logo

ཨ་མ་དྲན་གླུ།

རྩོམ་པ་པོ།:མཁའ་འགྲོ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-28 ཀློག་གྲངས།:

        

        མེ་ཏོག་གོས་ཀྱིས་བཀླུབས་པའི་ཕ་ཡུལ་དང་བྲལ་ཏེ། །
        རྒྱང་རིང་ལེ་བར་སྟོང་གི་ཡུལ་གྲུ་རུ་ཆས་དུས། །
        སྐྲ་དཀར་རྒས་གཉེར་བབས་པའི་བྱམས་ལྡན་གྱི་མ་ལོ། །
        དྲན་གདུང་སེམས་ཀྱིས་མ་བཟོད་མིག་ཆུ་ཞིག་འཐོར་སོང་། །

        
        མཛེས་སྡུག་རྩྭ་ཐང་བརྒྱུད་དུས་ནོར་ལུག་གི་ཁྱུ་ཚོགས། །
        མ་བུ་ལྷན་དུ་འཛོམས་ནས་ནོར་འཛིན་གྱི་ཕང་བར། །
        བག་ཡངས་རྩྭ་ཆུར་རོལ་བའི་ངང་ཚུལ་དེ་མཐོང་དུས། །
        ཨ་མ་དྲན་པའི་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་། །

        
        དྭངས་གཙང་ཆུ་མོ་དེད་ནས་སྟོད་ཕྱོགས་སུ་སོང་ནས། །
        གསེར་མིག་ཉ་མོའི་ཚོགས་ཀྱི་རྐྱལ་རྩལ་དེ་མཐོང་དུས། །
        རྒྱང་རིང་ཡུལ་གྱི་ཨ་མ་ལྷག་པར་དུ་དྲན་ཏེ། །
        ཡིད་སེམས་སྐྱོ་བའི་མཆི་མ་གཙང་ཆུ་ལ་འདྲེས་སོང་། །

        
        རི་གསུམ་རྩེ་ནས་མཐོན་མཐིང་ལྷ་ལམ་ལ་བལྟ་དུས། །
        བྱ་རྒོད་དག་གིས་འཕུར་ལྡིང་གཤོག་རྩལ་རེ་ངོམ་བཞིན། །
        བར་སྣང་ཆུ་འཛིན་དཀར་པོའི་བང་རིམ་དུ་འཕུར་དུས། །
        རེ་སྨོན་མིག་ཆུ་རེ་རེས་མཁུར་ཚོས་གཉིས་བརླན་སོང་། །

 

  མཁའ་འགྲོ་འཚོ།  ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་། དམའ་འབྲིང་གཉིས་པའི་འཛིན་གྲྭ་བདུན་པ།


འབྲེལ་ཡོད་འོས་སྦྱོར།