རྟ་མགྲིན་དབང་རྒྱལ་གྱི་སྙན་རྩོམ《དུས་ཆེན་ལ་ཕུལ་བའི་སེམས་གཞས》
དུས་ཆེན་ལསེམས་་ཕུལ་བའི་གཞས།
ཀླུ་ཆུ་རྟ་མགྲིན་དབང་རྒྱལ།
ནམ་མཁའ་འདི་མཐོངས་ཡངས་བ་ནི་ང་དང་ཁྱོད་ཀྱི་ཆེད།
ས་གཞི་འདི་གོར་ཞིང་སྙོམས་པ་ནི་ང་དང་ཁྱོད་ཀྱི་བསོད་ནམས།
འཚང་ཁ་ཤིག་ཤིག་གི་ལོ་ཟླའི་བར་གསེང་ནས
དུས་ཆེན་འདིའི་ང་ལ་ལག་བརྡ་གཏོང་དུས།
ངས་སེམས་པའི་ཕྱི་ནང་དུ་ཁྱོད་ཀྱི་འཛུམ་བག་དང་ངག་སྒྲོས་སྐྱོམ།
ཀྱེ། བདག་གི་དག་ཞིང་གི་ལྷ་ཚོགས།
ཀུ་ཤུ་བཞིན་དུ་དམར་ཞིང་སྣུམ་ལ།མར་ལོ་བཞིན་དུ་འཇམ་ཞིང་དུལ།
འཚོ་བའི་གསོལ་ཇ་འདི་སྐྱུར་ཞིང་བསྐ་རུང་།
གཏིང་རིམ་གྱི་མངར་རྩི་ཡུན་གྱིས་བཞིབས་རོགས།
ཉི་མ་གསེར་གྱི་འཁོར་ལོ།ཟླ་བ་དངུལ་གྱི་རྣ་ཆ།
སྐར་ཚོགས་ཀྱི་ཚོར་འགྱུ་མང་པོ་གཏམ་རྒྱུད་ཀྱི་ཞིང་སར་འཐོར།
དགའ་བའི་འཇིག་རྟེན་གྱི་ཆེད་དུ།འཇིག་རྟེན་གྱི་དགའ་བའི་ཆེད།
དུས་ཆེན་གྱི་འཛུམ་ཀོང་ནང་དུ་ཁྱེད་རང་མིག་ཆུ་བཞིན་འཚེར།
ངའི་ཡིད་འོང་གི་སྙིང་སྡུག་ཚོགས།
མཚན་ཁྲོད་ཀྱི་འོད་ཞགས་ཐམས་ཅད།
ཡིད་སེམས་ཀྱི་གོ་ཆར་བགོས་པ།
ཁྱེད་ཀྱི་དཔའ་བོའི་ལོ་རྒྱུས་སུ་འཁུམས།
དབྱངས་གསལ་གྱི་འགག་མེད་བཞིན་དུ་སྐྱེས་པའང་འགག་པ་མེད་ལ།
འཆི་བ་ནི་རྟག་བརྟན་དུ་སྒོམ་པའི་ངའི་སྙིང་སྡུག་གི་ཚོགས།
དུས་ཆེན་ཡང་ཡང་ཐོན་རུང་།
ལང་ཚོར་རྒས་བ་མི་འདུག
སྙན་ཚིག་གི་དཀྱིལ་འཁོར་ཀློང་ནས་འགྲེངས་དུས།
བསྟོད་འོས་པ་ཁྱེད་རང་ཡིན་འདུག
སྨོད་འོས་པའང་ཁྱེད་རང་ཡིན་འདུག
ངའི་ཡིད་འོང་གི་སྙིང་འདུག དགེ་རྒན་གྱི་ཚོགས།་
དེ་རིང་གི་ཁྲིད་སྟེགས་སྟེང་དུ།
དཔེ་དེབ་དང་གྲོགས་སུ་བསྡོངས་དུས།
ཚིག་ཕྲེང་དང་རྩིས་ཕྲེང་དག་ལ་ཅི་འདྲའི་རྩུབ་གཤིས་ཆེ།
དུས་ཆེན་ཁྱོད་ཡུན་རིང་དུ་བཞུགས་རོགས་ཞུ།
ངས་འཕུར་འདོད་པའི་མཁའ་དབྱིངས་དེའི་གཤོག་ཟུང་བརྐུ་འདོད།