སྤྱོད་གཤིས་འཕྲུལ་བའི་སྨྲེ་ངག
རྩོམ་པ་པོ།:རྡོ་རྗེ་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-13
ཀློག་གྲངས།:
སྤྱོད་གཤིས་འཕྲུལ་བའི་སྨྲེ་ངག
རང་སྐྱོན་འཁྲུལ་སེལ་ལ་སྐུལ་ལྕག་གི་ཚུལ་ཏུ།
རྡོ་རྗེ་དོན་གྲུབ། ཟི་ལིང་།
ང་རང་ནི་དེ་ནས་ངེས་ཤེས་གྱི་བདུད་རྩི་མངར་མོ་འཐུང་བའི་གླགས་དང་བསྟུན། དེ་ལ་དགའ་ཞིང་དེ་ལ་དུངས། ཁོ་བོས་བདག་ལ་དུས་རྟག་ཏུ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པས། ཁོ་རང་གྲུབ་གཟུགས་ལྟར་ང་དང་བྲལ་མི་ཕོད། འགྲོ་འདུག་སྤྱོད་གསུམ་གྱི་གོམ་འགྲོས་བར་དུ་བསྡུས་བའི་ས་རྡུལ་ཆ་ཤས་རེ་རེ་བཞིན་རང་གཤིས་སུ་ཆགས་ཡོད་དེ། ཨུ་ཚུགས་དང་ཕྲག་དོག་གི་སྒྲོག་ཏུ་ཚུད་པའི་ལུས་སེམས་གྱོང་པོ་འདུལ་བའི་སྙིང་སྟོབས་ཤིག་ཅིས་ཀྱང་མཁོ་བ་རེད། ལེགས་ཉེས་བླང་དོར་་གྱི་གནས་ལ་འཁྲུལ་བའི་ལུས་སེམས་འདི་གྲོལ་བའི་ངར་ཤུགས་ཤིག་མཁོ་བ་རེད། དེ་ཡང་དུང་དཀར་མཆོག་གིས་ཀྱང་འཇིག་རྟེན་གྱི་བྱུང་ཚུལ་ལ་འགལ་བ་མཐའ་དག་ནི་སྒེར་སེམས་ནས་གྲུབ་པ་རེད་ཅེས་གསུངས་ཡོད་པ་རེད། དེའི་ཕྱིར། དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རང་གཤིས་སུ་ཆགས་པའི་སྤྱོད་པ། ཕྱིའི་དངོས་པོའི་འགྱུར་ལྡོག་ཆོས་ཉིད་དང་ཅེས་པའི་སྤྱོད་གཤིས་བར་གྱི་འབྲེལ་བ་ནི་ང་ཚོས་ཅིས་ཀྱང་གླེང་དགོས་པ་རེད། དེ་ཡང《ཤེས་རབ་བརྒྱ་བ》ལས་མི་ཡི་ཆོས་ལུགས་ལེགས་སྦྱངས་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ལྷ་དང་མི་ཡི་ཐེམ་སྐས་ལ།། འཛེགས་ན་ཐར་བ་གམ་ན་འདུག།།ཞེས་ཇི་བཞིན་དུ་ང་ཚོས་མི་ཆོས་ལུགས་དང་མཐུན་པའི་མི་ཚུལ་སྤྱོད་གཤིས་ལ་ཡིད་གཟབ་བྱེད་དགོས་མོད་ཀྱི། ང་ཚོར་རང་སེམས་གྱོང་བོ་འདུལ་བའི་སྙིང་སྟོབས་ཤིག་ཅིས་ཀྱང་མཁོ་བ་རེད། དུས་རབས་ཀྱི་དགོས་མཁོ།མི་ཚེའི་འགྲོ་ཕྱོགས།འདུ་ཤེས་གསར་བ་ཞིག་གི་སླད་དུ། གོམས་སྲོལ་གསར་བ་ཞིག། ལུགས་སྲོལ་གསར་བ་ཞིག་གི་སླད་དུ། ང་ཚོས་སྤྱོད་གཤིས་དང་ཐབས་ཤེས་ཟུང་འཇུག་གི་དགོས་གལ་རང་བཞིན་རྟོགས་ཐུབ་ཏེ། རྒྱུ་མཚན་དེའི་དབང་གིས་སྤྱོད་པ་ཚུལ་ལྡན་ཅན་གྱི་མི་གཤིས་བཟང་པོ་ཅིག་ཆགས་པར་སྙེགས་ཅི་ཐུབ་བྱ་དགོས་སྙམ།
དུས་རབས་ཀྱི་ཕུ་རེ་བར་ན་སྤྱོད་གཤིས་ནི་ཉམ་ཐག་ཅིག་ཏུ་སྣང་ཡང་། ང་ཚོས་ཆུ་མགོ་གངས་ལ་དེད་ཀྱང་ཐོག་མར་རང་ཉིད་སྤྱོད་ཤེས་ཚུལ་ལྡན་གྱི་ཕྱོགས་སུ་ལོག་དགོས་ལ། དུས་གསུམ་གྱི་འཚུབ་རེག་བར་དུ་གནས་པའི་སྤྱོད་གཤིས་འདི་ལེགས་བཅོས་བྱེད་པར་འཚལ། རང་སེམས་གྱོང་པོའི་འཆིང་རྒྱ་ལས་གྲོལ་ཏེ་དཀར་ནག་དབྱེ་འབྱེད་དང་བླང་དོར་གྱི་གནས་ལ་འཇུག་པའི་ཡ་རབས་ཀྱི་ཕྱོགས་སུ་འབད་པར་བགྱིའོ།།
འབྲེལ་ཡོད་འོས་སྦྱོར།