logo

ངའི་ནར་སོན་གྱི་ལོ་ཟླ།

རྩོམ་པ་པོ།:བཀྲ་ཤིས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-02 ཀློག་གྲངས།:

ངའི་ནར་སོན་གྱི་ལོ་ཟླ།
      བཀྲ་ཤིས་རྒྱལ། མཚོ་སྔོན་དགེ་ཐོན་སློབ་ཆེན།

      མི་ཞིག་གི་ནར་སོན་གྱི་བརྒྱུད་རིམ་ནི། མི་དེས་མྱངས་པའི་སློབ་གསོ་ཡི་ཐེམ་སྐས་རེ་རེ་ཡིན། ཚད་མི་འདྲ་ཞིང་རིམ་པའང་མི་མཚུངས་པའི་སློབ་གསོའི་རྒྱགས་ཕྱེ་རེ་རེ་ཡིས། མི་ཞིག་གི་མི་ཚེ་ལ་སྡོམ་ཚིག་འགོད་བཞིན་ཡོད།
      མི་ལོ་བཅུ་ལྷག་གི་སློབ་གསོའི་བགོ་སྐལ་ཐོབ་པའི་ང་རང་གི་འཚར་ལོངས་ཀྱི་གོ་རིམ་ཡང་མངར་སྐྱུར་འདྲེས་མས་གྲུབ་པའི་རྒྱུན་ལྡན་གྱི་འཚོ་བའི་བཞུད་ལམ་འབའ་ཞིག་ཏུ་བསམ་བཞིན་ཡོད།
      སློབ་ཆུང་དང་སློབ་འབྲིང་གི་མི་ལོ་བཅུ་གཉིས་ཀྱི་རིང་ལ། ངས་ཕ་མའི་རེ་བ་དང་དུ་བླངས་ཤིང་རྒན་གྱི་བཀའ་གསུངས་གཙུག་ཏུ་བཀུར་ནས། སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་པས། གྲུབ་འབྲས་ཀྱང་ཕྱོགས་གང་ཅིའི་ཐད་ནས་ཅུང་མི་དམན་པ་བླངས་མྱོང་།
      སློབ་ཆེན་གྱི་སྒོ་ཐེམ་འགྲིམས་པ་ནས་བཟུང་། ངས་སྔར་བཞིན་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས་སློབ་སྦྱོང་ལ་རྟག་ཏུ་འབད་འབུངས་བགྱིས་པ་ཡིན།
      སློབ་ཆེན་སྐབས་ཀྱི་བདག་གི་ཆེད་ལས་ནི་མི་གཞུང་སློབ་གསོའམ་ལོ་རྒྱུས་དང་རྩོམ་རིག་ཅེས་པ་དེ་ཡིན་ལ། ངས་རྒྱ་མི་རིགས་སྡེ་ཁག་གི་ཆེད་ལས་འདི་ལྟ་བུ་ཞིག་འདེམས་དོན་ནི། གཅིག་ནས་རང་ཉིད་ལོ་རྒྱུས་རིག་པར་དགའ་བ་དང་། གཉིས་ནས་རྗེས་སུ་རང་ཉིད་ཕྱིར་ཕ་ཡུལ་དུ་ལོག་སྟེ། སྐད་གཉིས་སྨྲ་བའི་ལོ་རྒྱུས་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན།
      སྤྱིར་རྒྱ་གཞུང་ཚན་ཁག་འདི་ལྟ་བུ་ནས། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་ཤིན་ཏུ་ཞན་མོད། འོན་ཀྱང་། ངས་སློབ་གསེང་དང་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་ནས། རང་སྐད་རང་ཡིག་གི་རང་སྦྱོང་དེ་མཚམས་བཞག་མ་མྱོང་།
      སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སུ། ངས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རང་སྦྱོང་དངོས་གཞིའི་ཐོབ་ཐང་ལེན་པའི་རྒྱུགས་བླངས་ཚར་ལ། རྒྱུགས་འབྲས་ཀྱང་ཅུང་བཟང་བོ་ཞིག་ལེན་ཐུབ་སོང་།
      སློབ་ཆེན་ལོ་རིམ་བཞི་བའི་སྐབས་ཏེ། ད་ལོར་ངས་རང་སློབ་གྲྭའི་མི་གཞུང་སྡེ་ཁག་ཏུ་ལོ་རྒྱུས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། མི་འགྱངས་པར། ངས་སྔར་བཞིན། བདག་གི་མ་ཡུམ་སློབ་ཆེན་འདི་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ། བོད་ཀྱི་ལོ་རྒྱུས་གཙོས་པའི་ཤེས་རིག་གི་ཞིང་ཁམས་ནས་རིག་པའི་སྐྱ་རྩལ་ཧུར་གྱིས་སྤྲོ་བའི་ཆོད་སེམས་བརྟན་པོ་བཅིངས་ཡོད།
      ཡིན་ནའང་། སྐབས་འདིར་ང་ལ་འདང་རྒྱག་གི་གནས་ཀྱང་མང་པོ་ཞིག་གདའ། ད་ལོར་ང་རང་ཕ་ཡུལ་ནས་ཡོང་ཁར། ཨ་ཕས་ང་ལ་ཁྱོད་ཀྱིས་མཐར་ཕྱིན་ཁར། བྱ་བའི་རྒྱུགས་བཟང་བོ་ཞིག་སྤྲོད་ཨེ་ཐུབ་ལྟོས། གཞན་སྒོར་གྱི་འགྲོ་སྒོ་འདྲ་ཡོད་ན། ཨ་ཕས་ཅི་ཐུབ་གང་ཐུབ་ཀྱིས་བཙལ་ཡོང་ངེས་ཟེར། ཨ་མས་ཀྱང་ང་ལ། ད་ལོ་ནི་ཁྱོད་མཚོན་ན། གནད་འགག་གི་ལོ་ཞིག་ཡིན་པས། ངེདམགཉིས་ཀྱིས་ཁྱོད་ཀྱི་འདོད་དོན་འགྲུབ་ཆེད། ཡོད་ཚད་བློས་གཏོང་ངེས་ཡིན་ཟེར།
      ཕ་མ་གཉིས་ནི་དུས་ནམ་ཡང་ངའི་རྟག་བརྟན་གྱི་རྒྱབ་རི་གསོན་པོ་དེ་ཡིན་པ་དང་། ངའི་ཆེད་དུ་རང་ཉིད་ཀྱི་བདེ་སྐྱིད་ཡོད་ཚད་བློས་གཏོང་ཕོད་པའི་བླ་མེད་ཀྱི་དྲིན་ཆེན་ཟུང་ཡིན་པ་ངས་ལོས་ཤེས།
      དྲང་མོར་བཤད་ན། ང་ནི་དུས་རྒྱུན་ཁ་གྲག་རྒྱུར་དེ་འདྲའི་དགའ་པོ་མེད་པའི་མི་ཞིག་ཡིན་པས། ཡུལ་དུ་ཕྱིན་དུས་ཀྱང་སོས་དལ་དལ་སྒཽས་ཕ་མ་གཉིས་ལ་ཁ་ཏ་ལྷོད་པོ་ཞིག་བྱས་མྱོང་མེད།
      འོན་ཀྱང་། ཕ་མ་གཉིས་ཀྱི་ཡིད་སེམས་སྤྲོ་རུ་འཇུག་ཆེད། ངས་སློབ་སྦྱོང་གི་བརྩོན་པ་ནམ་ཡང་མ་བཏང་སྟེ། རྒྱུགས་འབྲས་དང་ཨང་རིམ་གྱིས་ཁོ་གཉིས་དགའ་རུ་བཅུག་པ་ཡིན།
      སྤྱིར་སློབ་མཐར་ཕྱིན་ནའང་། ངས་ཀྱང་རང་ལ་འཚམས་པའི་བྱ་བ་ཞིག་བཙལ་ཏེ། ཕ་མ་གཉིས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ནས་ཁོང་གཉིས་ལའང་ངལ་གསོའི་དུས་མཚམས་ཤིག་སྦྱིན་ན་འགྲིག་མོད། ཡིན་ཡང་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་ཞིག་གི་ཆེད། ངས་ཞིབ་འཇུག་འདོན་པའི་ཀུན་སློང་འདོར་ཐབས་བྲལ།
      རེད་ཡ། གདམ་ག་འདི་ནི་བདག་གཅེས་འཛིན་གྱི་བསམ་བློའི་ཁ་ཕྱོགས་ཤིག་ཀྱང་ཡིན་སྲིད་མོད། འོན་ཏེ། ཕ་མ་གཉིས་ཀྱིས་ངའི་ཕུགས་བསམ་དང་འདོད་ཚུལ་འདི་དང་ལེན་བྱེད་སྲིད་ངེས།
     རྒྱུ་མཚན། ཁོང་གཉིས་ནི་དུས་ནམ་ཡང་ངའི་ནར་སོན་གྱི་རྒྱབ་རི་བརྟན་པོ་དེ་གཉིས་ཡིན་པས་སོ།།


འབྲེལ་ཡོད་འོས་སྦྱོར།