logo

༄༅།།ཆང་གཞོན་ནུའི་སྙན་ངག་བདམས་བཀོད།

རྩོམ་པ་པོ།:ཆང་གཞོན་ནུ།(མཚོ་ལྷོ) ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-06 ཀློག་གྲངས།:
ངག་རིག་མེ་ཏོག་བྱེ་བའི་མཆོད་པ། 
སྟོང་བའི་དབྱིངས་ལ་སྐུ་ཡི་འོད་དཀར་འཁྱུག །
དག་པའི་མཁའ་རུ་དབྱངས་ཀྱི་མེ་ཏོག་འཐོར། །
སྲིད་པ་གསུམ་དུ་སྙིང་རྗེའི་གྲུ་ཆར་འཇོ། །
བྱམས་པའི་རླུང་གིས་བསྐྱོད་པའི་དབྱངས་ཅན་མ། །
ཞི་བའི་ཉམས་ལྡན་བརྩེ་བའི་སྤྱན་ཟུང་གཡོ། །
ཟླ་དཀར་མདངས་ལྡན་མཛེས་པའི་ཞལ་ཁྱིམ་མངོན། །
དྲི་ཟའི་དབྱངས་ཅན་རྒྱུད་དྲུག་རྒྱུད་སྐུད་འདར། །
སྙན་དགུའི་དཔལ་ལྡན་ཐུགས་རྗེའི་སྤྱན་ཡངས་མ། །
པད་མའི་སྐུ་ལ་གཡོ་ལྡན་བུང་བའི་སྤྱན། ། 
ངུར་བའི་འགྲོས་ལ་རྐང་གདུབ་འཁྲོལ་བའི་སྒྲ། །
ཆགས་ལྡན་སྐྱེ་བོའི་གསོན་སྙིང་འཕྲོག་པའི་མཐུ། །
མ་ལུས་ལྡན་མཛད་མཚོ་བྱུང་ལྷ་མོ་ཀྱེ། །
མཉེན་ལྕུག་དཔུང་བའི་ཕྱག་གདུབ་སིལ་སྒྲ་སྒྲོག །
མཇམ་མཉེན་ཕྱག་སོར་གཡོ་བའི་འདུ་བྱེད་ཀྱིས། །
སྙན་འགྱུར་དྲུག་ལྡན་རྒྱུད་སྐུད་རེག་ཙམ་གྱིས། །
ལྷ་དང་ལྷ་མིན་དབྱངས་ཀྱི་མཚོ་ལ་བྱིངས། །
བསྐལ་བའི་མཚོ་ཆེན་ཡང་ཡང་བསྲུབས་པ་ལས། །
ཚངས་ཆེན་ཆགས་པས་གདུང་བྱེད་ཟླ་བའི་སྲིང་། །
འོད་ཟེར་སྟོང་ལྡན་སྙན་འཇེབས་དྲུག་ལྡན་གྱི། །
རྒྱུད་མངས་ཐོགས་མཁན་རྡོ་རྗེ་ལྷ་མོ་ཨེ། །
བཅུ་དྲུག་ལང་ཚོས་རབ་བརྟས་མཛེས་ལྡན་མ། །
ཕྲ་མཉེན་ལྡེམ་པའི་སྐེད་སྐབས་གཡོ་བ་ཡི། །
འཇོ་སྒེག་ལང་ཚོའི་གར་སྟབས་ཅི་ཡང་བསྒྱུར། །
མཛེས་དགུའི་བཅུད་བསྡུས་ཡིད་འོང་དབྱངས་ལྡན་མ། །
འཆི་མེད་བུ་མོའི་ལང་ཚོ་རྙིང་བྱེད་པའི། །
རོལ་རྙེད་མ་ཡང་དབྱངས་ཅན་ཁྱེད་འགྲམ་ནས། །
བསྐལ་བའི་བྲན་མོ་ཙམ་ཡང་མི་འོས་སོ། །
ཀུན་གྱིས་བསྒྲུན་དུ་མེད་པའི་ཡིད་འོང་མ། །
བཅོམ་ལྡན་རྒྱལ་བའི་ངག་གི་བྱིན་རླབས་ཞུགས། །
ཟུར་ཕུད་ལྔ་བའི་མཁྱེན་རབ་མ་ལུས་འཕོས། །
ཁམས་གསུམ་མཛེས་སྡུག་ཡོངས་འདུས་ངག་གི་ལྷ། །
སྒྲ་དབྱངས་ལྷ་མོའི་སྙན་པ་སྲིད་ན་གཡོ། །
རྒྱལ་བསྟན་ཤིང་རྟའི་སྲོལ་འབྱེད་ལྷ་ཡི་ལྷ། །
དེ་དང་དབྱེར་མེད་དགེ་ལྡན་ལུགས་བཟང་བའི། །
རྒྱལ་བསྟན་སྲོག་ཤིང་རྒྱལ་བ་གཉིས་པས་ཀྱང་། །
སྙན་པར་འདོད་ཚེ་དབྱངས་ཅན་ཁྱེད་ཉིད་བསྟེན། །
འཕགས་པའི་ཡུལ་དུ་མཚན་སྙན་རྔ་སྒྲ་ལྡིར། །
ཕྱིས་ཀྱི་གྲགས་པ་གོ་ལའི་ཁྱོན་ལ་ཁྱབ། །
སྙན་པའི་རོ་འདོན་མཆོག་གྱུར་སྙན་པའི་ལྷ། །
ནག་མོ་ཁོལ་དང་དཎྜིས་ཁྱེད་ལ་འདུད། །
གཞུང་བརྒྱའི་རྒྱ་མཚོ་ཧུབ་ཐེངས་གཅིག་གིས་འདྲེན། །
གཞུང་ལུགས་སྨྲ་ལ་འཕྲུལ་གྱི་སྨྲ་ལྕེ་ཅན། །
སྙན་ངག་རྩོམ་ལ་ཐོགས་རེག་བྲལ་པ་ཡི། །
ཞང་ཞུང་ཆོས་དབང་གྲགས་པས་ཁྱེད་ཉིད་བསྟེན། །
འཕགས་བོད་མཁས་གྲུབ་ཁྱུ་མཆོག་དུ་མ་ཡིས། །
བསྟེན་ཅིང་བསྟོད་ཅིང་གསོལ་བའི་དབྱངས་ཅན་མ། །
སྙན་འདོད་ཀུན་གྱི་གཙུག་རྒྱན་ངག་གི་ལྷ། །
དབྱངས་ཅན་བྱིན་རླབས་སྙིང་ལ་ཞུགས་པར་མཛོད། །
གཡོ་མེད་ཏིང་འཛིན་ཞལ་ཁེབས་བཅིངས་པ་ཡི། །
བདེ་ཆེན་སྣང་བའི་བྲོ་གར་འཁྲབ་པ་ཡི། །
ཟབ་གསལ་ཤེས་རབ་འོད་དུ་འབར་བ་ཡི། །
ཤེས་རབ་ལྷ་མོ་ད་ལྟ་གང་དུ་བཞུགས། །
འཁོར་བའི་ལ་མོ་ཡུན་གྱིས་བརྒལ་བའི་ཚེ། །
ང་ཡི་སྙིང་གའི་ལྡེབས་ལ་བརྐོས་པ་ཡི། །
མ་བསུབས་མི་བསུབ་བསུབ་པ་མེད་པ་ཡི། །
འཁོར་བའི་ལྷ་མོ་ཁྱེད་ཉིད་གང་དུ་བཞུགས། །
ཉོན་མོངས་དགྲ་བོས་སྟ་གྲི་མཁའ་ལ་འཕྱར། །
དུག་གསུམ་ཕས་རྒོལ་མཚོན་གྱི་ཆར་བ་བབས། །
ང་ཡི་སྙིང་སྲུང་ལྟ་བུའི་དབྱངས་ཅན་མ། །
ཞིང་ཁམས་གང་ན་རྒྱུ་ཞིང་འཕྱོ་བ་ལགས། །
བློ་བཟང་རྒྱལ་བར་འཛུམ་པའི་ཞལ་དཀར་སྟོན། །
ད་དུང་ངག་གི་བྱིན་རླབས་མ་ལུས་སྩོལ། །
འཁོར་བའི་བུ་ང་གདུང་བས་མནར་བ་ལ། །
ཁྲོས་པའི་སྡང་མིག་ཙམ་ཡང་མི་བགྲད་ཅི། །
ལས་ཀྱི་ཆུ་བོ་རབ་ཏུ་བྲུག་པའི་ཚེ། །
ང་ནི་ཀེར་ཀེར་གཡོ་བའི་གྲུ་ཤན་བཞིན། །
སྲིད་པའི་རྒྱ་མཚོར་ཡུན་གྱིས་ཁྱེར་ན་འང་། །
རྡོ་རྗེ་ལྷ་མོ་ད་དུང་མི་ཕེབས་ཅི། །
དབྱངས་ཀྱི་དཀྱིལ་འཁོར་མ་ལུས་རྫོགས་པ་ཡི། །
རྣམ་འདྲེན་ཐུབ་པའི་གསུང་དང་དབྱེར་མེད་པའི། །
ངག་རིག་ལྷ་མོ་ཚིག་གི་གཏེར་བདག་མ། །
བདག་སྙིང་ལྗོན་པའི་ཚལ་ལ་ཕེབས་གྱུར་ཅིག །
འདོད་སྲེད་ཞགས་པས་རིང་དུ་བཅིངས་པ་ཡིས། །
ན་རྒའི་སྡུག་བསྔལ་རྦ་རླབས་ཅི་ཡང་གཡོ། །
ཁྱེད་ཀྱི་ཐུགས་རྗེའི་ཟིལ་ཐིགས་ཙམ་ལའང་རེ། །
ང་ཡི་སྲུང་མདུད་ལྟ་བུའི་དབྱངས་ཅན་མ། །
ང་ཡིས་མཐོན་པོའི་རི་དང་དམའ་མོའི་སྤང་། །
ཡངས་པའི་ཡུལ་གྲུ་མཐའ་དག་བརྒལ་གྱུར་ཀྱང་། །
མ་མཇལ་གསུང་གི་རྡོ་རྗེ་དབང་ཕྱུག་མ། །
རྣམ་རྟོག་གུར་དུ་བཞུགས་པ་མ་ཚོར་ལགས། །
ང་ཡིས་ཏིང་འཛིན་སྒོམ་དང་རྨི་ལམ་ཞིང་། །
སྲིད་པའི་རྒྱལ་ཁམས་ཇི་ལྟར་ཉུལ་ན་འང་། །
མ་རྙེད་ཚངས་སྲས་དབྱངས་ཀྱི་རྒྱལ་མོ་ཁྱེད། །
དྭངས་གསལ་སེམས་སུ་གནས་པ་མ་རྟོགས་ལགས། །
འབྲོག་ཐང་གི་རབ་བྱེད། 
ཚོར་བའི་རླབས་ལ་རླུང་གཡོས་པས། །
ངག་གི་ལྟོ་དཀར་ཉ་མོ་དཀྲོགས།  ། 
གྲེ་བར་བསྐྱིལ་བའི་ངག་རིག་མཚོ།  ། 
ཐོལ་གྱིས་འཕྱུར་ཅིང་རིམ་གྱིས་འཕེལ།  །
ཅང་ཤེས་འཚེར་སྐད་ལྷང་ལྷང་གིས།  ། 
ཡངས་པའི་ཐང་ཆེན་གཤགས་ཏེ་སོང་།  ། 
དེ་ལ་བཅིབས་པའི་སྟག་ཤར་ནི། ། 
ལ་གླུ་ལེན་པའི་ཕོ་གཞོན་ཞིག ། 
རྫི་གླུ་ཟ་ཟི་ལེན་པ་ཡི།  ། 
འུར་ཆ་རྐེད་པར་ཐོགས་པ་ཡི།  ། 
སྐྱེ་འབྲས་མེ་ཏོག་འདྲ་བ་ཡི།  ། 
རྫི་མོས་གོམ་ཆུང་ག་ལེར་བསྒྱུར།  ། 
ཆུ་འཛིན་ལྷོ་རུ་བཞུད་པ་ལྟར།  ། 
གཡང་དཀར་ཁྱུ་དང་ཁྱུ་བྱས་ཏེ།  ། 
སྙིང་ལ་ཉེ་བའི་འབའ་སྐད་ཅིག ། 
བསྒྲགས་དང་སྒྲོག་བཞིན་ལྷས་ལ་འཁོར།  ། 
ངུར་དབྱངས་མཆེད་པའི་ཕྱོགས་སུ་ནི།  ། 
ཐུལ་དཀར་འབྲི་མོ་རོག་རོག་ཅིག ། 
རྩིད་པ་ལྡེམ་ལྡེམ་གཡོ་བཞིན་དུ།  ། 
རྨིག་རྡུལ་གཙུབ་ཀྱིན་ལྷས་སུ་རྒྱུག །
བེའུ་རྡང་སྟར་དུ་བསྒྲིགས་པ་ཡི།  ། 
བེའུ་ཆུང་རྒྱ་རྒྱ་རོག་རོག་རྣམས།  ། 
ངུ་སྐད་ཤ་ཚ་འཆོར་བ་ཞིག ། 
སྒྲོག་གིན་སྒྲོག་གིན་རྡང་ཐག་འཐེན།  ། 
ནགས་ཀླུང་སྟུག་པོས་ཁེབས་པ་ཡི།  ། 
རི་བོའི་གྲིབ་ཆེན་ཆུ་ལ་ཕོག ། 
རི་བོའི་ཟོམ་དང་རྫ་གསེང་གི ། 
སྒོ་ཟོག་ཕལ་ཆེར་འདབས་སུ་བབས། ། 
སྣ་གླུ་ཐན་ཐུན་ལེན་བཞིན་དུ།  ། 
རྫི་བོ་རྫི་མོ་ཁྱིམ་དུ་ལོག ། 
སོ་དཀར་སེམས་བཟང་ཁྱིམ་འཛིན་མས། ། 
འཛུམ་དཀར་ཞལ་གྱིས་བསུ་བ་བྱེད། ། 
བཞོ་གཟུང་སྐེད་ལ་བཏགས་པ་ཡི།  ། 
ཚིགས་དྲུག་ལུས་གཟུགས་ལྡེམ་པ་ཡི།  ། 
འོ་ཟེའུ་ཐོགས་པའི་སྨན་ཆུང་ཞིག ། 
ལྷས་སུ་གོམ་སྟབས་ག་ལེར་བསྒྱུར།  ། 
སྲོད་ཁའི་གྲིབ་ཆེན་ལྷས་སུ་བརྒྱབ།  ། 
མཚམས་སྤྲིན་ལི་ཁྲིའི་མདོག་གིས་མངོན།  ། 
བཞོ་གླུའི་དབྱངས་རྟ་སེམས་སུ་ལྷུང་།  ། 
འོ་མའི་དྲི་ངད་ཁད་ཀྱིས་ལྡང་།  ། 
ཆུ་འཐུང་རྣ་བ་བསྒྲེངས་པ་ཡི།  ། 
འཚེར་སྐད་སང་སིང་སྒྲོག་པ་ཡི།  ། 
རྟ་མཆོག་རྐྱང་དམར་སུག་དཀར་ཡང་། ། 
རྔོག་མ་འཕྱོ་བཞིན་འཕྱོ་བཞིན་འོང་།  །
སྲོད་ཁའི་ཉི་མ་ནུབ་རིར་ཡིབ།  ། 
ངས་ནི་དྲན་པ་ཁྲི་ཕྲག་གི ། 
ལ་མོ་བརྒལ་བའི་སྔ་རོལ་གྱི།  ། 
མཚམས་སྤྲིན་ལྟ་བུའི་ཕྱིན་དྲན་རུམ།  ། 
བཟའ་མི་གོ་འདུས་བྱུང་ནས་ནི།  ། 
མཐོང་ཐོས་དགའ་སྐྱོ་ཅི་ཡང་གླེང་། ། 
ཀུ་རེའི་གཏམ་དང་ཀྱལ་ཀའི་ཚིག  ། 
སྨྲ་ཞིང་ཧབ་ཆ་དིར་རེར་བྱེད།  ། 
ལྷིང་འཇགས་མཚན་མོའི་ཕྱི་ནང་དུ།  ། 
འཁྱག་ཤུར་ཤུར་གྱི་རླུང་བུ་ལྡང་།  ། 
ཁེར་རྐྱང་ཟླ་བའི་ངང་ཚུལ་འདིས།  ། 
ལུས་ལ་གྲང་འདར་ཡང་ཡང་རྒྱག །
སྒོ་ཁྱོའི་གཅོང་སྐད་རླུང་གིས་ཁུར། ། 
རི་སྤྱང་སྔོན་མའི་འདུར་རྒྱུག་རྒོད།  ། 
སྤྲིན་ནག་དུམ་བུར་ཆད་པ་ཡིས།  ། 
ཟླ་འོད་རེས་གསལ་རེས་མོག་བྱས།  ། 
ཡང་བའི་འཁྱག་རླུང་ལྡང་བའི་ཚེ།  ། 
མཁའ་ཡི་སྐར་ཚོགས་གྲང་འདར་བྱེད།  ། 
ཆར་བ་ཟམ་ཟིམ་བབས་པ་ཡིས།  ། 
བདེ་བའི་རྨི་ལམ་རེ་ཞིག་དཀྲོགས།  །
ཆར་ཟིམ་འདི་ཡིས་གུར་ལ་རྡེག ། 
སྒོ་དར་རླུང་གིས་ལྷབ་ལྷུབ་བསྐྱོད།  ། 
མཚམས་རེར་ལུག་མཐའི་སྒོ་ཁྱི་ཡིས།  ། 
ལྕགས་ཐག་སིལ་སྒྲ་བར་མེད་སྒྲོག ། 
ལྷས་སུ་བསྐྱིལ་བའི་ལུག་ཁྱུ་ལས།  ། 
གཉོམ་ལ་ཕྲ་བའི་འབའ་སྐད་ཐོས།  །
མཚམས་རེར་བེའུ་རྡང་ལ་གཤར་བའི།  ། 
བེའུ་ཆུང་རྣམས་ཀྱང་ངུར་སྐད་འབྱིན།  ། 
སྐྱ་རེངས་བུ་མོ་གསལ་བའི་ཚེ།  ། 
ཁྱིམ་འཛིན་བདག་མོ་མལ་ལས་ལྡང་།  ། 
ཐབ་ལ་དྲོན་པོའི་མེ་ཁ་གསོས།  ། 
གཡང་འབྲི་མ་རྣམས་བཞོ་བར་རྩོམ།  ། 
ལུས་ལ་འཇམ་པའི་ཉི་འོད་ཅིག ། 
ཁ་ཚུབ་བརྒྱུད་ནས་གུར་ནང་འཕྲོས།  ། 
བྱ་བྱེའུས་རྒུམ་བུ་འཐུ་ཞོར་དུ།  ། 
ཅ་ཅོའི་སྒྲ་ཡང་སྒྲོག་པར་བྱེད།  ། 
རི་རྩེས་སྤྲིན་རིམ་བརྟོལ་བ་ཡི།  ། 
ས་འཛིན་ན་བུན་དར་གྱིས་དཀྲིས།  ། 
མདང་ནུབ་ཆར་བས་བྲན་པ་ཡི།  ། 
གཡོ་མེད་རི་ཚོགས་སྔར་བས་སྔོ།  ། 
ཤང་ཤང་བཞུར་སྒྲ་མཆེད་པ་ཡི།  ། 
དྭངས་ཤིང་བསིལ་བའི་ཆུ་ཕྲན་ལ།  ། 
འཆར་ཀའི་ཉི་འོད་འཕྲོས་པ་ཡིས།  ། 
གསལ་དྭངས་འོད་མདངས་རབ་ཏུ་འཚེར།  ། 
བསང་དུད་ལྷོག་ལྷོག་འཕྱུར་བའི་ཁྲོད།  ། 
དུང་དཀར་གཡས་འཁྱིལ་འབུད་པ་ཡི།  ། 
དབུ་སྐྲ་དུང་གི་ཁ་དོག་ཅན།  །
ལྷ་བསང་གཏོང་བའི་ཨ་མྱེས་ལགས།  ། 
རྩྭ་ཕྲན་ཟིལ་བས་བཟུང་བ་ལ།  ། 
ཉི་ཟེར་འཕྲོས་པས་འོད་ལམ་ལམ།  ། 
སྔོན་མོ་གཡུ་ཡི་སྤང་ཐང་ལ།  ། 
མེ་ཏོག་བཀྲག་མདངས་སྔར་ལས་འཚེར།  ། 
རི་ཡི་སྤོ་རུ་བཙུགས་པ་ཡི།  ། 
མདོག་ལྡན་དར་ལྕོག་ཟད་པོ་ནི།  ། 
མ་འཕྲད་རྒྱུན་རིངང་སོང་བ་ཡི།  །
བྱམས་པས་གཡབ་མོ་བྱེད་པ་འདྲ།  ། 
ཞོལ་ཆེན་གཡག་གི་ཧུར་སྒྲ་བཙན།  ། 
འབྲི་མོའི་ངུར་དབྱངས་ཕྱོགས་སུ་མཆེད།  ། 
གནག་སྣུམ་ཁུལ་རྩིད་ལྡེམ་ལྡེམ་གཡོ།  ། 
བེའུ་ཆུང་འཕྱོ་ལྡིང་གར་གྱིས་རྩེན།  ། 
ལྷོ་སྤྲིན་དཀར་པོ་ལྷོད་ཀྱིས་རྒྱུ།  ། 
གཡང་ལུག་མཁའ་མཐའི་སྤྲིན་ལ་འདྲེས།  ། 
རྟ་ཕོ་རྐྱང་དམར་ཞོན་པ་ཡི།  ། 
གཡང་རྫིའི་སྣང་བ་མཁའ་ལས་ཡངས། ། 
རྫ་མཐའ་བསྐོར་ནས་གཤར་བ་ཡི།  ། 
རྩ་ལྗང་རྨིག་པས་གཅོད་པ་ཡི།  ། 
རྩྭ་དྲི་སྣ་ལ་འཐུལ་བྱེད་པའི།  ། 
དགོ་ཁྱུས་ཤབ་རྒྱུག་བྱས་ནས་ཞོགས།  ། 
བཅུད་ལེན་གཡུ་སྦྲང་འཁོར་བའི་ས།  །
སྤང་དུ་མེ་ཏོག་དྲི་བསུང་འཁྱིལ།  ། 
ཁུ་བྱུག་གསུང་སྙན་སྒྲོག་པ་ཡི།  ། 
གཡུ་ལོ་ནགས་ཚལ་ཚང་ཚིང་འཁྲིགས།  ། 
དབྱར་གྱི་དཔལ་མོས་རབ་སྒེག་པའི།  ། 
དབྱར་གྱི་འབྲོག་ཐང་ལྟ་ན་སྡུག  ། 
དབྱར་གྱི་འབྲོག་སའི་འབྲོག་ལས་ཀུན།  ། 
དབྱར་གྱི་ཆུ་གཏེར་བཞིན་རྒྱས་ཤོག །
སྨྲེང་བ་མོད་པའི་ལོ་ཟླ། 
བརྩེ་བ་ཆུ་མོའི་བཞུར་རྒྱུན་འཁྱག་པས་བསྡམས། །
དུང་བ་ཟུངས་ཁྲག་ཁོལ་མའི་ཚ་རླབས་འཇགས། །
ཞེ་འདང་དར་དཀར་མདུད་པ་འདི་ནས་ཞིག །
དྲན་འཕྲིན་ཤོག་ལྷེ་རེ་རེ་རླུང་ལ་བསྐུར། །
སེམས་པའི་ལྡེབས་སུ་འདས་དོན་རི་མོ་གསལ། །
ལོ་ཟླ་ཅི་ཙམ་འདས་ཀྱང་སྔར་བཞིན་གསལ། །
འཁོར་བའི་ལ་མོ་བརྒལ་བའི་རི་སྐེད་ནས། །
ཞེན་ཆགས་དུང་བའི་ཕྱི་མིག་ལན་གཅིག་འཕེན། །
ཐོག་མའི་དམ་ཚིག་རྡོ་རྗེའི་མདུད་རྒྱ་ལྷོད། །
སེམས་དང་སེམས་པ་ཕར་དང་ཚུར་ལ་གྱེས། །
ཨ་གསར་བརྩེ་བའི་མེ་ཏོག་རྙིད་དེ་ཐལ། །
སྙིང་གཏམ་སྙིམ་པའི་རི་མོ་འདི་ནས་ཡལ། །
ཚེ་སྔོན་ལས་ཀྱི་ཉི་འོད་འཕྲོས་པའི་ཚེ། །
ཆགས་སྡང་འཐབ་པའི་འཁོར་བའི་ཐུ་འོག་ནས། །
དུས་ཀྱི་རྟ་ཁ་བསྒགས་ཏེ་ཉན་སྒུག་བྱས། །
སྐྱིད་སྡུག་གཞས་སུ་འགུགས་པར་རྣ་བ་བླགས། །
དྲན་པའི་རྒོད་པོ་གཤོག་རླབས་བསྒྱུར་ཏེ་འཕུར། །
སྲིད་པའི་སྤྲིན་ལམ་གཤགས་ཏེ་རྒྱང་དུ་ཕྱིན། །
མཚམས་རེར་འཁོར་བའི་རྟོད་ཐག་བཅད་ནས་ནི། །
དབེན་པ་བསྟེན་ལ་སེམས་པའི་རྟ་ཡང་ཤོར། །
སྣང་བའི་འོ་ཆུ་གཅིག་ཏུ་འདྲེས་པའི་ཚེ། །
སེམས་པ་ཆུ་ལ་ཆུ་བཞག་དབྱེར་མེད་འདྲེས། །
རེ་ཞིག་བྲལ་ཀྱང་གདུང་བའི་སྨྲེང་གླུ་ལེན། །
འཇིག་རྟེན་སྙིང་བོས་དབེན་ལ་རྣ་མི་གཡོར། །
དྲན་གདུང་གཏམ་གྱི་གྲུ་ཤན་རྟ་མགོ་མ། །
མཆི་མའི་རྒྱ་མཚོ་ལན་མང་བརྒལ་དགོས་བྱུང་། །
རང་རང་ཡུལ་གྱིས་བསྐལ་བའི་ཕ་མཐའ་ནས། །
ལས་ཀྱི་གྲུ་ཁར་ལོ་སྒུག་ཟླ་སྒུག་བྱས། །
འདི་སྣང་ལས་ཀྱི་ནུབ་རླུང་ལྡང་བའི་ཚེ། །
བརྩེ་བའི་རྟ་ཕོ་སྲབ་མདའ་བཅད་ནས་ཤོར། །
ཡིད་ཀྱི་སྤང་དུ་ཕྱིར་དྲན་རྨིག་རྗེས་ཕབ། །
སྒྲ་འཛིན་རྣ་བར་དུང་བའི་འཚེར་སྐད་འཁོར། །
ལྷོ་རུ་འཕུར་བའི་བྱ་ཁྱུའི་གཤོག་རྡང་གིས། །
ཁྱོད་ཉིད་ཡིད་ཀྱི་མཁའ་རུ་ཟླ་ལྟར་ཚེས། །
ལྷན་འཛོམས་འཚོ་བའི་ཟུར་ཙམ་དྲན་པས་བསླངས། །
ལོ་ཟླའི་རྨ་ཁར་སྐྱོ་གདུང་ལྷན་པ་གླན། །
སེམས་པའི་རི་ལ་སྨྲེང་བའི་ན་བུན་འཁྱུད། །
ས་སྲོད་རེ་རེར་སྨྲེང་གླུ་སེམས་སུ་བླངས། །
ནུབ་ཁའི་གཙང་འགྲམ་འཇག་རྩྭའི་ཤུགས་གླུ་ཡིས། །
མགྲིན་པ་བརྣངས་ཤིང་སྙིང་ལ་སྐྱོ་ཡུས་འཁོར། །
གྲང་རླུང་ལྡང་བས་མཚན་གྱི་རྨི་ལམ་དཀྲོགས། །
མིག་ཟུང་བཙུམས་པས་ཁྱོད་ཉིད་སེམས་སུ་ལྷུང་། །
གྱེས་གདུང་འདི་ཀོ་གཟུགས་མེད་འཕྲུལ་འཁོར་ལྟར། །
ང་ཡི་གློ་མཆིན་དྲན་པ་མ་ལུས་འཐག །
ད་ནི་སླར་ཡང་དགུན་ཁ་ཚེས་སོང་ངོ་། །
སེམས་པའི་གཏིང་དུ་འཁྱག་པའི་གྲང་ཤ་ལྷུང་། །
མིག་གི་མཐའ་ལ་གཙང་བོའི་བཞུར་རྒྱུན་འཁྱིལ། །
ལུས་ཀྱི་ཕྱི་ནང་ཙག་བསེར་རླུང་གིས་བརྟོལ། །
མི་ཚེ་མཐའ་བྲལ་མྱ་ངམ་ཐང་ཆེན་ནས། །
གནམ་གྱི་རྒྱལ་མོའི་བཀའ་ཆད་ཕོག་པ་འམ། །
ལན་ཆགས་བུ་ལོན་ངང་གིས་སླེབས་པ་འདྲ། །
སེམས་པའི་རྟ་ཁྱུ་སྐོམ་གདུང་ཐན་པས་གཟིར། །
ཚངས་མགུར་བཀླགས་པའི་མྱོང་གླུ། 
ཁྱོད་ནི་མི་ལོ་སུམ་བརྒྱའི་གོང་གི །
ལི་ཐང་ཡུལ་གྱི་དུས་བྱ་དེ་རེད། །
ལྷོ་མོན་ཕྱོགས་ཀྱི་གཞས་སྐད་དེ་རེད། །
བར་སྐོར་གླིང་གི་རླུང་བུ་དེ་རེད། །
འཕྱོངས་རྒྱས་འགྲིམ་པའི་རྟ་པ་དེ་རེད། །
ཇོ་བོའི་སྤྱན་ཆབ་བསིལ་མ་དེ་རེད། །
རྣ་བར་འཇགས་པའི་མགུར་མ་དེ་རེད། །
སྐྱིད་ཆུར་འཕངས་པའི་ཤིང་ཟམ་དེ་རེད། །
ཟམ་སྟེང་གཡོ་བའི་དར་ལྕོག་དེ་རེད། །
ཟམ་འོག་བརྒྱུད་པའི་ཀོ་གྲུ་དེ་རེད། །
སྙིམ་པར་འཁྱིལ་བའི་མིག་ཆུ་དེ་རེད། །

ཁྱོད་ནི་བགྲང་བྱ་སུམ་བརྒྱའི་གོང་གི །
ལམ་ལམ་འཕྲོ་བའི་གསེར་ཏོག་དེ་རེད། །
ལྷང་ལྷང་གྲགས་པའི་གཡེར་དྲིལ་དེ་རེད། །
མར་ཁུ་ལྟེམ་པའི་མཆོད་རྐོང་དེ་རེད། །
སྐྱིད་ཆུར་ལྷུང་བའི་བྱ་སྤུ་དེ་རེད། །
འཁྱགས་པས་བསྡམས་པའི་རྡོ་རིང་དེ་རེད། །
སེར་ཀ་གས་པའི་ལྡེབས་རིས་དེ་རེད། །
ཁྲུང་ཁྲུང་དཀར་མོའི་ཕྱི་མིག་དེ་རེད། །
ཆུ་ལ་ཟུག་པའི་འཇའ་ཚོན་དེ་རེད། །
མཁུར་འགོར་ལྷུང་བའི་ཆར་ཐིགས་དེ་རེད།། 
རྗེ་བཙུན་འཚོལ་མགུར། 
སྤྲིན་གྱི་ལ་ཐོད་བཅིངས་པའི་རི་ཟོམ་དེ་ན། །
ན་བུན་ཞགས་པ་ཐེབས་པའི་རི་སྐེད་དེ་ན། །
ལྷུན་སྟུག་ནགས་ཀླུང་ཕྱུག་མོའི་བར་གསེང་དེ་ན། །
མི་མེད་དབེན་པའི་གནས་ཀྱི་ཡང་གསེང་དེ་ན། །
གསེར་མདོག་ཉི་རྩེ་རྒྱག་སའི་གངས་རིའི་སྤོ་ན། །
སེང་གེས་གཡུ་རལ་གསིག་པའི་གངས་ཀྱི་ལྟོ་ན། །
དད་འདུས་མཇལ་བ་འདུར་བའི་གངས་འདབས་དེ་ན། །
གཙང་ཆབ་དྭངས་མ་བརྡོལ་བའི་ཆུ་མགོ་དེ་ན། །
རི་དྭགས་བག་གིས་རྒྱུ་བའི་རྫ་ལུང་དེ་ན། །
རྩ་ཕྲན་ཟིལ་བ་འཐོར་བའི་སྤང་ཐང་དེ་ན། །
མེ་ཏོག་དྲི་ངད་ལྡང་བའི་ནེའུ་གསིང་དེ་ན། །
ལྷོ་སྤྲིན་མཁའ་ལ་འཕྱོ་བའི་བང་རིམ་དེ་ན། །
འཇའ་སྤྲིན་འོད་ཀྱིས་ཕུབ་པའི་གུར་ཁང་དེ་ན། །
ཆོས་སྒྲའི་མགུར་དབྱངས་མཆེད་པའི་དག་ཞིང་དེ་ན། །
ཏིང་འཛིན་ཟས་ལ་རོལ་བའི་རྣལ་འབྱོར་ཆེན་པོ། །
གཏུམ་མོའི་ན་བཟའ་བཀླུབས་པའི་རྣལ་འབྱོར་ཆེན་པོ། །
བྱིན་རླབས་ཆབ་རྒྱུན་འཕྱོ་བའི་རྣལ་འབྱོར་ཆེན་པོ། །
རྣལ་འབྱོར་སྐབས་རེར་གསལ་ཞིང་སྐབས་རེར་མོག་པ། ། 
རྣལ་འབྱོར་སྐབས་རེར་མངོན་ཞིང་སྐབས་རེར་ཡལ་བ། །
རྣལ་འབྱོར་གཞན་ནས་མ་བཙལ་རང་གི་སེམས་ན། །
སེམས་པ་རྗེན་པ་འདི་ཡི་ཕ་རོལ་དེ་ན། །
འབྲེལ་ཡོད་འོས་སྦྱོར།