས་ཏེ་མགོ་བོ་འཕྲེད་དུ་གཡུག  ཏག་ཏག་མཚན་མོ་དེར་ཨོ་ཞི་ཐ་ནིའུ་ཡི་རྒྱལ་སྲས་ཧེ་མིན་གནས་དེར་མགྲོན་ཁང་དུ་བསྡད་འདུག གཤིས་རྒྱུད་བཟང་ཞིང་ཀུན་སྤྱོད་གཙང་བའི་གཞོན་ནུ་འདིས་ཕོ་བྲང་ནས་ཕྱིར་མཆེད་འོངས་པའི་སྐྱོ་དབྱངས་དེ་ཐོས་ནས། མགྲོན་ཁང་གི་སྦྱིན་བདག་ལ“ཕོ་བྲང་ནང་དུ་འདས་མཆོད་སྒྲུབ་པ་ཨེ་རེད”ཞེས་དྲིས། “མ་རེད། སྤྲོ་ཚོགས་རེད། ཀྱི་ཧུད། མཛེས་པའི་ཀོང་ཇོས་རེ་ཐག་ཆད་སོང་ཁོ་ཐག་ཡིན། ད་མུ་མཐུད་དུ་འདི་ལྟར་སོང་ན་མོ་སྐྱོ་གདུང་གིས་མནར་ནས་ཤི་འགྲོ་བ་ཐག་ཆོད་རེད”།
     ཕྱི་ཉིན། རྒྱལ་སྲས་ཧེ་མེན་རྒྱལ་བོ་དང་མཇལ་འཕྲད་གནང་།
     རྒྱལ་སྲས་གུས་འདུད་དང་བཅས་ཏེ“རྒྱལ་བོ་རིན་པོ་ཆེ། རྒྱུས་ལོན་པ་ལྟར་ན་ཁྱེད་ཚང་གི་གོང་ཇོ་སྐྱོ་གདུང་གིས་མནར་བཞིན་འདུག་ཟེར། ངས་ལྷག་བསམ་རྣམ་དག་གིས་ཁྱེད་ཀྱི་སྡུག་གི་ཁུར་བོ་མཉམ་སེལ་བྱེད་འདོད། རང་གི་ནུས་ཚོད་ཀྱིས་ཁྱེད་ལ་སྒྲུབ་རྒྱུ་ཅི་ཡོད་གསུང་རོགས་མཛོད”ཞེས་བཤད།
     རྒྱལ་བོས་མངན་པ་ཞིག་འཐེན་ཞོར་དུ“ཨེ། རྒྱལ་སྲས་ལགས། ཐུགས་རྗེ་ཆེ། ང་ཚོ་སྐྱོ་གདུང་ལས་ཐར་བའི་ཐབས་ཤིག་ཡོད་མ་ཡིན། གལ་ཏེ་ཁྱོད་ཀྱིས་ཕོ་བྲང་གི་མི་རྣམས་བྲོ་འཁྲབ་དུ་བཅུག་ཚེ་ཀོང་ཇོ་ཅུང་ཙམ་ཇེ་དགའ་ལ་འགྲོ་སྲིད་སྙམ”།
     རྒྱལ་པོས་ཀོང་ཇོ་བོས་ཏེ་རྒྱལ་སྲས་དང་ཞལ་མཇལ་དུ་བཅུག  ཀོང་ཇོས་རྒྱལ་སྲས་འདི་རྨི་ལམ་ནང་གི་གཞོན་ནུ་དེ་ཡིན་པ་མཐོང་ནས། ཆུ་སྐྱེས་པད་མའི་བཞིན་རས་སྐྱེངས་བས་དམར་མདངས་སུ་གྱུར་ནས་སྔོན་ལས་ཀྱང་ལྟ་བས་ཆོག་མི་ཤེས་པར་གྱུར། ཁོ་མོའི་ལང་ཚོ་མེ་ཏོག་གི་དྲི་བསུང་གིས་རྒྱལ་སྲས་ཀྱི་བུང་བ་རབ་ཏུ་བཀུག་ནས་མོ་ལ་འདང་རྩེ་ཟབ་མོ་ཆགས།
     རྒྱལ་སྲས་ཀྱིས་གོང་ཇོའི་མདུན་དུ་པུས་མོ་ས་ལ་བཙུགས་ནས“ལོ་ངོ་གཅིག་གི་ནང་དུ་ངས་རྒྱལ་ཁམས་ཡོངས་ལ་སྤྲོ་སྐྱིད་དང་། ཀོང་ཇོ་ཁྱེད་ཀྱི་མཆུ་སྒྲོས་མེ་ཏོག་གི་གང་བུ་རྣམས་པར་བཞད་དུ་འཇུག་ཁོ་ཐག་ཡིན”ཞེས་དམ་བཅས།
     དེ་ནས། རྒྱལ་སྲས་ཧེ་མན་རོལ་མོ་མཁན་དང་བྲོ་གར་མཁན་འཚོལ་དུ་ཕྱིན། ལམ་བར་དུ་ཇག་པ་སྐོར་ཅིག་གིས་གཟུགས་ཐུང་ཞིང་ཤ་རྒྱགས་པའི་རྒན་པོ་ཞིག་གི་ལག་ནས་འཕྲོག་བཅོམ་བྱེད་བཞིན་པ་དང་འཕྲད་པས། ཁོར་ཚམ་ཚོམ་སྤུ་ཙམ་ཡང་མེད་པར་རལ་གྲི་བཏོན་ཏེ་ཇག་པ་རྣམས་རང་རང་སར་བདའ། རྒན་པོས་རྒྱལ་སྲས་ལ་བཀའ་དྲིན་ཞུ་ཞོར་དུ“ཁྱེད་ཀྱིས་ང་རང་སྐྱབས་པར་བཀའ་དྲིན་ཆེ་ཞུ། ང་ནི་གྲགས་པའི་དབྱར་རྔ་ཕྱོགས་བཞིར་ལྡིར་བའི་སྐུ་ཞབས་ཅ་ལི་པོ་ཐི་ཡིན།  མིང་གྲགས་ཆེ་བའི་མངར་ཟས་ཏན་ཞིམ་གྱི་རྒྱལ་བོ་དང་ཞིམ་ཟས་བག་ལེབ་ཀྱི་གོང་མ་ཡིན། ད་སོ་མ་སི་ཕེན་ཀྱི་རྒྱལ་སྲས་དང་གོང་ཇོ་གཉིས་ཀྱི་སྐྱེས་སྐར་ཏན་ཞིམ་བཅོས་ཚར་པ་ཡིན་ལ། ད་ཧྲ་ཧོང་གོང་མའི་གཉེན་སྟོན་ལ་གྲ་སྒྲིག་བྱེད་དུ་འགྲོ་དགོས། ཁྱེད་ཀྱིས་ཅི་ཞིག་བཟའ་འདོད་དམ་ངས་ཁྱེད་ལ་དྲིན་ལན་འཇལ་དགོས”ཟེར། རྒྱལ་སྲས་ཀྱིས་ཁོའི་ཕན་སེམས་ལ་བརྫུ་བྱས་ཤིང་རང་ཉིད་འཕྲད་པའི་དཀའ་ཁག་ཁོ་ལ་བཤད། ཏན་ཞིམ་བཅའ་མཁན་གྱིས་སྐྱ་ཐིང་སེར་ཡོད་པའི་ཀླད་རྒྱ་འཕྲུག་འཕྲུག་བྱེད་བཞིན“འདི་ཕལ་ཆེར་བསྒྲུབ་རྒྱུ་དཀའ་མོ་འདུག ཡིན་ཡང་། ངས་ཏན་ཞིམ་རིགས་ཤིག་བཅའ་ཤེས། དེ་ཟོས་ན་འགུལ་རྒྱུར་མི་དགའ་བའི་མིའི་རྐང་འཐིལ་ལ་ཟ་འཕྲུག་ལངས་ནས་རང་དབང་མེད་པར་བྲོ་འཁྲབ་ངེས། དེ་ནི་ཏན་ཞིམ་ཅ་ལི་པོ་ཐི་རེད”ཟེར། དེ་ཐོས་མ་ཐག་རྒྱལ་སྲས་དགའ་སྤྲོ་ཆེན་པོ་སྐྱེས། ཡང་ཏན་ཞིམ་བཅའ་མཁན་གྱིས་བཤད་རྒྱུར“ཏན་ཞིམ་འདིའི་རིགས་བཅའ་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་མིན། ངས་ཁྱེད་ལ་རྒྱུ་ཆའི་སྡེབ་ཐོ་སྟེར། ཡིན་ཡང་། ད་དུང་ཕྱེ་ཡི་ནང་དུ་སྡེབ་རྒྱུའི་རྒྱུ་ཆ་གཙོ་བོ་མཆོང་ལྡིང་བྱེད་པའི་སྲན་མ་དགོས།  སྲན་མ་འདིའི་རིགས་རྒྱང་ཐག་རིང་བའི་མོ་སི་ཁོ་ན་མ་གཏོགས་མེད”། རྒྱལ་སྲས་ཀྱིས་རྒྱུ་ཆའི་སྡེབ་ཐོ་ཐོགས་ནས་འཕྲལ་དུ་རྟ་ཁ་ཕྱིར་སྐོར་སྟེ་མོ་སུ་ཁོ་ཡི་ཕྱོགས་སུ་སོང་ངོ་།།
     སོང་སོང་མཐར། ཁོ་ཐེའུ་ལན་ཞིན་ཀུ་ཟེར་བའི་སྡེ་བ་ཞིག་ལ་ཐོན། སྐྱེས་པ་ཞིག་ཁྱིམ་གྱི་སྒོ་ཁར་ལངས་ཞིང་ལག་དུ་མཆོང་ལྡིང་བྱེད་བཞིན་པའི་སྲན་མ་འགའ་བཟུང་ནས་རྩེ་བཞིན་འདུག ཁོས་སྲན་མ་ཉོ་འདོད་རུང་མོ་སི་ཁོ་ཡི་མི་དེས་མི་བཙོང་པར་མ་ཟད་ད་དུང་ཁོ་ལ་སྲན་མ་ཉོ་དགོས་པའི་རྒྱུ་མཚན་ཤོད་ཟེར།  
     རྒྱལ་སྲས་ཀྱིས་རྒྱལ་ཁབ་སྐྱོ་གདུང་ཅན་གྱི་གནས་ཚུལ་ཁོ་ལ་བཤད་ཀྱང་ཁོ་དེ་ལ་སྤྲོ་བོ་མི་འདུག དེ་ནས་རྒྱལ་སྲས་ཀྱིས་རང་གི་སྲན་མ་དེ་དག་སྤྱད་ནས་ཏན་ཞིམ་ཅ་ལི་པོ་ཐི་བཅའ་ཤེས་ཞེས་པ་ན། ཁོ་དེ་མ་ཐག་སྤྲོ་ཤིག་གེར་གྱུར་ཅིང་ཆུང་མ་བོས་ཚོད་ལྟ་བྱས། སྡེ་མི་རྣམས་དེར་རུབ་ནས་ཕྱིའི་རྒྱལ་ཁབ་ནས་འོངས་པའི་མི་ལ་ལྟད་མོ་ལྟས། ཆུང་མ་ལཱོ་ལི་ཐ་ཡིས་སྲན་མ་ཕྱེ་མར་བཏག་ནས་མ་རྨས་ལོ་ཏོག་གི་ཕྱེ་དང་སྡེབ་རྗེས། བག་ལེབ་འགའ་བཅོས་ནས་མེ་ཡི་སྟེང་དུ་སྲེག བག་ལེབ་ཚོས་རྗེས་སྐྱེས་པ་དེས་མི་ཚང་མར་བགོས། ཁམ་གང་ཟོས་མ་ཐག་རྐང་བ་གཉིས་ཀྱིས་སྟངས་སྟབས་སྒྱུར་ཅིང་ཞབས་རྟིང་གི་རྡེབ་སྒྲ་ཐག་ཐག་དུ་གྲགས། གླུ་བ་རྣམས་ཀྱིས་པི་ཝང་དཀྲོལ་ཅིང་སྨྱོ་ཧམ་ཆེན་པོས་བྲོ་གར་འཁྲབ་བྱུང་། དེ་ནས་བཟུང་མོ་སི་ཁོ་ཡི་མི་འཛམ་གླིང་གར་མཁན་གྱི་རྩེ་མོར་གྱུར།  
     གར་འཁྲབ་རྗེས། སྐྱེས་པ་དེ་ངོ་མ་ཁ་དན་ཚིག་ལ་གནས་བཞིན་སྲན་མ་རྣམས་རྒྱལ་སྲས་ལ་བྱིན། སྲན་མའི་ས་བོན་རྣམས་རྫ་སྣོད་ནང་དུ་བཏབ་ནས་ཉིན་རྒྱུན་ཆུ་གཏོར་ན་འབྲས་བུ་མང་པོ་སྨིན་ངེས་ཞེས་བཅོལ་གདམས་བྱས། རྒྱལ་སྲས་ཧེ་མེན་གྱིས་ལམ་དུ་དཀའ་བ་བརྒྱད་ཁྲི་བཞི་སྟོང་མང་པོ་བསལ་མཐར་སྲན་མ་ཁྱེར་ནས་ཕྱིར་ཨོ་གླིང་དུ་ལོག རྒྱལ་ཁབ་སྐྱོ་གདུང་ཅན་ལ་འབྱོར་དུས་ས་བོན་ལ་ལྗིད་ཏིག་ཏིག་གི་སྲན་མའི་གང་བུ་ཉི་ཤུ་སྨིན་འདུག རྒྱལ་སྲས་ཀྱིས་མགྲོན་ཁང་གི་སྦྱིན་བདག་ལ་སྲན་མ་ལྡུམ་རའི་ནང་དུ་འདེབས་སུ་བཅུག་ཅིང་ཏན་ཞིམ་ཅ་ལི་པོ་ཐི་ཡི་རྒྱུ་ཆའི་སྡེབ་ཁ་ཁོ་ལ་བཤད་རྗེས་ཕོ་བྲང་དུ་ཕྱིན། རྒྱལ་པོས་ཁོ་མཐོང་མ་ཐག་འདི་ལྟར་དྲིས་བྱུང་“ཁྱོད་ཀྱིས་ཀོང་ཇོའི་སྐྱོ་གདུང་གི་ནད་སེལ་པའི་སྨན་ཞིག་རྙེད་བྱུང་ངམ། ཀོང་ཇོ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་རེད”་ཟེར། འོན་ཀྱང་རྒྱལ་སྲས་ཀྱིས་ཁོའི་གསུང་ལ་ལན་མ་བཏབ་པར་དེ་མ་ཉིད་དུ་འཁོར་གཡོག་རྣམས་ལ་བཀའ་བསྒོས་ནས་གླུ་གར་ཁང་གི་ནང་དུ་གསོལ་ཅོག་ཅིག་བཞག་ནས་དེའི་སྟེང་དུ་ཆུང་ཞིང་སྒོར་ལ་དྲི་ཞིམ་འཐུལ་བའི་ཏན་ཞིམ་སེར་ལམ་མེ་བ་མང་པོ་བཞག  རྒྱལ་སྲས་ཀྱིས་ཀོང་ཇོ་ལ་ཏན་ཞིམ་དྲངས་ཤིང་ཁམ་གང་བཞེས་མ་ཐག་ཀོང་ཇོས་མཆུ་སྒྲོས་ཀྱི་གང་བུ་འཛུམ་ཞིང་རྒྱལ་སྲས་དང་མཉམ་དུ་འཁོར་བཞིན་བྲོ་གར་འཁྲབ། མི་གཞན་རྣམས་ཀྱིས་ཀྱང་ཏན་ཞིམ་ཟས་རྗེས་མཉམ་དུ་འཁྲབ་བྱུང་ལ་རྒྱལ་བོས་ཀྱང་ཏན་ཞིམ་བཞེས་རྗེས་སྤྲོ་དགའི་ཁེངས་པའི་མི་ཚོགས་ཀྱི་ཁྲོད་དུ་ཞུགས།
     མགྲོན་ཁང་གི་བདག་པོས་རྒྱལ་སྲས་ཀྱི་བཀའ་གསུང་ལྟར་མཆོང་ལྡིང་སྲན་མའི་འབྲས་བུ་བསྡུས་ནས་དམངས་ཡོངས་ལ་སྲན་མའི་ས་བོན་བྱིན་ཏེ་འདེབས་སུ་བཅུག རིང་པོ་མ་འདས་པར་ཚང་མས་སྲན་མའི་བག་ལེབ་བཟའ་ཐུབ་སོང་ལ། སྤྲོ་སེམས་འཁོལ་བའི་ངང་རྒྱལ་སྲས་དང་ཀོང་ཇོ་སེ་ཞི་འར་གཉིས་ཀྱི་གཉེན་སྟོན་ལ་ཞུགས་ཤིང་དགའ་སྤྲོའི་ཡོ་ལང་རབ་དུ་རྒྱས། དུས་དེ་ནས་བཟུང་རྒྱལ་ཁབ་སྐྱོ་གདུང་ཅན་ཏེ་སྤྲོ་སྐྱིད་ཀྱིས་ཁེངས་པའི་རྒྱལ་ཁམས་ཞིག་དུ་གྱུར།


འབྲེལ་ཡོད་འོས་སྦྱོར།