logo

མང་རྫོང་མི་རིགས་སློབ་འབྲིང་དམའ་གཅིག་འཛིན་གྲྭ་བཅུ་གཅིག་གི་སློབ་མའི་སྦྱངས་རྩོམ། ཁག་གཉིས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-08 ཀློག་གྲངས།:
བདག་གི་དགེ་རྒན།
ལྷ་མཆོག་རྡོ་རྗེ།
        ལོ་ཟླའི་འཁོར་སྐྱོད་ཀྱི་གོམ་འགྲོས་ཁྲོད་དུ་དུས་ཡུན་རིང་པོ་ཞིག་འགོར་སོང་ཡང་། བདག་སེམས་ནས་ནམ་ཡང་བརྗེད་མི་ཐུབ་པ་ནི་ཕ་མ་དང་གཉིས་སུ་མེད་པའི་འཛིན་བདག་གམ་སྐད་ཡིག་དགེ་རྒན་ཀུན་བཟང་སྐྱིད་ལགས་ཡིན། 
        དགེ་རྒན་ཀུན་བཟང་སྐྱིད་ནི་ང་རང་ལོ་རིམ་དང་པོའི་སྐབས་སུ་བདག་གི་སྐད་ཡིག་དགེ་རྒན་ཡིན། ཁོ་མོའི་དབུ་ཡི་སྐྲ་ལོ་སྟུག་ཅིང་རིང་བོ་ཡོད། སྐྱེ་གཟུགས་ཕྲ་ལ་སྐད་ངག་ཀྱང་སྙན་མོ་ཡིན། རྟག་ཏུ་ཁོ་མོའི་གདོང་ལ་བརྩེ་བའི་འཛུམ་གྱིས་ཕྱུག་སྟེ་སྤྲོ་སྣང་གི་རྣམ་པའི་ཁེངས་འདུག། འོན་ཀྱང་། གདུག་རྩུབ་ཆེ་བའི་ལོ་ཟླས་ཁོ་མོའི་གདོང་ལ་རྒས་གཉེར་གྱི་རི་མོ་ཕབ་ཅིང་། ནག་ཅིང་འོད་འཁྱུག་པའི་སྐྲ་ལོ་དེ་བས་ཀྱང་དཀར་པོར་འགྱུར་བཞིན་ཡོད།
        རྒན་ཁོ་མོའི་གཤིས་རྒྱུད་ནི་བལ་ལས་འཇམ་མོད། ཁ་དཔེ་ལ་ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཞེས་པ་ལྟར། གལ་ཏེ་ང་ཚོས་མ་རབས་དང་ཐ་ཤལ་གྱི་བྱ་བའམ་དུས་ལྟར་ལས་བྱ་མ་འགྲུབ་ན། ཁོ་མོ་དེ་མ་ཐག་ཁོང་ཁྲོ་ཆེན་པོ་ལངས་ནས་སྡིགས་མོ་ཡང་ཡང་བྱེད་ལ། ཐ་ན་གཅར་རྡུང་ཀྱང་བྱེད་ངེས། ཡིན་ཡང་། ང་ཚོས་ཁོ་མོས་ནན་ནན་ཏིག་ཏིག་གིས་གནང་བའི་སྐུལ་ལྕག་དང་དྲིན་ཆེན་སློབ་དཔོན་གྱི་ལྷད་མེད་བྱམས་བརྩེ་ཡིད་ལ་བཟུང་ནས་གཅར་རྡུང་བྱས་པ་ལ་སྣང་ཏོག་ཙམ་ཡང་མེད་པར་སེམས་ནས་དོར་ངེས་སོ། །
        ད་ལྟ་ང་རང་བོད་སྐད་ཡིག་གི་ཀློག་ལ་བྱངས་པ་དང་། རྩོམ་ཐུང་ཙམ་རེ་འབྲི་ཤེས་པ་འདི་ནི་རྒན་ཁོ་མིའི་བཀའ་དྲིན་མ་ཡིན་ནམ། ཁོ་མོ་ནི་བདག་ལ་སྐད་ཡིག་དང་རྩོམ་ཡིག་གི་ཤེས་བྱའི་རྨང་གཞི་འདིང་མཁན་ཡིན་པ་མ་ཟད། ངའི་ཡིད་ཀྱི་རྨོངས་བ་སེལ་པའི་ཤེས་རབ་ཀྱི་སྒྲོན་མེ་དེ་ཡིན།   
        མིག་རྡེབ་དབང་ཙམ་གྱིས་བདག་ལོ་རིམ་དྲུག་པར་སླེབས་ལ། སློབ་ཆུང་དང་མཐར་ཕྱིན་ལ་ཉེ་བའི་སྐབས་དེར། བདག་ཆེས་ཁ་བྲལ་མི་འདོད་པ་ནི་བདག་གི་སྐད་ཡིག་དགེ་རྒན་ཡིན། ཁོ་མོ་དང་ང་ཚོ་བར་གྱི་བརྩེ་དུང་ནི་རི་བོ་ལས་དཔངས་མཐོ་ལ་རྒྱ་མཚོ་ལས་གཏིང་ཟབ། བདག་གི་སྙིང་ནས་གཅེས་པའི་དགེ་རྒན་ཀུན་བཟང་སྐྱིད་ལགས། ཁྱེད་ཀྱི་བྱམས་བརྩེ་དང་། སྐུལ་སློང། ལྷག་བསམ། བཀའ་དྲིན་བཅས་ནི་རྡོ་བརྐོས་རི་མོ་བཞིན་ནམ་ཡང་བརྗེད་མི་སྲིད་ལ། ངའི་སློབ་སྦྱོང་གི་ཁ་མིག་ཡར་ལྟ་བྱེད་ས་ཡིན། 
༼རྩོམ་པ་པོ་ཆུང་ཆུང་ལྷ་མཆོག་རྡོ་རྗེ།༽

བདག་གི་བོད་ཡིག་དགེ་རྒན།
གངས་དགའ་རིག་གྲོལ།
        མི་ཚེ་འདིའི་ནང་དུ། བདག་དགེ་རྒན་མང་པོ་ཞིག་ལ་འཕྲད་མྱོང་མོད། འོན་ཀྱང་། དགེ་རྒན་ཚང་མའི་ནང་ནས་བདག་ལ་ཆེས་ཆ་རྒྱུས་ཡོད་པ་ནི། སློབ་ཆུང་ལོ་རིམ་གཉིས་པ་ནས་དྲུག་པའི་བར་གྱི་འཛིན་བདག་སྟེ་བོད་ཡིག་དགེ་རྒན་བཟང་མོ་སྐྱིད་ཡིན།  
        བདག་གི་དགེ་རྒན་བཟང་མོ་སྐྱིད་ནི། སློབ་མ་ཆེ་ཆུང་བཟང་ངན་སུ་ལའང་ཕྱོགས་རིས་མི་བྱེད་པར་འདང་བརྩེ་ཆེ་བའི་དགེ་རྒན་བཟང་མོ་ཞིག་ཡིན་པ་དང་། མོས་རྒྱུན་པར་སློབ་ཁྲིད་བྱེད་དུས་སུ་ནན་ནན་ཏན་ཏན་གྱིས་སློབ་མ་ལ་སློབ་ཁྲིད་དང་ཟུར་ཁྲིད་བྱེད་པ་དང་། ལྷག་པར་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་སློབ་མ་ལ་གཟེངས་བསྟོད་བྱེད་པ་ཡིན། དེ་ནི་ང་ཚོའི་སློབ་འབྲིང་གི་སློབ་ཚན་ཞིག་ཏུ། མི་མཉམ་པ་རྣམས་མཉམ་པ་དང་། མཉམ་པ་རྣམས་ནི་གོང་འཕེལ་དུ་གཏོང་བ་ཞེས་པ་ལས་མ་འདས། ཁོ་མོས་བོད་ཡིག་སློབ་ཁྲིད་སྐབས་སུ་སློབ་མའི་སློབ་སྦྱོང་ལ་དམ་འཛིན་བྱེད་པ་མ་ཟད། ད་དུང་རྩལ་སྦྱོང་དང་ཆ་འཕྲིན་གྱི་སློབ་ཐུན་འགའ་རེ་ལའང་སྐུ་ཚེགས་ལ་མ་འཛེམ་པར་སློབ་སྦྱོང་ལ་ཞན་པའི་སློབ་མ་དག་ལ་ཟུར་ཁྲིད་བྱེད་པ་རེད། དེ་བས། ང་ཚོ་འཛིན་གྲྭའི་བོད་ཡིག་གི་རྒྱུགས་སྐར་ནི་ནམ་ཡིན་ཡང་འཛིན་གྲྭ་གཞན་ལས་མཐོ་བ་ཡིན། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། བོད་ཡིག་དགེ་རྒན་གྱིས་དེ་ལྟར་རང་གི་སློབ་ཁྲིད་ལ་དམ་འཛིན་དང་ང་ཚོ་སློབ་མ་རྣམས་ཀྱི་སློབ་སྦྱོང་ལ་དམ་འཛིན་བྱེད་དོན་ནི། ང་ཚོས་སློབ་འབྲིང་དགའ་ཞིག་གི་ནང་དུ་རྒྱུགས་འཕྲོད་ཆེད་ཀྱང་ཡིན་ཟེར་བས། ང་ཚོ་དང་པོ་ཙ་ན་བ་གླང་དང་འདྲ་བར་རིག་གནས་ཅི་ཡང་མི་ཤེས་པ་དང་། ད་ལྟ་ཅི་ཡང་ཤེས་པ་འདི་ནི་དགེ་རྒན་གྱི་བཀའ་དྲིན་ཡིན་པ་ཤེས་བྱུང་།   
        དགེ་རྒན་ལགས། ང་ཚོས་རང་ཉིད་ལ་བོད་ཡིག་དགེ་རྒན་འདི་འདྲ་ཞིག་ཡོད་པ་དང་། ང་ཚོའི་བོད་ཡིག་གི་རྒྱུགས་འབྲས་འདི་འདྲ་ཞིག་བཟང་བར་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད་པ་མ་ཟད། བདག་གིས་ནམ་ཡང་དེ་ནི་ཁྱོད་ཀྱི་བཀའ་དྲིན་ཡིན་པ་མི་བརྗེད།   
   ༼རྩོམ་པ་པོ་ཆུང་ཆུང་གངས་དགའ་རིག་གྲོལ།༽

ང་ཡི་དགེ་རྒན་དམ་པ།
ཆོས་དབྱིངས་སྒྲོལ་མ།
        འཇིག་རྟེན་ཁམས་ཀྱི་སློབ་མ་ཚང་མར་ང་དང་འདྲ་བར་རང་ཉིད་ཀྱི་སེམས་ཁུངས་སུ་ཆེས་བཟང་ངོ་སྙམ་པའི་དགེ་རྒན་རེ་ཡོད་སྲིད་དེ། ང་ལ་མཚོན་ན་ཆེས་ཁྱད་དུ་འཕགས་པའི་དགེ་རྒན་བཟང་མོ་ཞིག་ཡོད་པ་དེ་ནི་བདག་གི་སློབ་ཆུང་ལོ་དྲུག་རིང་གི་སྐད་ཡིག་དགེ་རྒན་ཡིན་ལ། ང་ཚོ་འཛིན་གྲྭའི་འཛིན་བདག་ཀྱང་ཡིན། མིང་ལ་རྒན་ཀུན་བཟང་སྐྱིད་ཟེར།
        ཁོ་མོའི་དབུ་ཡི་སྐྲ་ལོ་རིང་ཞིང་སྐྱེས་གཟུགས་ཕྲ་ལ། སྐད་ངག་ཀྱང་སྙན་མོ་ཞིག་ཡོད། ནམ་ཡིན་ཡང་གདོང་ལ་རྟག་ཏུ་རེ་བའི་འཛུམ་གིས་ཕྱུག་འདུག འཛུམ་དམུལ་དམུལ་བྱེད་པའི་ཕྱིའི་རྣམ་པ་དེ་ཁོ་ནས་ཀྱང་མི་ལ་བདེ་སྣང་སྟེར་ཐུབ། སྐབས་དེར་ཁོ་མོ་ལོ་སུམ་ཅུ་ཡས་མས་ཡིན་ལ། ལུས་ཟུངས་ཉམས་ནས་ནད་ཀྱིས་གཙེས་བ་དང་འདྲ་མོད། འོན་ཀྱང་། ང་ཚོའི་དུས་རྒྱུན་གྱི་སློབ་ཁྲིད་ཐེངས་གཅིག་ཀྱང་ཆད་ག་ལ་མྱོང་། སློབ་སློང་ལ་ཞན་པའི་སློབ་མར་ལྷག་ཏུ་ཐུགས་ཁུར་དང་སེམས་ཁུར་གང་མང་བྱེད་མཁན་ཞིག་ཡིན། ང་ཚོ། སློབ་མ་དག་གི་ཆེད་ལ་དགུང་མོའི་གཉིད་དང་ཉིན་དཀར་གྱི་ཟས་བཅག་པའང་ཉུང་ཉུང་མིན། མི་འདོད་ནད་ཀྱིས་མནར་བའི་སློབ་མ་སུ་ཡིན་རུང་། རང་གི་དངུལ་གྱིས་དེ་མ་ཐག་དུ་སྨན་པར་སྟོན་སྲིད། དགེ་རྒན་དང་ང་ཚོའི་བར་གྱི་བརྩེ་དུང་ནི་མུ་མཐའ་བྲལ་བའི་ནམ་མཁའ་སྔོན་པོ་བཞིན་ནོ། །
        ཁོ་མོས་ང་ཚོ་ལ་སྐད་ཡིག་གི་བསླབ་གཞི་ལས་གཞན་གླུ་དབྱངས་དང་ཚན་རིག ལུས་རྩལ་སོགས་ཤེས་བྱ་སྣ་མང་ཁྲིད་པས་ཁོ་མོ་ནི་ཤེས་བྱའི་བང་མཛོད་ཅིག་ཡིན། དེར་མ་ཟད་ཁོ་མོ་ནི་ངའི་བློ་ཡིད་ཀྱི་མུན་པ་སེལ་བའི་སྒྲོན་མེ་དང་ཤེས་རིག་གི་རྨང་གཞི་འདིང་མཁན་དྲིན་ཆེན་དེ་ཡིན།
༼རྩོམ་པ་པོ་ཆུང་ཆུང་ཆོས་དབྱིངས་སྒྲོལ་མ།༽

བདག་གི་དགེ་རྒན།
བཀྲ་ཤིས་རྡོ་རྗེ།
        དགེ་རྒན་ནི་རྟ་བདུན་དབང་བོ་ཞིག་སྟེ། ཁོང་གི་བྱམས་བརྩེ་ཡིས་གཏི་མུག་གི་མུན་པ་སེལ་ཐུབ། དགེ་རྒན་ནི་རོལ་དབྱངས་སྙན་མོ་ཞིག་སྟེ། ཁོང་གི་གསུང་སྐད་ཀྱི་གདངས་དབྱངས་རེ་རེས་བློ་གྲོས་ཀྱི་སྟོབས་ཤུགས་སྤེལ་ཐུབ། དགེ་རྒན་ནི་བསིལ་རླུང་འཇམ་པོ་སྟེ། ཁོང་གི་བྱམས་བརྩེ་ཡིས་ཚ་བའི་གདུང་བ་སེལ་ཐུབ། དེ་བས་དགེ་རྒན་གྱི་ལུས་ཕུང་ནི་བྱམས་བརྩེ་དང་གཞན་ཕན་ཁོ་ན་ལས་གྲུབ་ཡོད།
        ང་རང་ནི་ལོ་ཆུང་གི་བྱིས་པ་ཡིན་དུས་ནས་དགེ་རྒན་མང་པོ་བརྒྱུད་དེ་སློབ་གྲྭ་མང་པོ་འགྲིམས་པ་ཡིན། ཆེས་ཐོག་མའི་ང་ནི་བླང་དོར་གྱི་གནས་ལུགས་མི་ཤེས་ཤིང་། བུ་ཡུག་གི་ཁྲོད་ན་ཁ་ཕྱོགས་ནོར་བའི་ལུ་གུ་ཞིག་དང་འདྲ། དགེ་རྒན་གྱི་བཀའ་དྲིན་མི་རྟོགས་པའི་སློབ་བུ་ཐ་ཤལ་ཞིག་ཡིན། དགེ་རྒན་གྱིས་གཅར་རྡུང་དང་སྡིགས་མོ་བྱེད་དུས། འཛམ་གླིང་གི་ཆེས་བྱམས་དང་སྙིང་རྗེ་བྲལ་བའི་གཤིན་རྗེ་ནི་དགེ་རྒན་ཡིན་པར་འདོད་པ་ཡིན།
        ད་ལྟ་རང་གི་སློབ་ཆུང་སྐབས་ཀྱི་འཚོ་བ་ལ་ཕྱིར་དྲན་རེ་བྱས་ཚེ། སྙིང་རྗེ་དང་བྲལ་བའི་ནམ་ཟླ་དགུན་དུས་ཤིག་ལ། སློབ་གྲྭའི་མལ་ཁང་དུ་ད་ལྟ་དང་འདྲ་བའི་དྲོད་རླངས་སོགས་ཅི་ཡང་མེད་སྟབས་གྲང་ངར་ཧ་ཅང་ཆེ་བས། འཛིན་བདག་དགེ་རྒན་གྱིས་དགོང་ཟས་ཟོས་རྗེས། ང་རང་ཉལ་ཁང་དུ་ཁྲིད་ནས་ཉལ་དུ་འཇུག་པ་རེད། ཡིན་ན་འང་། ང་རང་ཉལ་ཡོད་ཀྱང་གཉིད་མི་ཁུག་པར་མ་ཟད། ངའི་རྣ་ལམ་དུ་ཉལ་ཁང་གི་བར་ཁྱམས་སུ་སློབ་མ་མང་པོ་ཞིག་གིས་རྩེད་མོ་རྩེ་བའི་སྒྲ་ཐོས། ང་རང་ཡང་དེ་ལ་འགྲོ་ན་འདོད། ངའི་རྣམ་ཤེས་ཀྱང་རྟ་ཕོ་སྲབ་མེད་ཅིག་དང་འདྲ་བར་སློབ་གྲོགས་ཚོ་ཡོད་སའི་ཁང་བའི་སྒོ་ཁར་རྒྱུག་འགྲོ། འཛིན་བདག་དགེ་རྒན་གྱིས་ང་རང་སྡོད་མི་ཚུགས་པའི་རྣམ་འགྱུར་དེ་མཐོང་བས། ང་ལ་ད་ལྟ་ནམ་ཟླ་ཧ་ཅང་འཁྱག་པས། ཁྱོད་ལྟ་བའི་བྱིས་པ་ལོ་ཆུང་ཞིག་སྒོ་ཕྱི་རུ་འགྲོ་མི་ཉན་ཟེར། དེ་བས་ངས་ཀྱང་དགེ་རྒན་གྱི་ཁ་ལ་ཉན་ནས་དེ་ལ་མ་སོང་། དགེ་རྒན་གྱིས་ང་ལ་གཏམ་རྒྱུད་ཅིག་བཤད། གཏམ་རྒྱུད་དེའི་ནང་དོན་ནི་མོ་ལོ་ན་ཆུང་བའི་སྐབས་དུས་ཀྱི་དཀའ་སྡུག་གི་དོན་དག་ཅིག་རེད། གཏམ་རྒྱུད་དེའི་གནས་ལུགས་ཀྱང་ངས་གསལ་བོར་གོ་སོང་། དགེ་རྒན་དེ་ནི་ནམ་རྒྱུན་ཀུ་རེ་རྩེ་བ་དང་སྤྲོ་དགས་ཁེངས་པའི་དགེ་རྒན་ཞིག་ཡིན།
        དགེ་རྒན་ལགས། ཁྱེད་ཀྱི་བྱམས་བརྩེའི་འོད་ཀྱི་ཐིག་ལེ་རེ་རེས་ངཚོའི་རྨོངས་པའི་མུན་པ་སེལ་ཐུབ་ལ། བློ་གྲོས་ཀྱི་སྒོ་མོ་འབྱེད་ཐུབ། ངས་ཅི་ནས་ཀྱང་ཁྱེད་ལ་བཀའ་དྲིན་ཞུའོ། །
༼རྩོམ་པ་པོ་ཆུང་ཆུང་བཀྲ་ཤིས་རྡོ་རྗེ།༽

ཨ་མའི་བྱམས་བརྩེ།
འཕགས་པ་ཚེ་རིང་།
        ང་རང་ནི་འབའ་འབའ་ལུ་གུ་དང་ཆབས་ཅིག་ཏུ་ནར་སོན་པའི་བྱིས་པ་ཆུང་ཆུང་ཞིག་ཡིན། ངའི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་ཨ་མའི་བདག་ལ་བཅངས་བའི་བྱམས་བརྩེ་ཡིན། 
        ད་ལོའི་དབྱར་གནང་གི་སྐབས་ཀྱི་ཉིན་ཞིག་གི་ཞོགས་པར། གནམ་ངོ་དྭངས་ཤིང་སྤྲིན་མཐེ་བོང་ཙམ་ཡང་མེད། བདག་གིས་ཕ་མ་གཉིས་ལ་རང་ཉིད་ཕྱུགས་འཚོ་བར་འགྲོ་རྒྱུའི་རེ་བ་བཤད་དེ། མཛེས་སྡུག་གི་སྤང་ཐང་ལ་ཁམས་གཡེང་དུ་ཆས་པར་བརྩམས། སྐབས་དེར་ཨ་མས་ཆར་ལྭ་ཞིག་ཁྱེར་འོངས་ནས་བདག་ལ་སྤྲད་མོད། འོན་ཀྱང་། ངས་དེ་རིང་གི་གནམ་ངོ་འདི་འདྲ་དྭངས་པས། ཆར་ཞིག་འབབ་རྒྱུ་གང་ན་ཡོད་སྙམ་ནས་ཨ་མའི་སྐད་ཆ་སྣང་མེད་དུ་བཞག་སྟེ་ཆར་ལྭ་གཏན་ནས་མ་ཁྱེར། ལུག་ཁྱུ་སྤང་ཐང་དུ་བཀྲམ་ནས་ཡོད་པའི་སྐབས་དེར། གློ་བུར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཏེ་བསམ་དབང་དྲན་དབང་མེད་པར་ཆར་བ་ཤག་ཤག་ཏུ་བབས་བྱུང་། སྐབས་དེར་ང་རང་ནི་ཆུ་ཡིས་བྲན་པའི་བྱིའུ་ཞིག་དང་འདྲ་བར་གྲང་འདར་ཞིག་བརྒྱབ་ནས་སྐད་ཆའང་བཤད་མི་ཐུབ་པར་གྱུར། 
        ཆར་བའི་འབབ་རྒྱུན་གྱི་ཁྲོད་ནས་གསལ་ལ་མི་གསལ་བའི་གཟུགས་རིས་ཤིག་ངའི་ཕྱོགས་སུ་འོང་བཞིན་མཐོང་བས། སེམས་ལ་སྤྲོ་བ་ཞིག་སྐྱེས་ནའང་ཨ་མ་ཡིན་པ་གཏན་ནས་མ་འདོད། ཨ་མས་ཆར་ལྭ་ཞིག་བཟུང་ནས་རྩུབ་ལ་སླེབས་པར་ངའི་སེམས་ལ་དེ་བས་ཀྱང་དགའ་བ་ཞིག་སྐྱེས་བྱུང་། ཕྱི་ཉིན་བདག་ལ་ཆམ་ནད་བྱུང་སྟེ་ཉིན་ཞག་དུ་མའི་རིང་ཟ་མ་ཁམ་གང་ཡང་ཟ་མི་ཐུབ་པར་གྱུར། 
        ང་རང་ལ་ཆམ་ནད་བྱུང་བས་ཨ་མ་དུས་ཚོད་སྐར་ཆ་གཅིག་ལའང་ང་དང་འབྲལ་མི་ཕོད་པར་སྦྱོར་བ་སྨན་དང་བྱམས་པའི་སེམས་ཀྱིས་ང་ལ་གཉོར་སྐྱོང་གང་ལེགས་བྱས། དེ་ནས་ཉིན་འགའ་འགོར་རྗེས་ངའི་ཆམ་ནད་ཀྱང་རིམ་གྱིས་སངས་དྲག་ཏུ་སོང་། 
        འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་ལ་ཆེས་བརྗེད་བར་དཀའ་བའང་ཨ་མའི་དྲིན་ལན་རེད། དེ་བས་ཆུང་ཆུང་བྱིས་པ་ཚང་མས་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་རིག་པའི་ཡོན་ཏན་ལེགས་པར་སྦྱངས་ཏེ་ཕ་མའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུ་ནི་ང་ཚོས་དྲིན་ཆེན་གྱི་ཕ་མ་ཀུན་ལ་འཇལ་བའི་དྲིན་ལན་ཡིན་ལ། ཕ་མའི་བྱམས་བརྩེ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ། །
༼རྩོམ་པ་པོ་ཆུང་ཆུང་འཕགས་པ་ཚེ་རིང་།༽
མཛུབ་སྟོན་དགེ་རྒན་ནི་བན་ཤུལ་གདུགས་དཀར་རྒྱལ་ཡིན།
འབྲེལ་ཡོད་འོས་སྦྱོར།