logo

མ་རུ་བཀྲ་ཤིས་འཚོས་སྦྱར་བའི་ཧྥན་ཁ་ཞེས་པའི་རྩོམ་ཐུང་ཞིག

རྩོམ་པ་པོ།:མ་རུ་བཀྲ་ཤིས་འཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-29 ཀློག་གྲངས།:

ཧྥན་ཁ།
                          ཆི་ཁོ་ཧྥུ་ཡི་ཧྥན་ཁའི་མཇུག་མཐུད་ཀྱི་ཚུལ་དུ།

        དྲོད་འཇམ་གྱི་ཉི་འོད་ས་གཞིར་འཕྲོས་ཤིང་། ས་གཞི་ཐམས་ཅད་དཀར་ཐིང་ངེར་གྱུར་འདུག
        ཧྥན་ཁས་ཚིལ་དྲེགས་ཅན་གྱི་སློག་ཧྲུལ་དེ་གྱོན་ཞིང་ངོ་གདོང་འཛུམ་གྱིས་བཀང་ནས་སྒོ་འགྲམ་དུ་ཁྱི་ཕྲུག་པང་དུ་བཟུང་ནས་ལྷང་ངེར་ཕྱེ་བའི་སྒོ་ཆེན་གྱི་ཕྱོགས་ལ་ཅི་ཙམ་བལྟས་ཀྱང་སྤོ་བོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།
        ཧྥན་ཁས་སྔར་བཞིན་སྔོན་གྱི་སྡུག་བསྔལ་དེ་མི་འདོད་བཞིན་མྱོང་དགོས་བྱུང་།
        དེ་ལྟར་ལོ་ཟླའི་འཁོར་འགྲོས་དང་འགྲོགས་ནས་ཧྥན་ཁ་ཡང་ལོ་བཅོ་ལྔར་སོན་བྱུང་།
        ཉིན་ཞིག་ལ།སྦྱིན་བདག་གིས་ཧྥན་ཁ་ལ་ལྷམ་གཙང་མ་ཆ་གཅིག་གྱོན་ཞིང་ལག་ཏུ་ཀུ་པུ་དྲུག་བཞག་ནས་ཁྲོམ་སྲང་དུ་ཚོད་མ་འགའ་ཉོ་རུ་མངགས།འདི་ནི་སྦྱིན་བདག་གིས་ཧྥན་ཁ་ལ་ཚོད་བགམ་ཐེངས་གཅིག་བྱས་པའང་ཡིན་སྲིད།སྤྱིར་ཡིན་ན་ཧྥན་ཁས་གོ་སྐབས་འདི་དང་བསྟུན་ནས་སྦྱིན་བདག་ཚང་དང་ཁ་བྲལ་ན་ཆོག་མོད།འོན་ཀྱང་ཁོས་རང་ཉིད་ལ་བརྟེན་ས་དང་ཁེན་ས་ཅི་ཡང་མེད་པ་ཤེས་ནས་སྦྱིན་བདག་ལ་བློ་མེད་ཀྱི་བྱ་བ་ཅི་ཡང་མ་སྒྲུབ་པར་ཁོང་གི་ངག་བཅོལ་བཞིན་ཚོད་མ་འགའ་ཉོས་ནས་ཕྱིར་སླེབས།
        ཅུང་མ་འགོར་བར།ཧྥན་ཁ་དགའ་སྤྲོའི་ངང་ནས་ཕྱིར་ཁྱིམ་དུ་ལོག སྦྱིན་བདག་གིས་ཧྥན་ཁར་ཁྱོད་དེ་འདྲ་དགའ་དོན་ཅི་ཞེས་དྲིས་ཚེ།ཧྥན་ཁས་ཁོ་ཡུལ་ལ་འགྲོ་རྒྱུ་དེ་སེམས་ལ་མ་ཤར་བ་ལྟར་ངས་དེ་རིང་ལྷམ་འདི་འདྲ་ཡག་པོ་ཞིག་གྱོན་ནས་ཁྲོམ་སྲང་ཉུལ་བས་བྱིས་པ་ཚང་མས་ངའི་ལྷམ་འདི་ཡག་པོ་འདུག་ཅེས་བཤད་ཀྱིན་ཡོད་ཟེར།
        སྦྱིན་བདག་གི་སེམས་སུ་ཧྥན་ཁ་ད་ལྟ་ཡུལ་ལ་མི་འགྲོ་བར་ཕྱིར་ཐོན་པ་འདིས་ཁོ་ང་ལ་བློ་དཀར་བ་མཚོན་པ་དང་།ཡང་གཅིག་བཤད་ན་བདག་ལའང་ཁྱིམ་རྒྱུད་འཛིན་པའི་བུ་གཅིག་ཀྱང་མེད་པས་ཧྥན་ཁ་བུ་སྐལ་དུ་བླངས་ན་ཁོས་སྔོན་གྱི་འཁོན་སེམས་ཡིད་ལ་མི་འཛིན་པར་བདག་གཉོར་སྐྱོང་བྱེད་རྒྱུ་རེད་སྙམ།
        དུས་དེ་ནས་བཟུང་སྦྱིན་བདག་གིས་ཧྥན་ཁའི་གཞུང་དྲང་ཟོལ་མེད་ཀྱི་བྱ་སྤྱོད་ལ་ཡི་རང་ཆེན་པོ་བྱས་ནས།མཐར་རང་གི་བུ་སྐལ་དུ་བླངས་ཤིང་ཁྱིམ་མཚེས་ཚང་གི་བུ་མོ་འོད་ཟེར་མནའ་མར་བསུས་པ་མ་ཟད།རང་ཉིད་ཀྱི་ལྷམ་བཟོ་བའི་ལག་རྩལ་དེ་ཧྥན་ཁ་ལ་ལྷག་མེད་དུ་བསླབ་ནས་མཇུག་མཐར་ཧྥན་ཁ་ནི་མིང་དུ་གྲགས་པའི་ལྷམ་བཟོ་བ་གྲགས་ཅན་ཞིག་ཏུ་གྱུར་བ་རེད།

ཀླུ་ཆུ་རྗོང་བོད་རིགས་སློབ་འབྲིང་། དམའ་གཅིག་འཛིན་བདུན། མ་རུ་བཀྲ་ཤིས་འཚོ།
འོས་སྦྱོར་བ།  བདེན་འཚོལ།(དགེ་རྒན།)


འབྲེལ་ཡོད་འོས་སྦྱོར།