logo

༄༅། །ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མའི་སྦྱངས་རྩོམ་ལས་ཁག་དང་པོ།

རྩོམ་པ་པོ།:ཁྲི་སྐལ་བཀྲ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-24 ཀློག་གྲངས།:
༄༅། །ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མའི་སྦྱངས་རྩོམ།
བདག་གི་ཕ་ཡུལ། 
ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོ། གཡང་དཀར་མཚོ། 
        ངའི་ཕ་ཡུལ་ནི་ལྷ་སྡེ་གཡང་སྡེ་ཕྱུག་མོ་ཡིན། ཆུང་དུས་ནས་བཟུང་སྟེ། ཕ་ས་ཕ་ཡུལ་གྱི་ཁོར་ཡུག་ཡོངས་ནི་ཧ་ཅང་ངོ་མཚར་ཞིང་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད། 
        མུ་མཐའ་མི་མངོན་པའི་ཕ་ཡུལ་རྩྭ་ཐང་གི་དུས་བཞིའི་འགྱུར་ལྡོག་ཁྲོད་དུ་ང་ལ་སྨྲ་མི་ཤེས་པའི་ཚོར་སྣང་སྣ་ཚོགས་བྱུང་དུ་བཅུག་ཡོད་པ་སྟེ། 
        དཔྱིད་ཀ་སླེབས་ཚེ། རི་བོའི་སྟེང་གི་ཁ་བ་རིམ་གྱིས་ཞུས་ནས་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་འདུག་ལ། ད་དུང་རྟ་ནོར་ལུག་གསུམ་གྱིས་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་པ་དང་མི་མང་པོ་རྩྭ་ཐང་དུ་གང་དགའ་གང་སྐྱིད་ཀྱི་ངང་ནས་གླུ་ལེན་གར་རྩེད་བྱེད་པར་དགའ་བ་རེད། 
        དབྱར་ཁ་སླེབས་ན། རྩྭ་ཆུ་གཉིས་ཀ་འཛོམས་པའི་རི་ལུང་རྒྱུད་ནས་ང་ཚོ་ཚང་མ་དབྱར་ས་རུ་བུད་འགྲོ། དེ་དུས་ང་ཚོའི་དབྱར་ས་ན་རྩེ་མོ་དགུང་ལ་སྙེག་པའི་རི་བོ་དང་དྭངས་མོ་གཡུ་ལྟར་གསལ་བའི་མཚོ་མོ། འདབ་ཆགས་བྱ་བྱེའུ་དང་ཨ་བྲ། ཕྱི་བ་སོགས་ཧ་ཅང་མང་པོ་ཡོད་ལ། ཆར་བབས་ཚེ་ཤ་མོའང་ག་ས་གང་དུ་མང་པོ་སྐྱེས་འདུག 
        སྟོན་ཁ་སླེབས་པ་ན། ཕ་ས་དྲོན་མོ་ནི་དངོས་གནས་གསེར་མདོག་གི་ཞིང་ཁམས་ཤིག་དང་མཚུངས་ལ། ད་དུང་རི་འདབས་ཀྱི་ས་ཞིང་ཚང་མའང་སེར་ལམ་མེར་བྱེད། དེ་དུས་སྡེ་མི་རྣམས་ཀྱང་རྩྭ་འབྲེག་ཞིང་འབྲེག་གི་ལས་ཀར་བྲེལ་བཞིན་ཡོད་ལ། ནམ་མཁའ་རུ་ཁྲུང་ཁྲུང་དཀར་མོ་ཁྱུ་དང་ཁྱུ་བྱས་ནས་ལྷོ་ཕྱོགས་སུ་དགུན་སྐྱེལ་བར་འགྲོ་བའང་རིག་ཐུབ། 
        དགུན་ཁའང་དལ་གྱིས་སླེབས་པ་ན། ནམ་ཟླ་ཡུན་གྱིས་ཇེ་འཁྱག་ཏུ་འགྲོ་བ་དང་གྲང་རླུང་འུར་འུར་ལྡིང་བའི་ཕ་ས་ནི་རྒྱང་རིང་ན་ཁེར་རྐྱང་དུ་ལུས་པ་དང་མཚུངས་ཤིང་། ག་ས་གང་དུ་ཁ་བའི་གཡོགས་ནས་སྟོད་གོས་དཀར་པོ་གྱོན་པ་དང་འདྲ་བར་དཀར་ཆེམ་ཆེམ་བྱེད། ཁྱིམ་མཚེས་ཀྱི་བྱིས་པ་མང་པོ་ཞིག་ཁ་བའི་ནང་བརྒལ་ནས་རྩེད་མོ་སྣ་ཚོགས་ལ་རོལ་བཞིན་ཡོད་པ་ཡིད་ལ་དྲན་འོང་། 
        རེད་ཡ། བདག་གི་ཕ་ཡུལ་ནི་ས་མཐོའི་གྲུ་ཟུར་ཞིག་ན་ལུས་པའི་སྦྲ་ནག་ཆེན་པོ་ཞིག་དང་འདྲ་རུང་། ངའི་སེམས་ཁོང་དུ་ཕ་ཡུལ་ལས་སྐྱིད་ཀྱང་མཛེས་སྡུག་ལྡན་པ་ཞིག་མེད་དོ་སྙམ།


ངེད་ཚང་གི་བེའུ།
ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པ། སྟག་འདུལ་སྐྱབས། 
        ངེད་ཚང་ལ་འབྲི་མོ་ཞིག་ཡོད་དེའི་ལུས་ཀྱི་སྤུ་མདོག་ནི་དམར་སེར་ཞིག་ཏུ་འདུག་ལ། མགོ་རུ་རྭ་ཅོ་ཐུང་ཐུང་གཉིས་སྐྱེས་ཡོད་པ་དང་ལུས་ཀྱི་གྲུབ་ཆ་ནི་གཡག་རྒོད་ཅིག་དང་ཀུན་ནས་མཚུངས། འབྲི་མོ་དེར་འོ་མ་བཞོ་རྒྱུ་མང་བས་ཨ་མ་རྒྱུན་དུ་འབྲི་མོ་དེར་གཅེས་འདང་ཆེ། དེ་བས་ང་རང་ཉིད་ཀྱང་འབྲི་མོ་དེའི་འོ་མ་འཐུང་རྒྱུར་ཧ་ཅང་དགའ་བར་གྱུར།
        ཉིན་ཞིག་གི་ཕྱི་དྲོར། ང་རང་སློབ་གྲྭ་གྲོལ་ནས་ཡུལ་དུ་སླེབས་པ་ན། ངེད་ཚང་གི་འབྲི་མོ་དེ་ལ་བེའུ་ཞིག་བཙས་འདུག  དུས་དེར་ངས་རང་ཉིད་ཀྱི་ཕྲག་སྟེང་གི་དཔེ་ཁུག་ཆུང་ཆུང་དེ་སར་བཞག་སྟེ། སྒོ་ཟོག་ལྷས་སུ་འཇུག་ཏུ་འགྲོ་དུས་བེའུ་དེ་བཙས་མ་ཐག་ཡིན་པས་འབྲི་མོའི་ནུ་མ་སྣུན་བཞིན་ཡོད། དེའི་ལས་ཀྱི་ཚུགས་ཀ་ལ་བལྟས་ན་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་རེད། དེ་ནས་རིམ་བཞིན་དུ་དུས་ཡུན་མང་པོ་ཞིག་སོང་བའི་ཕྱིར། བེའུ་དེ་སྔ་མོ་ནས་ཆེ་རུ་གྱུར་ནས་རྩྭ་ཟ་ཐུབ་པར་གྱུར། ཡིན་ན་ཡང་། ཁོས་རྩྭ་ཐང་གི་སྔོ་རྩྭ་དང་གསར་སྐྱེས་ཀྱི་རྩི་རིང་བཟའ་བ་ལས་གཞན་གང་ཡང་མི་ཟ་བར་མ་ཟད། རྒྱུན་དུ་འབྲི་མོའི་འོ་མ་འཐུང་གིན་འདུག ངེད་ཚང་གི་བེའུ་དེ་ཉིན་རེ་ནས་ཉིན་རེར་ནར་སོན་པས། རྩྭ་སྐྱ་དང་རྩྭ་རྡོས། ཡང་ན་གཟན་ཆས་གཞན་པའི་རིགས་གང་ཡིན་རུང་ཟ་བར་གོམས་པར་གྱུར། ད་དུང་འབྲི་མོ་དང་མཉམ་གཅིག་ཏུ་རྫ་མཐོ་ས་དང་བྲག་འདབས་གང་རུང་དུ་སོང་ནའང་བེའུ་གཞན་དང་ལྷན་གཅིག་ཏུ་རྩྭ་ཟ་བ་དང་རྭ་རྩེད་བྱེད་ཅིང་། ན་ཁུག་དང་སྤང་རིའི་འགྲམ་ནས་ཉལ་བར་ཧ་ཅང་དགའ་བས། དེ་ནི་ཁོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པ་རེད།
        དུས་ཚིགས་ཀྱི་འགྱུར་བ་ལ་བརྟེན་ནས་ཁོའི་གཟུགས་རིས་དང་སྤུ་མདོག་བཅས་ལ་འགྱུར་བ་བྱུང་ཡོད། དགུན་ཁར་ལུས་ཀྱི་སྤུ་མདོག་ཁམ་ནག་ཡིན་པ་དང་གཟུགས་གཞི་ལ་དགུན་ཁའི་གྲང་རླུང་འགོག་བྱེད་ཀྱི་སྤུ་མཐུག་པོ་རེ་སྐྱེས་ནས་མར་བསྣར་འདུག དེ་ནི་གྲང་ངར་འགོག་བྱེད་ཀྱི་ལྭ་བ་ཞིག་དང་མཚུངས། དབྱར་ཁར་སླེབས་ཚེ། སྔོ་ལྗང་གི་རྩྭ་རྩི་ཤིང་རྣམས་ཁམ་གང་རེ་བྱས་ནས་ཟོས་པ་ན་ཤ་ཤེད་རྒྱས་པ་དང་བསྟུན་ནས་ལུས་ཀྱི་སྤུ་མཐུག་པོ་རེ་འགའ་ས་ལ་ལྷུང་འགྲོ་བས། ཤུལ་ན་སྤུ་སྲབ་མོ་ནག་ཆེམ་མེར་ལུས་ཡོད། ད་ནི་ཇི་འདྲའི་རྩུབ་པོ་ཞིག་ཏུ་གྱུར་ཡོད་པ་ལ། རྒྱུན་པར་ནོར་ཁྱུ་དང་ལུག་ཁྱུ་རུ་སོང་ནས་རང་ལས་ཆུང་བའི་བེའུ་དང་ཡང་ན་ལུ་གུ་ཆུང་ཆུང་རྣམས་གང་སར་བདའ་རྒྱུར་དགའ་བར་གྱུར། ངས་ཉིན་རྒྱུན་དུ་རི་མགོ་དང་རྫ་རི་སོགས་ཀྱི་འགྲམ་ནས་ནོར་ལུག་འཚོ་གྱིན་ཡོད་པས། རྒྱུན་པར་འབྲི་མོའི་བེའུ་ཡིས་ཅི་ཞིག་བྱེད་པར་སེམས་ཁུར་བྱེད་པ་དེ་ལ་ཨ་མས་ཀྱང་ངའི་ཚུལ་དེ་ཤེས་ནས་ཐག་མི་རིང་བའི་ས་རུ་བལྟས་ནས་བསྡད་མྱོང་། དེ་བས་ང་ངེད་ཚང་གི་བེའུ་དང་འབྲི་མོ། ར་ལུག སྒོ་ཁྱི་སོགས་ལ་ཧ་ཅང་དགའ་བར་གྱུར་ལ། ད་དུང་སྔར་ལས་ལྷག་པར་ནོར་ལུག་འཚོ་སྐྱོང་ལེགས་པོ་ཞིག་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད་པས། སེམས་སུ། ཞིམ་མངར་འོ་ཇ་འཐུང་དུས། །དྲིན་ཆེན་འབྲི་མོ་མ་བརྗེད། །ཅེས་པའི་གླུ་ཚིག་དེའི་ཕྱིར་དུ། ང་ཚོས་སྲོག་ཆགས་དུད་འགྲོ་གང་ཞིག་ཡིན་ནའང་དེའི་ཚེ་སྲོག་ལའང་གཅེས་སྐྱོང་དང་བྱམས་སྐྱོང་བྱེད་དགོས། སྲོག་ཆགས་ཅི་འདྲ་ཞིག་ཡིན་རུང་ང་ཚོ་མིའི་རིགས་ཀྱི་འཚོ་བ་ལ་ཧ་ཅང་མཁོ་ཞིང་མེད་ན་མི་ཆོག་པས། ང་ཚོ་མིའི་རིགས་ཀྱི་གྲོགས་པོ་ཡིན་པ་ནམ་ཡང་བརྗེད་མི་རུང་ངོ་། །


བདག་གི་དགེ་རྒན།
ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ། སྒྲོལ་མ་འབུམ།
        ང་རང་འཇིག་རྟེན་འདིར་འོང་ནས་དགེ་རྒན་མང་པོ་ཞིག་ལ་འཕྲད་མྱོང་མོད། འོན་ཀྱང་། རང་གི་ནང་སེམས་ན་ནམ་ཡང་བརྗེད་པར་་དཀའ་བ་དང་། བཀའ་དྲིན་མཚུངས་མེད་ཀྱི་ཕ་མ་དང་གཉིས་སུ་མ་མཆིས་པ་ནི་དགེ་རྒན་དབང་ཆེན་རྒྱལ་ཡིན།
        ཁོ་ནི་ལོ་རིམ་གསུམ་པ་ནས་བཟུང་སྟེ། ང་ཚོའི་སྐད་ཡིག་ཁྲིད་པའི་དགེ་རྒན་རྣམ་དཔྱོད་ཅན་ཞིག་ཡིན་ལ་འཛིན་བདག་ཕུལ་བྱུང་ཅན་ཞིག་ཀྱང་ཡིན། ད་ལོ་ལོ་སུམ་བཅུ་ཡས་མས་ཤིག་ལ་སླེབས་ཡོད། ཁོའི་གཟུགས་ཅུང་ཙམ་ཐུང་བས་ཕལ་ཆེར་སྨི༡.༥ཙམ་ཡོད། ལུས་པོ་ལ་སྟོབས་ཤུགས་ཆེ་ཞིང་ཕལ་ཆེར་རྒྱ་མ༡༠༥ཙམ་ཡོད་པ་ཁོ་ཐག་ཡིན། ཁོའི་ལས་འགན་གཙོ་བོ་ནི་སློབ་གྲྭའི་སློབ་སྟོན་ཀྲུའུ་རིན་གྱི་བྱ་བ་དང་ང་ཚོར་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་ཡིན། 
        ཁོ་ནི་དུས་རྒྱུན་དུ་ཁོམ་པ་རེ་བྱུང་ཚེ། ལག་རྩེད་སྤོ་ལོ་རྩེད་པར་ཧ་ཅང་དགའ་བར་མ་ཟད། རྐང་རྩེད་སྤོ་ལོ་རྩེད་ནའང་ཁོང་ལ་དགེ་རྒན་གཞོན་སྐྱེས་ཚོའི་ནང་དུ་འགྲན་ནུས་པ་གཅིག་ཀྱང་མེད། ཁོ་ནི་བྱ་བ་ཆེ་མ་ཆུང་གསུམ་ཅི་ཞིག་ཡིན་རུང་བཀོད་སྒྲིག་དང་འགན་འཁྲུ་ཡོད་པར་མ་ཟད། ཕྱི་ནུར་གཏན་ནས་མི་བྱེད་པར་དུས་ཚོད་ལ་གཅེས་འཛིན་བྱེད་པའི་དགེ་རྒན་མཆོག་ཏུ་གྱུར་བ་ཞིག་ཡིན། ཁོས་ང་ཚོར་དུས་རྒྱུན་དུ་སྐད་ཡིག་སློབ་ཁྲིད་བྱས་ནས་སློབ་ཐུན་གཅིག་ཀྱང་ཆད་མ་མྱོང་ལ། སློབ་སྦྱོང་ལ་ཞན་པའི་སློབ་མར་ལྷག་པར་དུ་ཐུགས་ཁུར་དང་སེམས་ཁྲལ་གང་མང་བྱེད་པ་ཞིག་ཡིན། སློབ་མ་དེ་དག་ལ་དགོང་མོའི་གཉིད་དང་ཉིན་དཀར་གྱི་ཟས་བཅག་ནས་གསབ་ཁྲིད་བྱེད་པ་མ་ཟད། མི་འདོད་ནད་ཀྱིས་མནར་བའི་སློབ་མ་སུ་ཡིན་རུང་རང་གི་དངུལ་བཟུང་ནས་དེ་མ་ཐག་ཏུ་སྨན་པར་སྟོན་དུ་འགྲོ་བ་རེད། ཁོ་ལ་གཞན་ཕན་ཁོ་ན་སྒྲུབ་པའི་སྙིང་སྟོབས་ལྡན་པས། ནམ་ཡང་ངའི་ཡིད་དུ་གནས་པའི་དྲིན་ཆེན་དགེ་རྒན་ཉིད་ཡིན།
        དགེ་རྒན་ལགས། ཁྱེད་ནི་ངའི་སེམས་ཁོང་ནས་ནམ་ཡང་བརྗེད་ཐབས་བྲལ་བའི་བྱམས་བརྩེ་བདག་ཉིད་ཅན་གྱི་དགེ་རྒན་དེ་ཡིན། དགེ་རྒན་ལགས། ཁྱེད་ནི་ང་ཚོའི་མ་རིག་གཏི་མུག་གི་མུན་པ་རྩ་ནས་སེལ་མཁན་གྱི་མགོན་སྐྱབས་ཡིན་པས། དེ་རིང་ངས་སེམས་ཁོང་ནས་ཡང་བསྐྱར་ཁྱེད་ལ་གུས་འདུད་དང་བཅས་བཀའ་དྲིན་ཆེ་ཞུས་པ་ཡིན།
རྩོམ་ཡིག་མཁོ་འདོན་གནང་མཁན་གྱི་དགེ་རྒན་ཁྲི་སྐལ་བཀྲ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།