logo

མང་རྫོང་མི་རིགས་སློབ་འབྲིང་དམའ་གཅིག་འཛིན་གྲྭ་བཅུ་གཅིག་གི་སློབ་མའི་སྦྱངས་རྩོམ། ཁག་དང་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-07 ཀློག་གྲངས།:
རྨ་ཆེན་ལབ་བསྟོད་ལ་སོང་བའི་མཐོང་ཐོས། 
བསོད་ནམས་རྒྱལ། དམའ་གཅིག་འཛིན་གྲྭ་བཅུ་གཅིག
        ང་ཚོ་བཟའ་མི་ཚང་མ་དགོང་ཟས་ལ་རོལ་ཚར་རྗེས་ཨ་ཕས་བཤད་རྒྱུར། སང་ཉིན་ནི་བོད་ཟླ་བཞི་བའི་ཚེས་གཅིག་ཡིན་ལ། སྤྱི་ཐར་ཤུལ་ཚོ་གསུམ་དང་མང་འབའ་བྱ་གསུམ། ཀླུ་གོང་འོག་བར་གསུམ་སོགས་ཀྱིས་མཉམ་ཏུ་བསྟོད་པའི་ལབ་ཙེ་སྟེ་ཨ་མྱེས་རྨ་ཆེན་ལབ་བསྟོད་ཀྱི་ཉིན་མོ་ཡིན་པས། སྔ་མོར་ལོངས་དང་རྨ་ཆེན་ལབ་བསྟོད་ལ་འགྲོ་དགོས་ཟེར། སྐད་ཆ་འདི་གོ་མ་ཐག་ང་རང་དགའ་སྤྲོ་ཚད་མེད་སྐྱེས་ནས་མཚན་གང་བོར་གཉིད་མ་ཁུག་པར་བསྡད། སྔ་མོར་སྐྱ་རེངས་བཀྱག་ནས་ཅང་མ་འགོར་བར་ང་རང་འབོད་བཞིན་པའི་སྒྲ་ཐོས་ནས་མགྱོགས་མྱུར་གྱི་ངང་ནས་ཡར་ལངས་ཏེ། ཁ་ལག་གཙང་མར་བཀྲུས་ཤིང་བོད་ལྭ་གྲལ་དག་ཅིག་གོན་ནས་ལམ་ལ་ཆས་མགོ་བརྩམས། ང་དང་ཕུ་བོ། ཨ་ཕ། ནུ་བོ་སོགས་རླངས་འཁོར་ལ་བསྡད་དེ་བྱེ་སྣ་བརྒྱུད་སྤྱི་ལེ་སུམ་ཅུ་ལྷག་སོང་བ་ན། རྨ་ཆེན་ལབ་ཙེ་ཡོད་སའི་རི་སྒང་གི་ཉེ་སར་སླེབས། དེ་ནས་ང་ཚོས་རླངས་འཁོར་གནས་དེའི་རི་རྩ་རུ་བཞག་རྗེས་བསང་རྩི་སོགས་ཁུར་ནས་ནམ་ལངས་ཀྱི་དང་པོ་ཉི་ཤར་གྱི་རྩེ་མོར་རི་སྒང་ལ་འགོས་མགོ་བརྩམས། ཡར་བལྟས་པ་ཙམ་ན་མགོ་ཡི་ཞྭ་མོ་ཐང་ལ་ལྷུང་འགྲོ་བའི་རི་བོ་ཧ་ཅང་མཐོན་པོ་ཞིག་ཡིན་པ་མ་ཟད་རི་རྩེ་ཐམས་ཅད་སྨུག་གིས་བཟུང་ནས་འདུག། ཡང་གཅིག་ན་རྨ་ཆེན་ལབ་ཙེ་ནི་རི་སྒང་ཞིག་གི་སྟེང་དུ་ལྷང་ངེར་བཞེངས་ཡོད་ལ་ཕྱོགས་བཞིར་དར་ལྕོག་གིས་བསྐོར་ནས་ཡོད།
        དུས་ཚོད་རིང་བོ་མ་སོང་བར་མི་མང་པོས་གཅིག་རྗེས་གཉིས་མཐུད་དུ་བསང་རྩི་དང་དར་ལྕོག རྨུ་ཐག་སོགས་ཁུར་ནས་གོམ་པ་གང་རེ་གང་རེ་ལེན་ཞོར་མི་ཚོགས་ཀྱིས་ང་ཚོའི་རྗེས་སུ་སྙེགས་འོངས་བཞིན་མཆིས། 
        སྒང་ལ་བུད་ནས་རྨ་ཆེན་ལབ་ཙེ་ལ་བལྟས་པ་ན། ལབ་ཙེ་ནི་ཅི་འདྲའི་བརྗིད་ཉམས་ལྡན་པ་ཞིག་རེད་ཨང་། མཐོན་པོ་སྒང་ལ་བུད་ནས་དམའ་མོ་གཞུང་ལ་བལྟས་ཚེ། གསེར་མདོག་གི་ཉི་རྩེ་ས་གཞིར་འཕྲོས་ལ་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་ཏུ་རྒྱུ། མཁའ་དབུགས་ཧ་ཅང་གཙང་བས་མི་ཚོགས་ཀྱི་བཞུར་རྒྱུན་ཁྲོད་ང་རང་གི་སེམས་ཁམས་ནི་ཆུ་བོ་ལས་ཀྱང་དྭངས་ལ་དགའ་སྤྲོའི་སྤུ་ལོང་རབ་ཏུ་གཡོས། ང་ཚོ་ལབ་ཙེ་ཡི་གམ་དུ་ཐོན་པ་ན་ཀླུ་ཚང་དགོན་པའི་བླ་མ་རྣམས་དང་གྲྭ་བཙུན་སོགས་ཐོན་ནས་རབ་གནས་བྱེད་བཞིན་འདུག དེའི་མཚུངས་སུ་མི་ཚང་མས་ཀྱང་འཚང་ཁ་ཤིག་ཤིག་གི་ངང་ནས་བསང་ཕུད་དེ་དུང་བུས། མ་ཟད་རླུང་རྟས་བར་སྣང་གཡོ་བཞིན་ཡོད། 
        ལབ་ཙེ་བསྟད་ཚར་རྗེས་རི་ཞོལ་ན་རིག་རྩལ་འཁྲབ་སྟོན་ཡོད་པས། ང་ཚོ་རི་སྒང་ལས་མར་བབས་ཏེ་རླངས་འཁོར་གྱི་ནང་དུ་བུད་ནས་ལྟད་མོར་བལྟ་རུ་སོང་། རྟ་རྒྱུག་དང་དམངས་གླུ། ཞབས་བྲོ་སོགས་མང་པོ་ཞིག་ཡོད་ལ། གླུ་བ་གླུ་མ་རྣམས་ཀྱིས་ཁུ་བྱུག་གི་གསུང་སྐད་ལྟ་བའི་གླུ་སྐད་ལ་རོལ་མྱོང་བྱས་ཚར་རྗེས་རྟ་རྒྱུག་གི་མགོ་བརྩམས་བྱུང་། ངེད་ཚང་གི་རྟ་རྐྱང་འཛི་མེ་ལོང་ལ་བང་རྩལ་ཁྱད་པར་བ་ཞིག་ལྡན་པས་རྟིང་རྩོད་གྱི་འགྲན་བསྡུར་ཁྲོད་ནས་ཨང་གཉིས་པ་བླངས། ངེད་ཚང་གི་བཟའ་མི་ཚང་མ་དགའ་སྤྲོ་ཚད་མེད་སྐྱེས་པ་ནི་སྨོས་མ་དགོས་པ་ཞིག་རེད་ཨང་། སྡེ་མི་ཡོངས་ཀྱང་དགའ་ནས་རྟ་ཕོ་ཡི་རྣ་རྩེ་དང་མགོ་ལ་སྒོར་མོ་དང་ཁ་བཏགས། གོས་སྣ་མང་པོ་ཞིག་བཏགས་ནས་བག་མ་ཞིག་དང་འདྲ་བར་ཚང་མས་བསྐོར་བཞིན་དུ་བསང་ཁྲིའི་འགྲམ་དུ་སོང་སྟེ་བསང་ཕུད་བ་དང་རླུང་རྟ་བསྐྱོད་ཞོར་དུ་ཀི་སྒྲ་དང་བཅས་ཤོག་སྦག་བརྒྱབ་ནས་རྟ་ཕོ་རྐྱང་འཛི་མེ་ལོང་ལ་དགའ་བསུ་རྒྱ་ཆེར་བྱས་སོང། དུས་དེ་ནས་བཟུང་བདག་གི་སེམས་ལ་ལབ་ཙེ་བསྟོད་པའམ་རྟ་རྒྱུགས་འགྲན་པ། གླུ་ལེན་གར་རྩེ་བྱེད་པ་སོགས་ནི་ང་ཚོ་བོད་མི་རིགས་ཀྱི་སྲོལ་རྒྱུན་ཞིག་ཡིན་པར་མ་ཟད། ད་དུང་གལ་ཆེན་རང་བཞིན་གྱི་བྱ་འགུལ་ཆེན་པོ་ཞིག་ཡིན་པས། ང་ཚོ་ཕྱི་རབས་པའམ་སློབ་མ་སུ་ཡིན་རུང་བྱ་འགུལ་འདི་ལྟ་བུར་ཞུགས་ཐུབ་ན་སློབ་སྦྱོང་གི་གོ་སྐབས་ཡག་ཤོས་ཤིག་རེད་འདོད་དོ། །
༼རྩོམ་པ་པོ་ཆུང་ཆུང་བསོད་ནམས་རྒྱལ།༽
བདག་གི་དགེ་རྒན།
དུང་དཀར་སྒྲོལ་མ། དམའ་གཅིག་འཛིན་གྲྭ་བཅུ་གཅིག
        ལོ་ཟླའི་འཁོར་སྐྱོད་ཀྱི་གོམ་འགྲོས་ཁྲོད་དུ་ནམ་ཡང་རྡོ་བརྐོས་རི་མོ་ཇི་བཞིན་སེམས་གཏིང་ནས་བརྗེད་ཐབས་མེད་པ་ནི་ངའི་སློབ་ཆུང་སྐབས་ཀྱི་རྒྱ་ཡིག་དགེ་རྒན་ལྷ་མོ་སྒྲོལ་མ་ཡིན།
        ཁོ་མོ་ད་ལྟ་དགོང་ལོ་ལྔ་བཅུར་སླེབས་ལ་ཉེ་བ་ཙམ་ཞིག་ཡིན་ལ། གཟུགས་ཚད་དང་ལྡན་ལ་ངོ་མདངས་སྨུག་པོ་ཞིག་ཡིན། ཁོང་གི་དབུ་སྐྲ་ཅུང་ནག་ཅིང་གདོང་ན་ཡོད་པའི་སྤྱན་ཟུང་ལས་དུས་ནམ་ཡང་ལྷག་བསམ་དཀར་པོའི་བརྩེ་མདངས་ཤིག་འཚེར་བཞིན་ཡོད།
        ཁོ་མོ་ནི་ལོ་རིམ་དང་པོ་ནས་བཟུང་ང་ཚོའི་རྒྱ་ཡིག་དགེ་རྒན་ཡིན། ཁོ་མོས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་ཞིབ་ཚགས་དང་གཟབ་ནན་ཡིན་ལ། སློབ་ཁྲིད་སྐབས་སུ་ང་ཚོར་རེ་བ་ནན་མོ་བཏོན་ཏེ་ཕྱི་རོལ་རྣམ་གཡེང་གི་དབང་དུ་གཏན་ནས་འགྲོ་གི་མི་འཇུག དེ་ནི་ཁོ་མོའི་སློབ་ཁྲིད་ཀྱི་ཐབས་ལམ་ཁྱད་པར་བས་ང་ཚོ་བཀུག་སོང་བ་མ་ཡིན་ནམ། ང་ཚོ་ལོ་རིམ་གསུམ་པའི་སྐབས་སུ་རྒན་ལྷ་མོ་སྒྲོལ་མ་ལགས་ལ་ནད་ལྕི་མོ་ཞིག་བྱུང་བ་དང་། ཁོང་གི་ལུས་ཕུང་ཉིན་རེ་བཞིན་ཤ་རིད་པགས་སྐམ་དུ་གྱུར། ཡིན་ན་ཡང་ཁོ་མོས་ནན་ཏན་གྱི་ངང་ནས་སློབ་ཁྲིད་བྱས་ཏེ་སློབ་ཐུན་གཅིག་ཀྱང་ཆད་མ་མྱོང་བས། ཁོ་མོ་ནི་ང་ཚོ་སློབ་མ་ཚང་མར་ཕྱོགས་རིས་མེད་པར་བདག་སྐྱོང་གནང་མཁན་གྱི་ཕ་མ་གཉིས་པ་དེའོ། །
        སྐབས་དེར་ངའི་སེམས་ལ་རྒན་ལགས་ནི་དགེ་རྒན་རང་ག་བ་ཞིག་ཡིན་ན། ང་ཚོའི་སློབ་ཁྲིད་མཚམས་བཞག་ནས་རང་ཁྱིམ་ནས་ངལ་གསོ་བྱེད་ངེས་རེད། ཡིན་ནའང་། ཁོ་མོ་དེ་ལས་ལྡོག་སྟེ་རང་གི་ན་ཚ་རྒྱབ་དུ་དོར་ནས་ང་ཚོའི་ཆེད་དུ་བརྩོན་སེམས་དང་སྤོབས་པ་བསྐྱེད། ལྷག་པར་དུ་ཡིད་འགུལ་ཐེབས་པ་ཞིག་ལ། ལོ་ཞིག་གི་དགུན་ཁའི་ཉིན་མོ་ཞིག་ལ་ང་ལ་ཆམ་པ་ལྗིད་མོ་ཞིག་ཕོག་ནས་སྨན་ཁང་དུ་མི་འགྲོ་ག་མེད་བྱུང་། ཉིན་དེ་དག་གི་སློབ་ཁྲིད་རྗེས་ལ་ལུས་པས་ང་རང་ཧ་ཅང་བྲེལ་འཚུབ་སྐྱེས་པའི་དུས་དེར། དགེ་རྒན་ལྷ་མོ་སྒྲོལ་མ་ལགས་ཀྱིས་ལག་དུ་དཔེ་ཆ་དང་ངའི་ཟིན་བྲིས་སོགས་བཟུང་ནས་སྐུ་དངོས་སུ་ངེད་ཚང་ལ་ཕེབས་ནས་ཉིན་དེ་དག་རིང་སློབ་ཁྲིད་ལ་ཞུགས་མ་ཐུབ་པའི་སློབ་ཚན་དག་ང་ལ་ཟུར་ཁྲིད་བྱས། ཁོང་གིས་གཟབ་ནན་གྱི་ངང་ནས་ང་ལ་གཅིག་གཅིག་གཉིས་གཉིས་ཀྱིས་ཟུར་ཁྲིད་བྱས་བས་ང་ཚོ་ཁྱིམ་མི་གང་བོ་ལ་ཡིད་འགུལ་ཐེབས་སུ་བཅུག མ་ཟད་ཁོ་མོ་ནི་ནམ་ཡང་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་མར་ཟུར་ཁྲིད་དང་། འཚོ་བར་དཀའ་ཁག་ཡོད་པའི་སློབ་མར་སློབ་སྦྱོང་གི་མཁོ་ཆས་སོགས་ཉོ་བའི་དགེ་རྒན་བཟང་མོ་ཞིག་ཡིན།
        སྐབས་དེ་ནས་བཟུང་ངའི་སེམས་ལ་ཁོང་ནི་སློབ་མ་ལ་ཇི་འདྲའི་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་ཡིན་པ་གཞི་ནས་རྟོགས་སོང་། དགེ་རྒན་ལགས་ཁྱེད་ནི་ངའི་ཡིད་དུ་ནམ་ཡང་བརྗེད་ཐབས་མེད་པའི་ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན་བཟང་མོ་ཞིག་ཡིན། ངས་དགེ་རྒན་ཁྱེད་ལ་དྲིན་གཟོ་བའི་ཕྱིར་དུ་སློབ་སྦྱོང་གི་གོམ་ཁ་ལྷོད་པ་མེད་པར་ཤེས་རིག་གི་སྤང་ཐང་ནས་བརྩོན་པར་འབད་དོ། །
༼རྩོམ་པ་པོ་ཆུང་ཆུང་དུང་དཀར་སྒྲོལ་མ།༽
བདག་གི་དགེ་རྒན།
མི་ཕམ་ལྷ་མོ། དམའ་གཅིག་འཛིན་གྲྭ་བཅུ་གཅིག
        བདག་སློབ་གྲྭར་ཞུགས་པ་ནས་ད་ལྟའི་བར་དུ་བྱམས་བརྩེའི་འཛུམ་གྱིས་བསྐྱངས་བའི་དགེ་རྒན་གང་མང་ཞིག་གི་ཐུགས་ཁུར་འོག་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱུང་བ་ཡིན་ལ། ལྷག་པར་དུ་ད་ལོར་དམའ་འབྲིང་གི་སྒོ་ཐེམ་འགྲིམ་པ་ནས་བཟུང་སྣ་མང་བསླབ་ཚན་གྱི་གཡུལ་ས་ནས་ལུས་སེམས་ལ་ལྷོད་བག་གི་གོ་སྐབས་ཤིན་ཏུ་ཕྲ་བར་གྱུར། ཡིན་ནའང་དེ་ནི་རང་ཉིད་འཚར་ལོངས་ཀྱི་གོ་རིམ་ཞིག་ཡིན་པས་འཆར་གཞི་དང་ཕུགས་བསམ་གསལ་བའི་སྒོ་ནས་གདོང་གདད་དགོས་སོ། །
        སློབ་མ་ཚང་མར་རང་ཉིད་ཀྱི་སེམས་ཁོངས་སུ་ཆེས་བཟང་བར་སྙམ་པའི་དགེ་རྒན་རེ་ཡོད་སྲིད་དེ། བདག་ལ་ཡང་རང་གི་སེམས་གཏིང་ནས་ཆེས་ཁྱད་དུ་འཕགས་པའི་དགེ་རྒན་བཟང་བོ་ཞིག་ཡོད། ཁོང་ནི་བདག་གི་སྐད་ཡིག་དགེ་རྒན་ཡིན། མིང་ལ་གདུགས་དཀར་རྒྱལ་ཟེར། ཁོའི་གདོང་ནི་སྨུག་ཅིང་སྒོར་ལ་མདངས་གསལ་བ་ཞིག་ཡིན། ལོ་ཟླས་ཁོའི་གདོང་ལ་རྒས་གཉེར་གྱི་རི་མོ་ཉུང་ཙམ་ཕབ་ཡོད་མོད། འོན་ཀྱང་ནག་ཅིང་འོད་འཁྱུག་པའི་སྐྲ་ལོ་དེ་ལོ་ཟླ་ཡི་འཁོར་ལོས་མ་ཐུབ་པར་དཀར་པོར་གྱུར་མེད། ཁྲ་ཆུང་མིག་ཟུང་དུས་ནམ་ཡང་བྱམས་བརྩེའི་མདངས་ཀྱིས་ཁེངས་ཡོད་པ་དེ་ནི་ངའི་སྐད་ཡིག་དགེ་རྒན་ནོ། །
        དགེ་རྒན་གྱིས་སློབ་ཁྲིད་བྱས་པ་ཧ་ཅང་བཟང་ལ་གསོན་ཉམས་ལྡན་ཞིང་སྤྲོ་སྣང་ལྡན་པའི་འགྲེལ་བཤད་ཀྱིས་རྒྱུན་དུ་ང་ཚོའི་ཡིད་དབང་འཕྲོག་པ་མ་ཟད། སློབ་ཚན་དང་འབྲེལ་བ་ཟབ་པའི་གཏམ་རྒྱུད་སྣ་ཚོགས་ཀྱིས་སློབ་སྦྱོང་ལ་དེ་ལས་ལྷག་པའི་སྤྲོ་སྣང་སྦྱིན། དགེ་རྒན་གྱིས་ད་དུང་ང་ཚོར་ཚིག་ཡག་པོ་བསྡུ་གསོག་བྱེད་དུ་བཅུག་ཏེ་ང་ཚོས་རྩོམ་ཡིག་གི་ཆུ་ཚད་མཐོར་འདེགས་འབྱུང་བར་འབད་པ་བྱོས།
        ཐེངས་ཤིག་ལ་ང་ལད་ཟློས་ཁྲོམ་རའི་འགྲན་བསྡུར་ནང་ཞུགས་པ་དང་དགེ་རྒན་གྱི་མཛུབ་ཁྲིད་ཀྱིས་ང་ཚོར་གྲུབ་འབྲས་ཆེན་པོ་ཐོབ་ནས་མང་རྫོང་མི་རིགས་སློབ་འབྲིང་གི་ཚབ་བྱས་ནས་ཁུལ་ཐོག་ལ་འགྲན་སྡུར་བྱེད་དུ་སོང་། འདི་དག་ཚང་མ་ནི་དགེ་རྒན་གྱི་བཀའ་དྲིན་དང་ཁྲིད་སྟོན་ཡིན་ལ་རང་ཉིད་ལ་མཚོན་ན་སློབ་སྦྱོང་གི་གོ་སྐབས་ཡ་མེད་ཅིག་ཡིན། 
        དགེ་རྒན་ལགས། ཁྱེད་ཀྱི་ལྷག་བསམ་སྒྲོན་མེ་ཡི་འོད་ཟེར་གྱིས་ང་ཚོའི་མདུན་ལམ་གསལ་བར་བྱས་ལ། ཁྱེད་ནི་བློ་གྲོས་ཀྱིས་ང་ཚོར་ཤེས་རིག་གི་ཐང་ཆེན་ནས་འབྲས་བུ་ལེན་དུ་བཅུག
        གཞན་ཡང་། ང་ལ་ད་རུང་དགེ་རྒན་ཞིག་ཡོད་པ་ནི། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད། མཐའ་ཡས་བའི་སྤང་ལྗོངས་ཀྱི་གཞི་རུ་བག་ཡངས་ཀྱིས་ཡན་པའི་སྒོ་ཕྱུགས་དཀར་ནག་དང་ཞི་དུལ་གྱིས་འཛུམ་པའི་མེ་ཏོག་སྣ་ཚོགས། ད་དུང་བར་སྣང་ན་ལྷོད་ལྷོད་ཀྱིས་རྒྱུ་བའི་སྤྲིན་པ་དཀར་པོ་དག་གིས་བདག་ལ་རང་བྱུང་ཁམས་ཆེན་མོའི་མ་བཅོས་དག་གཙང་གི་གཤིས་ཀ་ཞིག་བསྩལ་ཡོད་པས། ངས་ལྷད་མེད་རང་བྱུང་གིས་བསྐྲུན་པའི་འབྲོག་ས་ཡངས་པོ་འདི་དྭངས་གཙང་གི་དགེ་རྒན་དུ་མཐོང་གིན་ཡོད། མ་ཟད། ལོ་ལེགས་ཀྱི་རྦ་རླབས་དལ་བུར་གཡོ་བའི་གསེར་མདོག་གི་གཞིས་ཀ་རུ་དཀའ་སྤྱད་ཀྱི་རྔུལ་ཆུས་ལུས་ཕུང་ཡོངས་སུ་བརླན་ཡང་། ད་དུང་དགའ་འབོད་ཀྱི་གླུ་སྐད་མཁའ་རུ་མཆེད་པའི་ཞིང་པ་ཕོ་མོ་དག་གི་དཀའ་སྡུག་དགའ་བར་སྒོམ་པའི་བློ་སྤོབས་ཀྱིས་བདག་ལ་བླ་མེད་ཀྱི་བརྩོན་སེམས་ཤིག་སྦྱིན་ཡོད་པས། ངས་མིག་མངས་ཀྱི་རི་མོས་མཛེས་པའི་ཞིང་ཁམས་འདི་བརྩོན་སེམས་ཀྱི་དགེ་རྒན་དུ་མཐོང་གིན་ཡོད།
༼རྩོམ་པ་པོ་ཆུང་ཆུང་མི་ཕམ་ལྷ་མོ།༽
མཛུབ་སྟོན་དགེ་རྒན་ནི་བན་ཤུལ་གདུགས་དཀར་རྒྱལ་ཡིན།
འབྲེལ་ཡོད་འོས་སྦྱོར།