logo

བཅད་རྩོམ《རང་སྣང་ལུ་གུ་རྒྱུད་དུ་སྤེལ་བའི་ལེ་ཚན》

རྩོམ་པ་པོ།:འབུམ་ཕྲག༼ཀན་ལྷོ༽ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-06 ཀློག་གྲངས།:

      
  བདེ་བའི་ཚིག་གཅིག་མི་ཡོང་།།  འཚམས་པའི་ལས་ཤིག་མི་རྙེད།།
  སྤོབས་པའི་གདེང་ཞིག་མ་བྱུང་།།  ཁ་ཁུ་སིམ་པོར་ལུས་སོང་།།


  ཨ་རོག་ཆང་འཐུང་རྐྱལ་སྟོང་།།  ཆང་ལྷག་ང་ལ་བསྐྱུར་དང་།།
  བཟི་སྣང་བན་བུན་ཁྲོད་ནས།།  ངེད་ནི་ཁོ་མོ་འཚོལ་འདོད།།
 

  རས་ཡུག་ནག་པོ་ཞིག་གིས།།  སེམས་ཀྱི་འོད་སྣང་བསྒྲིབས་འདུག།
  མུན་པ་མཐུག་པོ་ཞིག་གིས།།  འཇིག་རྟེན་ཡོངས་སུ་བཀབ་སོང་།།


  བསྒྲུགས་པའི་དངོས་པོ་ཡོད་ཚད།།  ཁུག་མ་ཐེད་པོར་བླུགས་པས།།
  ད་ནི་ཇི་ལྟར་སེམས་ཀྱང་།།  གང་ནས་བོར་བ་མ་ཚོར།།


  ཧ་ཧ་ཧོ་ཧོའི་དགོད་སྒྲས།།  ཕྱོགས་བཞི་མཚམས་བརྒྱད་གང་འདུག།
  འཇིག་པའི་ཉེན་བརྡ་སྣ་ཚོགས།།  གྲུ་ཟུར་ག་སར་འཛུལ་འདུག།
 

  བྱམས་དང་སྙིང་རྗེའི་དབང་གིས།།  མི་རྣམས་ཕལ་ཆེར་ཞར་འགྲོ།།
  དབང་དང་བདེན་པའི་དབང་གིས།།  མི་རྣམས་མ་ལུས་ལྐུགས་འགྲོ།།
 

  ཚང་མ་འགྲོ་བཞིན་འདུག་མོད།།  གང་ལ་ཆས་ཀྱིན་འདུག་ཨང་།།
  ང་ནི་རང་ཉིད་གཅིག་པུ།།  ཡུལ་ལ་ལོག་ན་བསམ་བྱུང་།།


  ང་དང་སྙན་ངག་གཉི་ག།  སྣང་བའི་ཕྱི་ལ་འཕུར་འགྲོ།།
  སྣང་བ་སྒྱུ་མའི་ལུང་པར།། ཁྱིམ་གཞིས་གཟུགས་སུ་བུད་འགྲོ།།


  སུ་དང་གང་གི་ཆེད་དུ།། ང་ནི་གསོན་འདོད་མ་བྱུང་།།
  ཡིན་ཡང་རང་གི་ཆེད་དུ། །ང་ནི་འཚོ་འདོད་བྱུང་སོང་།།


  གདུག་རྩུབ་ཡོད་ཚད་མཚོན་པའི།།  གྲི་ཞིག་ཡོང་བ་མ་རེད།།
  དགའ་བ་ཡོད་ཚད་འདུས་པའི།།  གཏམ་ཞིག་ཡོང་བ་མ་རེད།།


      
  རང་སེམས་ཤོག་སྐྱ་ལེབ་མོ།།  སྐྱི་བསེར་རླུང་གིས་ཁུར་སོང་།།
  ནགས་ཀླུང་སྟུག་པོའི་ཁྲོད་ན།།  ང་རང་གཅིག་པུ་ལུས་འདུག།


  གླེགས་བམ་ཚི་སྟུག་མ་ཞིག།  རང་གི་སྔས་མགོར་བཞག་ཡོད།།
  རྙིང་དྲི་སྟུག་པོ་ཞིག་གིས།།  རྣམ་ཤེས་དབྱིངས་སུ་དྲངས་འགྲོ།།


  འདི་ན་སུ་དང་གང་ལ།།  རུས་པ་ཆ་ཚང་མི་འདུག།
  གན་ན་འགྲོ་བ་ཡོད་ཚད།།  གླུད་དང་ཐོ་ཡོར་ཙམ་རེད།།


  དངུལ་ལ་མིག་བཞིན་གཅེས་ཀྱང་།།  བདེ་བའི་སྤོད་ཡར་མི་ཡོང་།།
  བདེ་བར་ཀུན་ནས་ཆགས་ནའང་།།  འཐོབ་པའི་ཐབས་ཤིག་མི་རྙེད།།


  མ་འདྲིས་སྙིང་གི་བུ་མོ།།  གར་སོང་ས་ནས་དྲན་འོང་།།
  ད་ནངས་བློ་ལ་བཞག་པ།།  གཅིག་ཀྱང་དྲན་པ་མི་འདུག།


  དབྱངས་གསལ་སོ་བཞིའི་ཕྲེང་བ།།  ནམ་ཡང་འདྲེན་བཞིན་བསྡད་ཡོད།།
  གལ་ཏེ་བརྡབས་གསིག་བཏང་ན།།  གཟོད་གསོལ་ཐེངས་གཅིག་གནང་ཞུ།།


  བུད་མེད་ཅེས་ན་ཆང་རེད།།  ཆང་གི་ཉིང་ཁུའི་མངར་རེད།།
  ཆང་ལ་སྤྲོ་བ་མེད་ན།།  བཙན་གྱིས་བཏུང་དགོས་མི་འདུག། 


  སེམས་ལ་ཤིན་ཏུ་སོང་བས།།  ད་ནི་སྤྱུག་ཐབས་མེད་བྱུང་།།
  ང་ནི་ཡི་མུག་འདི་དང་།།  དཔག་ཚད་འབུམ་གྱིས་བཅད་འདོད།།
 

  སྙན་ངག་ཅེས་ན་ཅི་རེད།།  ཁོ་མོའི་མིག་ལའང་མི་དོ།།
  མིག་ཟུང་ཕྲ་མོའི་འོད་ལས།།  སྙན་ཚིག་ཆར་བཞིན་བསྙིལ་ལོ།།


  ཁ་བ་སིབ་སིབ་བབས་བྱུང་།།  གྲང་རླུང་བག་ཙམ་ལྡང་བྱུང་།།
  མཁའ་དབུངས་འཁྱག་པས་སྦོས་བྱུང་།།  མོ་རེ་འཁྱགས་སུ་མ་འཇུག།


      ༦
  བློ་དང་ཞགས་པ་འཛོམས་ཀྱང་།། རང་ཉིད་ཟིན་ཐབས་མི་འདུག།
  མིག་དང་གློག་འོད་འཛོམས་མོད།། རང་ཉིད་མཐོང་ཐབས་མི་འདུག།
 

  ཁ་བཏགས་དཀར་པོའི་ཁུད་ལ།།  ཤོག་དངུལ་ཚི་ཅན་མ་གཅུད།།
  འཛུམས་མདངས་ཕྲ་མོའི་རྒྱབ་ཏུ།།  སྒྱུ་མ་མཁན་པོ་མ་སྦ།།
 

  སྣང་བ་ཁྲལ་ཁྲུལ་ཞིག་གིས།།  རང་བློ་རྙོག་པར་བཏང་འགྲོ།།
  རིག་པ་ཡ་ཡོ་ཞིག་གིས།།  རང་མགོ་རང་གིས་སྐོར་འགྲོ།།


  མེ་ལོང་ནང་ལ་བལྟས་ཚེ།།  ཤ་དང་ཁྲག་གི་གཟུགས་རེད།།
  མེ་ལོང་ལག་ལ་བཟུང་ཚེ།།  ཤི་མ་གསོན་ཙམ་ཞིག་རེད།།


  སེམས་དང་སེམས་ཀྱི་བར་ཐག།  དུས་དང་མཚོན་གྱིས་མི་ཐུབ།།
  མི་དང་མི་ཡི་བར་ཐག།  སྐད་ཅིག་གློག་ཞགས་བཞིན་ནོ།།


  སྟག་དང་འབྲོང་རྒོད་འཐབ་ནས།།  ས་གཞི་རྡུལ་གྱིས་ཁེངས་སོང་།།
  ང་དང་གྲིབ་མ་འཛིང་ནས།།  ཤ་ཐང་ལུས་ཐང་ཆད་སོང་།།


  ང་ནི་སེང་གེ་རྨས་མ།།  ཁྱོད་ནི་ཤ་བ་ཡུ་མོ།།
  ལས་དབང་འཆད་དགོས་མི་འདུག།  རང་རང་ས་ལ་བུད་འགྲོ།།
 

  རྩྭ་ཐོག་ཁ་བའི་སྟེང་ལ།།  གྲང་རླུང་གཟེར་མ་བརྡབས་བྱུང་།།
  ཆམ་ནད་ཚ་བའི་ཐོག་ལ།།  ཡི་མུག་ཆར་བ་བབས་བྱུང་།།


  ཁང་མིག་ཆུང་ཆུང་འདི་རུ།།  ང་དང་རྩིག་པ་དཀར་པོ།།
  ཉལ་ཁྲི་གྲུ་བཞིའི་སྟེང་ན།།  ང་དང་ཁེར་རྐྱང་སེམས་པ།།
 

  ནམ་ནི་ལངས་མིན་མ་ཤེས།།  ས་ནི་རུབ་མིན་མ་རྟོགས།།
  སྒོ་དང་སྒེའུ་ཡོལ་བར་ནས།།  ཉིན་གཅིག་འདི་ལྟར་རྫོགས་སོང་།།


      ༧
  ཉི་འོད་ས་ལ་འཐོར་ནས།།  ས་གཞིའི་རྨ་ཁ་སོས་སོང་།།
  ཡིད་འཕྲོག་ལྷ་མོ་མཐོང་ནས།།  སེམས་ཀྱི་ཚ་སྨུག་ཡལ་སོང་།།


  ནང་གི་རི་མོའི་ནང་ན།།  གསང་བའི་སྒམ་ཞིག་ལུས་འདུག།
  དངུལ་གྱི་ལྡེ་མིག་དཀར་པོ།།  ཟྭ་ཁུང་ནང་ན་ཤི་འདུག།


  རིད་པའི་ལག་པ་མང་པོས།།  ང་ཡི་མཐའ་ནས་བསྐོར་ཏེ།།
  འདོད་པའི་ལྕེ་རིང་སྣ་ཚོགས།།  ང་ཡི་ཕྱོགས་ལ་བསྲིངས་བྱུང་།།
 

  མིག་གིས་རྒྱང་ལ་བལྟས་ཀྱང་།།  རབ་རིབ་ཅིག་ལས་མི་མཐོང་།།
  དེ་ཡི་ཕ་རོལ་བསམ་ཚེ།།  ཟ་འཕྲུག་ཙམ་ལས་མི་ཡོང་།།


  སེམས་ལ་ཕུར་བ་བརྡབས་ཤིང་།།  སྙིང་གིས་མདུད་ལོག་བརྒྱབ་སྟེ།།
  གཏན་གྱི་འདུན་པ་ཡོད་ཚད།།  དེ་ལ་བཅོལ་ན་འདོད་དོ།།


  རུས་པའི་གསེང་ལ་ཟུག་པ།།  དབྱངས་དང་གསལ་བྱེད་གཉིས་རེད།།
  ཁྲག་རྩའི་ནང་ལ་འཐིམ་པ།།  མེས་པོའི་རྔུལ་ནག་ཡིན་དགོས།།


  ལ་ཁའི་དར་ལྕོག་ནར་མོ།།  རླུང་གིས་བརྡར་ནས་ཟད་འགྲོ།།
  མི་ཚེའི་འབད་འབུངས་ཡོད་རྒུ།།  འཆི་བདག་གཅིག་པུར་དབང་འགྲོ།།
 

  དུས་མཐའི་རླུང་འཚུབ་འདི་ཡིས།།  ནད་དུག་བགྲང་ཡས་ཁྱེར་ཡོང་།།
  ང་ནི་བྱིས་པའི་རྩེད་རར།།  རྐང་རྗེན་བུད་དུ་འགྲོ་འདོད།།


  མིང་དང་ཚིག་གི་བར་ནས།།  འདོད་པའི་ལྷ་མོ་འཁྲུངས་ན།།
  ང་ཡང་རྩོལ་བ་འདི་དང་།།  མཉམ་དུ་སྨྱོས་ན་འདོད་བྱུང་།།
 

  མཚན་མོའི་ལྷིང་འཇགས་དབུས་ཀྱི།།  ཟླ་བ་ཁེར་རྐྱང་སྙིང་རྗེ།།
  རོལ་དབྱངས་ཟ་ཟི་འཐུང་ཞོར།།  རྨི་ལམ་ཁྲོད་དུ་ཞུགས་འགྲོ།།


      ༨
  ཚོར་བ་སྒྱུ་མ་སྣ་ཚོགས།།  རྟ་རྒོད་ཐང་ལ་ཤོར་ཤོར།།
  གོ་རིམ་འཆོལ་བའི་སྣང་བ།།  རྦབ་རྡོ་རི་ལས་འབབ་འབབ།།


  པོ་ཏི་མཁྲེགས་པོ་འདི་ལས།།  རུས་པའི་མེ་ཏོག་སྐྱེས་ཏེ།།
  ཟངས་ཀྱི་འདབ་མ་རློན་ཅན།།  གློ་བུར་ལྕིག་ལྕིག་འདར་བྱུང་།།


  ས་སྟོང་ལུང་སྟོང་ཞིག་གི།  བགྲེས་མོ་ཡུགས་ས་ཞིག་གིས།།
  ང་ལ་མགྲོན་འབོད་བྱས་བྱུང་།།  མནའ་མ་ཁྲིད་ཤོག་གསུངས་གི།


  ཅི་ཞིག་བྱས་ན་མ་རེད།།  མ་བྱས་ན་ཡང་མ་རེད།།
  ཡི་མུག་སྟུག་པོ་ཞིག་གིས།།  སྙིང་ལ་སྦར་འབྲད་བྱས་བྱུང་།།
 

  མི་ཚེ་ཐུང་ཐུང་ཨེ་རེད།།  འཚོ་བ་རྨི་ལམ་ཨེ་རེད།།
  སྐད་ཅིག་ཙམ་གྱི་ཁྲོད་ལ།།  གཉིད་རྗེས་སད་པ་མེད་དོ།།


  དྲོད་ཐིག་རེ་རེ་བཏུས་ནས།།  ཚར་ལྭའི་ཚབ་ཏུ་བྱས་ཆོག།
  ཡིག་འབྲུ་རེ་རེ་བརྩིགས་ནས།།  སེམས་ཀྱི་ཕོ་བྲང་བཞེངས་ཆོག།


  སྐྱུར་བའི་ཚོར་བ་ཁ་པོ།།  བྱང་ཁོག་ཀུན་ལ་འཚང་འདུག།
  རེ་བའི་རབ་གསལ་ཁ་ལ།།  བདུད་ཀྱི་འཇིགས་པ་སླེབས་བྱུང་།།
 

  ཚིག་སྐམ་ཧྲུག་ཧྲུག་འཆའ་ཞོར།།  མིག་གིས་ཧྲིག་ཧྲིག་ལྟ་ཞོར།།
  གོམ་སྒྲ་ཁྲོག་ཁྲོག་སྤོ་བཞིན།།  ཁྱོད་ཀྱི་གམ་ནས་བུད་འགྲོ།།


  སྨྲ་བསམ་འདིར་སྣང་ཆོས་ཀུན།།  ད་ཀོ་ཚིག་གིས་མི་ཐེག།
  དབྱངས་ཅན་ལྷ་མོའི་དངོས་གྲུབ།།  ད་ནི་ཉམ་རེ་ཐག་ཨང་།།


  ང་ནི་འཐོམས་པའི་དབང་གིས།།  སྣང་བའི་རྗེས་སུ་རྒྱུགས་སོང་།།
  རེ་ཞིག་ཚོར་བས་ཟིན་ན།།  འདི་ལས་དགའ་བ་མེད་འགྲོ།།

 

       ༢༠༡༤ལོའི་ཟླ༡༠པའི་ཚེས༣༡ཉིན་ནས་ཟླ༡༡པའི་ཚེས༥བར།
 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།