ཚེ་དབང་མཐར་ཕྱིན་གྱི《ཀ་རྩོམ་སྙིང་གི་སེམས་སྒྲ》
ཁ་ལྗོངས་གཙུག་ལག་བ་དན་་འཛམ་གླིང་རིགས་སྟེགས་སྟེང་ནས་མཐོན་པོར་བསྒྲེངས།།
ག་ལེར་ཁྱེད་ཀྱི་འཕེལ་འགྲིབ་ཁ་ཕྱོགས་དེང་གི་གསར་སྐྱེས་གཞོན་ནུ་བཅོལ།།
ང་ཚོས་དུས་རབས་འོས་འགན་ཕྲག་ཏུ་བཞེས་ནས་ཕ་སྐད་གཞོལ་བ་སེམས།།
ཅ་ཅོ་མིན་པའི་གཏམ་བརྗོད་ཁྲོད་ནས་རང་ལུགས་རང་གི་ཕན་དོན་གླེང་།།།
ཆ་ལུགས་ཀུན་དང་མཐུན་པའི་རང་སྲོལ་མ་ཉམས་གོང་འཕེལ་བྱེད་ན་ལེགས།།
ཇ་ཡུན་ཙམ་ཡང་སོས་དལ་མི་བྱེད་ཤེས་བྱའི་ཉིང་བཅུད་བཏུང་བར་བཞུད།།
ཉ་ཆུ་ལྟ་བུའི་མཛའ་གཅུགས་འདི་ནི་ཆོལ་ཁ་གསུམ་གྱི་འདུན་མ་ཡིན།།
ཏ་ཐྭ་ག་ཏའི་གསུང་སྒྲོས་བསྟར་བས་མི་འཇིགས་སྦྱིན་པ་བརྩོན་ན་དགེ།།
ཐ་དད་རིགས་དྲུག་འགྲོ་བའི་སྡུག་བསྔལ་ཁུར་དུ་བླངས་པར་སྙིང་ནས་མོས།།
ད་ཆ་རང་ཕན་གཞན་འཚེ་འདོོད་ན་ལྔ་བདོ་ལམ་ལ་བགྲོད་པ་དོགས།།
ན་ཚོད་ལང་ཚོ་སྨིན་པའི་གཞོན་ནུར་དེ་ལྟའི་ཕུགས་བསམ་མེད་ན་སྐྱོ།།
པ་ཏྲའི་རི་མོ་བསྣོལ་བ་ཇི་བཞིན་རྩོམ་ཡིག་དྲ་བ་གང་སར་སྦྲེལ།།
ཕ་མེས་བཞག་པའི་རིན་བྲིན་གཅེས་ནོར་ཕྱོགས་བཞིར་འགྲེམ་སྤེལ་བྱེད་པའི་བློ།།
བ་ལྟོགས་རྩྭ་ལ་རྔམས་པ་ཇི་བཞིན་ཕ་སྐད་་དུངས་བ་དེ་ལས་ལྷག།།
མ་ཡུམ་གངས་ལྗོངས་རིག་གནས་དུ་བའི་རྟག་ལས་མེ་བཞིན་གནས་པར་སྨོན།།
ཙ་རིའི་རིན་ཆེན་ནོར་གྱིས་ཕྱུག་ཀྱང་ཉེར་སྤྱོད་མི་ཤེས་རྗེས་སུ་ལུས།།
ཚ་ཚ་འུར་འུར་འབར་བའི་ཤེས་བྱའི་འགྲན་རྩོད་ཁྲོད་དུ་སྦྱངས་སྟོབས་སྐྱེས།།
ཛ་ཡ་གསེར་སྐུ་དད་དམ་འཕོ་མེད་བྱེད་པའི་བསམ་བློའི་གཞི་རྐང་ཞན།།
ཝ་སྐྱེས་རྒྱལ་པོར་དཔེར་བྱས་རང་རིགས་ཤ་ཉེ་དག་ལ་ཆགས་སྡང་བཙོན།།
ཞྭ་དཔེ་ལྷམ་འགེབས་བཅོས་མ་གཉེར་ནས་རྟིང་མ་མཚང་གི་གྱོད་གཞི་འབྱུང།།
ཟ་འཐུང་གྱོན་གོས་ཐམས་ཅད་གཞན་ལ་རེ་ན་རང་ཚུགས་ཤོར་བར་ཉེན།།
འ་ཅག་གདོང་དམར་འཚོ་བའི་ཁྲོད་ཀྱིས་སྲོལ་ངན་མུན་ནག་གཏོར་དང་ལྷག།།
ཡ་རབས་བོད་མིའིི་ཞི་དུལ་གཤིས་ཀ་ལུགས་གཉིས་ལམ་ལུགས་རྗེས་སུ་བསྙེགས།།
ར་བ་མུ་ཁྱུུད་ཀུན་ནས་བསྐོར་བའི་གངས་ལྗོངས་གནས་པའི་ན་ཟླ་ཚོ།།
ལ་རྒྱའི་རླབས་ཕྲེང་མཁའ་རུ་རྩེན་ཡང་ལག་ལེན་གསེར་གྱི་ཐེག་པ་གལ།།
ཤ་རུས་གདུང་རྒྱད་གཅིག་ལས་མཆེད་པའི་བརྩེ་སེམས་སྙིང་ནས་བསྒོམ་པ་བྲེལ།།
སྭ་ལའི་སྨན་ལྗོངས་རིག་གནས་དར་སྤེལ་གཏོང་ཆེད་རང་ནུས་རྩལ་དུ་སྤྲུགས།།
ཧ་ལམ་ར་བཟི་ལམ་ནས་བྲིས་པའི་སེམས་སྡུག་ཀ་ལེའི་སྨྱོན་གཏམ་འདི།།
ཨ་ཙིས་ངོ་ཚའི་སྲབ་ཀྱིས་མ་ཐུབ་སྨྱུག་རྩེའི་རྟ་ཕོ་འདི་ལྟར་ཤོར།།