logo

ང་ཚོ་ལ་འཆར་གཞི་དགོས།

རྩོམ་པ་པོ།:སྐལ་བཟང་ཐོགས་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-30 ཀློག་གྲངས།:

ང་ཚོ་ལ་འཆར་གཞི་དགོས།

        འཆར་གཞི་ནི་ལེགས་འགྲུབ་ཀྱི་ཕྱེད་ཀ་ཡིན། འཆར་གཞི་མེད་པའི་བྱ་བ་ལེགས་པར་འགྲུབ་དཀའ།འཆར་གཞིས་རྒྱལ་ཁའི་ཕྱོགས་སུ་ལམ་ཙམ་སྟོན་པ་ཡིན། གལ་ཏེ་ལམ་སྟོན་མཁན་ཞིག་མེད་ན་ཁྱོད་ཉིད་ཕལ་ཆེར་ལམ་ནོར་ངེས་ཡིན། འཆར་གཞི་མེད་པའི་མི་ནི་མུན་ཁྲོད་ཀྱི་ཕྱེ་ལེབ་དང་འདྲ། འཆར་གཞི་ནི་མུན་པ་སེལ་བའི་འོད་ཀྱི་སྒྲོན་མེ་དང་འདྲ་བར་མདུན་དུ་དངོས་པོ་ཡོད་མེད་མཐོང་། དེ་ལྟར་བྱས་ན་ད་གཟོད་ལམ་ནི་མི་ནོར་ལ། དངོས་པོ་གཞན་དང་གདོང་ཐུག་ཀྱང་རྒྱག་མི་སྲིད།
        མི་ལ་མཚོན་ན་འཆར་གཞི་མེད་ན་ལོང་བ་དང་འདྲ། མདུན་དུ་དངོས་པོ་ཡོད་མེད་མི་མཐོང་། གཞན་གྱིས་ཁྱོད་ལ་ཅི་བྱེད་བཞིན་ཡོད་པ་ཡང་མི་མཐོང་། ལོང་བས་འཛམ་གླིང་མཐོང་ན་འདོད་པ་ནི་སྐོམ་པས་ཆུ་ལྟར། འཛམ་གླིང་དང་འཇིག་རྟེན་འདིའི་སྟེང་ཐམས་ཅད་མཁྱེན་པ་གཅིག་ཀྱང་མེད། མ་ཤེས་པས་རྫུན་བཤད་པ་རེད། མ་ཤེས་པ་དང་མ་རྟོགས་པ་ནི་སྡུག་བསྔལ་ཞིག་རེད། ངས་དེ་མེད་པར་གཏོང་བར་འདོད་པ་ནི་ལོང་བས་མཐོང་ན་འདོད་པ་ལྟར་ལགས་སོ། །
        འཆར་གཞི་ནི་སང་ཉིན་གྱི་ཆེད་དུ་ཡིན། དེ་རིང་འགོར་བ་དང་བུད་སོང་ན་དེ་རིང་ལ་འཆར་གཞི་མི་དགོས། སང་ཉིན་བཞེས་ཉིན་ལ་འཆར་གཞི་འགོད་དགོས།འཆར་གཞི་ནི་ལེགས་འགྲུབ་བྱུང་བའི་ཆེད་དུ་ཡིན། འཆར་གཞི་བཀོད་པ་ནི་ལེགས་པར་འགྲུབ་པའི་ཆེད་ཡིན་ན་དེ་ཡིན་གཅིག་མིན་གཉིས་ལག་བསྟར་ཕབ་དགོས།འཆར་གཞི་དེ་ལག་བསྟར་དུ་མ་ཕབ་ན་དཔེར་ན་གཏམ་དཔེ་ལ།ཁ་ནས་བཤད་ན་གནམ་ས་གཉིས་ཀ་མགོ་གཏིང་སློག །ལག་ལ་བཞག་ན་རྩྭ་ཐུར་གཅིག་ཀྱང་འབལ་མི་ཕོད། །ཅེས་པ་ལྟར་རོ། །ཁྱོད་ལ་འཆར་གཞི་ལག་བསྟར་བྱེད་པའི་སྙིང་སྟོབས་མེད་ན་དེ་བཀོད་དོན་མེད། འཆར་གཞི་བཀོད་པ་ཙམ་ལས་དེ་ལག་བསྟར་དུ་ཕབ་པའི་སྙིང་སྟོབས་མེད་པ་ནི་དཔེར་ན། ཤོག་བུའི་སྟེང་དུ་བྲིས་པའི་སྟག་ལྟ་བུ་རེད། བལྟས་ན་རྔམ་བརྗིད་དང་འཇིག་སྐྲག་ལྡན་པ་ཞིག་རེད། འོན་ཀྱང་དེ་པིར་ལས་ཐོན་པ་ལས་ངོ་མ་མིནཔས། དེས་འཇིགས་སྐྲག་ཙམ་ལས་ཅི་ཡང་བྱེད་མི་ཐུབ། དེའི་རྐྱེན་གྱིས་འཆར་གཞི་ལག་བསྟར་བྱེད་པའི་སྙིང་སྟོབས་དགོས། དེ་མིན་ན་ཁྱོད་ཀྱིས་ཅི་འདྲའི་འཆར་གཞི་འོད་སྟོང་འབར་བ་བཀོད་ཡོད་ནའང་དེ་པིར་བྲིས་ཀྱི་སྟག་རེད། ཁྱོད་ཀྱིས་སྟག་ཅི་འདྲའི་མཛེས་སྡུག་དང་རྔམ་བརྗིད། འཇིགས་སྐྲག་ལྡན་པ་ཞིག་བྲིས་རུང་དེ་ངོ་མར་གྱུར་མི་ཐུབ། དེ་དཔེར་བླངས་ན་རྨི་ལམ་རྨིས་པ་ལྟ་བུ་རེད། རྨི་ལམ་ཅི་འདྲའི་སྐྱིད་པོ་རྨིས་རུང་། ཚང་མ་སྟོང་བ་རེད། ཕྱིར་གཉིད་ལས་སད་དུས་འཇིག་རྟེན་འདི་འགྱུར་སོང་བ་འདྲ། མི་ནི་གཏན་དུ་འཆར་གཞིའི་ནང་ནས་འཚོ་མི་རུང་བར་དེ་ལག་བསྟར་དུ་ཕབ་དགོས།
        འཆར་གཞི་ནི་དུས་སྐབས་དང་བསྟུན་ནས་འགྱུར་བ་ཡོངས་ཀྱིན་ཡོད། དཔེར་ན། ཁྱོད་ལ་དེ་རིང་ཆུ་ཚོད་བརྒྱད་ཀྱི་སྟེང་ལས་བྱ་འབྲི་བའི་འཆར་གཞི་བཀོད་ཡོད་རྒྱུ་ན་འདང་དགོང་ཁྱོད་རང་ཉལ་འཕྱིས་པས་ཆུ་ཚོད་བརྒྱད་ཀྱི་སྟེང་ཡར་ལངས་མ་ཐུབ་ཚེ། ཁྱོད་ཆུ་ཚོད་བཅུ་ཡི་སྟེང་མལ་ལས་ལངས་དགོས་པ་དང་། ཡང་དེ་རིང་ཨ་ཕ་ལ་དོན་དག་ཡོད་པས་ཁྱོད་ཀྱིས་རྫི་བོ་བྱེད་དགོས་ཚེ། ཁྱོད་ཡིན་རྒྱུ་ན་ཁྱོད་ཀྱིས་ཅི་བྱེད། ང་ཡིན་རྒྱུ་ན་དགོང་མོ་སྔ་མོར་ཉལ་ནས་ནངས་ཁ་སྔ་མོ་ནས་ཡར་ལངས་ཏེ་ལས་བྱ་འབྲི་བའམ་ཡང་ན་རྫི་ཞོར་དུ་འབྲི་བ་ལྟ་བུ་བྱེད་ངེས།
        འཆར་གཞི་ནི་ངོ་མ་གལ་ཆེན་ཞིག་རེད། མཚམས་རེར་མི་ཚེ་ལའང་འབྲེལ་བ་ཆེན་པོ་ཡོད་པ་འདྲ། འཆར་གཞི་ནི་ལེགས་འགྲུབ་བྱུང་བའི་ཆེད་དུ་ཡིན། འོན་ཀྱང་མི་ལ་ལས་འཆར་གཞི་ལག་བསྟར་མི་བྱེད། དེ་ནི་དཔེར་ན་ཚེ་གང་བོར་རྨི་ལམ་རྨིས་པ་དང་འདྲ། ཚེ་གང་བོར་རྨི་ལམ་ནང་ནས་འཚོ་བ་ནི་ངོ་མ་ཐབས་ཆག་རེད། དེའི་རྐྱེན་གྱིས་ང་ཚོར་སྙིང་སྟོབས་དགོས། བྱ་བ་ཅི་ཞིག་སྒྲུབ་ཀྱང་སྙིང་སྟོབས་ལས་བྱུང་བ་ཡིན། སྙིང་སྟོབས་ཤིག་མེད་ན་བྱ་བ་ཅི་ཡང་འགྲུབ་མི་ཐུབ། དཔེར་ན། ཚོང་ཞིག་རྒྱག་ན་ཡང་སྙིང་སྟོབས་དགོས། ལ་ལས་སྙིང་སྟོབས་དགོས་ཟེར་བར་གོ་བ་ལེན་མ་ཤེས་ཚེ།དཔེར་ན་ཚོང་བ་ཞིག་ཡིན་རྒྱུ་ན་གཞན་ལ་འདི་ཉོས། མི་ཉོ་ན་ངས་ཁྱོད་གཅར་རྒྱུ་ལྟ་བུ། དེ་ནི་སྙིང་སྟོབས་མ་རེད།དེ་ནི་གླེན་རྟགས་རེད།འཕྲོག་བཅོམ་རེད། ང་ཚོས་སྙིང་སྟོབས་ལ་གོ་བ་ལེན་སྟངས་ཤེས་དགོས།
        འཆར་གཞིས་ནི་ཕུགས་འདུན་གྱི་ཕྱོགས་ཙམ་སྟོན་པ་ལས་ཅི་ཡང་མིན། གཙོ་བོ་བརྩོན་འགྲུས་དགོས། ང་ཚོ་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་པའི་མི་རེད། ལམ་ནོར་རྒྱུ་དང་ཁ་ཕྱོགས་ནོར་རྒྱུ་ནི་རྒྱུན་ལྡན་རེད། གཙོ་བོ་ཀྱག་ཀྱོག་གི་ལམ་ཕྲན་ལས་ཁ་ཕྱིར་འཁོར་བའི་བསམ་པ་སྐྱེས་མི་ཉན། ང་ཚོས་ནམ་ཡང་ང་ཚོའི་རྗེས་ན་སུ་ལུས་ཡོད་ལ་ལྟ་མི་ཉན་པར། ང་ཚོའི་མདུན་དུ་སུ་ཡོད་ལ་ལྟ་དགོས། ང་ཚོས་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་པའི་སེམས་ནམ་ཡང་འགྱུར་མི་ཉན། སེམས་འགྱུར་མེད་ན་གཞན་གྱིས་ཅི་བཤད་ཀྱང་དེ་ནི་སྟོང་གཏམ་རེད། གཙོ་བོ་བརྩོན་འགྲུས་དགོས་ནི་རེད།
        བྱ་བ་ཅི་ཞིག་སྒྲུབ་ན་ཡང་སྔོན་ལ་འཆར་གཞི་དགོས། དེ་ནས་སྙིང་སྟོབས་དང་བརྩོན་འགྲུས་དགོས། བྱ་བ་དེ་སྒྲུབ་པའི་སེམས་ནམ་ཡང་འགྱུར་མི་ཉན། གཙོ་བོ་བྱ་བ་ཅི་ཞིག་སྒྲུབ་ཀྱང་སྔོན་ལ་འཆར་གཞི་དགོས་པས་ང་ཚོ་ཚང་མ་ལ་འཆར་གཞི་དགོས།
ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
དམའ་འབྲིང་གཉིས་པའི་འཛིན་གྲྭ་བདུན་པ། སྐལ་བཟང་ཐོགས་མེད།  
འོས་སྦྱོར་བ།  བདེན་འཚོལ།(དགེ་རྒན)


འབྲེལ་ཡོད་འོས་སྦྱོར།