logo

མང་རྫོང་མི་རིགས་སློབ་འབྲིང་དམའ་གཅིག་འཛིན་གྲྭ་བཅུ་གཅིག་གི་སློབ་མའི་སྦྱངས་རྩོམ། ཁག་གསུམ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-09 ཀློག་གྲངས།:
ང་ཡི་དགེ་རྒན།
འཇིགས་བྱེད་མཚོ།
        དུས་ཚོད་ནི་ཆུ་རྒྱུན་བཞིན་བར་མེད་མདུན་དུ་རྒྱུག་པ་ལས་ཕྱིར་ལྡོག་པའི་སྐལ་བ་ནམ་ཡང་ཡོད་མི་སྲིད་པས། ང་ཡང་མིག་རྡེབ་ཙམ་གྱིས་ལོ་རིམ་བདུན་པའི་སློབ་མ་ཞིག་ཏུ་གྱུར། ད་ལྟའི་བར་དུ་དགེ་རྒན་མང་པོ་ཞིག་ལ་འཕྲད་མྱོང་མོད། འོན་ཀྱང་། ང་རང་ཆེས་དགའ་ཞིང་བག་ཆགས་ཟབ་པ་ནི། གཤིས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་ང་ཚོའི་སྐད་ཡིག་དགེ་རྒན་ཀུན་བཟང་སྐྱིད་ཡིན།
        ཁོ་མོ་ནི་བདག་གི་ལོ་དྲུག་རིང་གི་སྐད་ཡིག་དགེ་རྒན་ཡིན་ལ་ང་ཚོ་འཛིན་གྲྭའི་འཛིན་བདག་ཀྱང་ཡིན། ད་ལྟ་ཕལ་ཆེར་དགུང་ལོ་ཞེ་དགུ་ཡས་མས་ཡིན། ཁོ་མོའི་གདོང་ནི་སྐྱ་ཞིང་སྨུག་པའི་མདངས་རྒྱས་པ་ཞིག་ཡིན། གདུག་རྩུབ་ཆེ་བའི་ལོ་ཟླས་ཁོ་མོས་གདོང་ལ་རྒས་གཉེར་གྱི་རི་མོ་ཕབ་ཡོད་ལ། རྒས་གཉེར་རེ་རེའི་ནང་ང་ཚོར་བཅིངས་པའི་བརྩེ་སེམས་རེ་རེ་ཡོད། ནག་ཅིང་འོད་འཁྱུག་པའི་སྐྲ་ལོ་དེའང་ལོ་ཟླ་ཡི་འཁོར་སྐྱོད་དང་བསྟུན་ནས་ཡུན་གྱིས་དཀར་པོར་འགྱུར་བཞིན་ཡོད། གསལ་ཞིང་རྣོ་བའི་རྣ་བ་དེ་ནི་ཅོར་སེ་ཡོད་པས་སློབ་ཁྲིད་སྐབས་སློབ་མ་ཚོས་ཤབ་ཤུབ་ཀྱི་སྐད་ཆ་ཅི་བཤད་ཡང་འཆོར་དུ་མི་འཇུག བྱ་གླག་གི་གཤོག་པ་བརྐྱངས་འདྲའི་སྨིན་མའི་འོག་གི་ཁྲ་ཆུང་མིག་ཟུང་དེར་ནམ་ཡང་བྱམས་བརྩེའི་མདངས་ཤིག་ཤར་ཡོད། བདག་གི་མིག་ལམ་དུ་དགེ་རྒན་གྱི་ཞལ་རས་ནི་བཅོ་ལྔའི་དུང་ཟླ་ལས་མཛེས་ཞིང་སྐུ་གཟུགས་ནི་སྨྱུག་མ་ཚུགས་དྲུག་ལས་ཀྱང་དྲང་བ་ཞིག་རེད། 
        ཁོ་མོས་དུས་ཚོད་སྐར་མ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་གྲོན་ཆུང་བྱེད་ལ། རྒྱུན་པར་དགེ་རྒན་ཚང་མ་ངལ་གསོ་སྐབས་སུ་ཁོ་མོ་སློབ་ཁང་དུ་ཡོང་ནས་ང་ཚོར་སློབ་ཕྱིའི་དཔེ་ཆ་སྣ་ཚོགས་ལ་བལྟ་རུ་བཅུག་ནས་མི་ཤེས་པ་འགྲེལ་བཤད་བྱེད་པ་སོགས་བྱས་ཏེ་ང་ཚོར་ཤེས་རིག་གི་འོད་སྣང་སྦྱིན། 
        དགེ་རྒན་གྱི་གཤིས་རྒྱུད་ནི་བལ་ལས་འཇམ་ན་ཡང་། “ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།”ཞེས་པའི་དཔེ་ལྟར་ཡིན་ཏེ། གལ་ཏེ་ང་ཚོའི་ཡང་དང་ཡང་དུ་དགེ་རྒན་གྱིས་བཞག་པའི་ལས་བྱ་མ་བསྒྲུབས་པའམ་བྱ་ངན་སྤེལ་ན། ཁོ་མོ་དེ་མུར་དུ་ཁོང་ཁྲོ་ཆེན་པོ་ལངས་ནས་སྡིགས་མོ་ཡང་བྱས་མྱོང་། ཟླ་རྒྱུགས་ལེན་པའི་སྐབས་ཤིག་ལ། བོད་ཡིག་དགེ་རྒན་གྱི་ཕྱག་ཏུ་རྒྱུགས་ཤོག་བསྣམས་ནས་སློབ་ཁང་ནང་དུ་སླེབས་མ་ཐག་ང་ཚོ་ལ་རྒྱུགས་ཤོག་གནང་། ཅུང་ཙམ་འགོར་རྗེས་དགེ་རྒན་གྱི་ང་ཚོ་ལ“རྒྱུགས་འབྲས་ནི་ཁྱོད་ཚོས་སྦྱངས་པའི་ཤེས་བྱར་ཚད་འཇལ་བྱེད་ཀྱི་རྒྱ་མ་ལྟ་བུ་ཡིན་པས། རྐུ་འབྲི་མ་བྱེད། རྐུ་འབྲི་བྱས་ཏེ་ཐོབ་པའི་འབྲས་བུས་ཁྱོད་ཀྱི་མ་འོངས་པའི་མདུན་ལམ་ལ་རོགས་རམ་སྤུ་ཙམ་ཡང་བྱེད་མི་ཐུབ་པར་མ་ཟད། ད་དུང་ཁྱོད་ཀྱི་སློབ་སྦྱོང་ལ་གནོད་པ་ཆེན་པོ་ཡོད།”ཅེས་ང་ཚོར་དུས་རྒྱུན་ནན་གྱིས་སྐུལ། 
        བདག་གིས་དགེ་རྒན་གྱིས་གསུང་བའི་བསླབ་བྱ་དག་དུས་རྒྱུན་ཕྱིར་དྲན་བྱེད་བཞིན། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་རང་ལ་དགོས་པའི་ཡོན་ཏན་དག་ཉི་མ་རེ་ལ་ཚིག་རེ་བཟུང་བ་ཡིན་ནོ། །
༼རྩོམ་པ་པོ་ཆུང་ཆུང་འཇིགས་བྱེད་མཚོ།༽

ངའི་ཕུགས་བསམ།
ཕག་མོ་བདེ་སྐྱིད།
        ཨ་ཕས་དུས་རྒྱུན་དུ་བདག་ལ་“གཅེས་ཕྲུག་མ། རང་གིས་རང་གི་རླབས་ཆེན་གྱི་ཕུགས་བསམ་དེ་མངོན་འགྱུར་བྱེད་འདོད་ན། ངེས་པར་དུ་ཆུང་དུས་ནས་སློབ་ལ་བརྩོན་དགོས།”ཞེས་ཁ་ཏ་སློབ་གསོ་གཏོང་། མི་ཚང་མ་ལ་ཕུགས་བསམ་རེ་ཡོད། འོ་ན། བདག་གི་ཕུགས་བསམ་ནི་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན། 
        བདག་སློབ་ཆུང་ལོ་རིམ་བཞི་བ་འགྲིམ་དུས། དགེ་རྒན་བཟང་བོ་ཞིག་ལ་འཕྲད་མྱོང་། དགེ་རྒན་དེ་ནི་བདག་གི་སྐད་ཡིག་དགེ་རྒན་དང་འཛིན་བདག་ཡིན། ཁོ་མོས་མ་ཁྲིད་པའི་སྔོན་ལ། ངེད་འཛིན་གྲྭ་ནི་སྐད་ཡིག་ལ་ཧ་ཅང་ཞན། ཁོ་མོས་སློབ་ཁྲིད་བྱས་པ་ནས་བཟུང་། ང་ཚོ་འཛིན་གྲྭ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་བ་དང་རྒྱུགས་བླངས་ན་ཨང་དང་པོ་ཤོར་རྒྱུ་མེད་པ་ཞིག་ཏུ་གྱུར། སྐད་ཡིག་དགེ་རྒན་གཞན་རྣམས་ཧ་ལས་ནས་ང་ཚོས་དགེ་རྒན་ལ་“ཁྱོད་ཀྱི་འཛིན་གྲྭ་དེ་སྔོན་ཆད་སྐད་ཡིག་ལ་ཧ་ཅང་ཞན། ཁྱོད་ཀྱིས་ཐབས་གང་བཀོད་པ་ཡིན།”ཞེས་ང་ཚོའི་དགེ་རྒན་ལ་དྲིས་པ་ན་དགེ་རྒན་གྱིས་ལན་མ་བཏབ། ཁོ་མོ་ང་ཚོའི་འཛིན་བདག་ཡིན་པས་དེ་འདྲ་བཙན་པོ་ཡིན་རྒྱུ་མེད། ཁོ་མོས་མིག་ཟུང་གིས་ང་ཚོ་སློབ་མ་ལྔ་བཅུ་ལྷག་ལ་ཁ་ཏ་སློབ་གསོ་དང་སློབ་ཁྲིད། སྒྲིག་ལམ་བཅས་མང་པོ་བཤད། མོ་བཙན་ན་ཡང་བདག་གི་སེམས་ནས་མོ་ནི་ཆེས་བཟང་བའི་དགེ་རྒན་ཞིག་ཡིན།
        མོ་ནི་དགེ་རྒན་སེམས་བཟང་ཞིག་དང་དགེ་རྒན་རླབས་ཆེན་ཞིག་ཡིན་པས། ངས་ནམ་ཡང་མོ་བརྗེད་མི་རུང་། བདག་གིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པར་དགེ་རྒན་ཁོ་མོ་དང་འདྲ་བ་ཞིག་བྱེད་རྒྱུ་ཡིན།
༼རྩོམ་པ་པོ་ཆུང་ཆུང་འཕག་མོ་བདེ་སྐྱིད།༽

ང་ཡི་དགེ་རྒན།
བསམ་འགྲུབ་མཚོ།
        ད་ལྟའི་བར་དུ་དགེ་རྒན་མང་པོར་འཕྲད་མོད། ང་ལ་ཆེས་བག་ཆགས་དང་ཤུས་རྐྱེན་ཐེབས་པ་ནི། ད་ལྟ་དམའ་འབྲིང་གི་སྐད་ཡིག་དགེ་རྒན་གདུགས་དཀར་རྒྱལ་ཡིན། 
        ངའི་སྐད་ཡིག་དགེ་རྒན་གཟུགས་ཐུང་ཞིང་བལྟས་ཚོད་ཀྱིས་མི་རྒྱགས་པ་ཞིག་ཡིན། མགོ་བོ་ཅུང་ཙམ་ཆེ་ཞིང་མིག་ཤེལ་ཅིག་ནམ་རྒྱུན་གདོང་ལ་གོན་ནས་ཡོད། མིག་ལས་ནམ་རྒྱུན་འཚོལ་བཞིན་པ་ནི། སྒོ་སམ་ངོས་ཀྱི་དབྱངས་གསལ་དང་སློབ་ཁང་ནང་གི་ང་ཚོ་ཡིན།
        ཐོག་མར་དམའ་རིམ་སློབ་འབྲིང་གི་སྒོ་ཐེམ་བརྒལ་མ་ཐག གནས་འདིའི་དགེ་རྒན་དང་སློབ་མ། མདོར་ན། ཁོར་ཡུག་སོགས་ཡོད་ཚད་ལ་ཆ་རྒྱུས་མེད་པ་ཞིག་རེད། དུས་ཅུང་ཙམ་ཕྱིན་པ་ན། ཡུལ་འདིའི་སློབ་གྲོགས་དང་བརྩེ་བ། ཁོར་ཡུག་སོགས་ཀྱིས་ངའི་དམའ་འབྲིང་གི་འཚོ་བར། དུས་ཚིགས་ཀྱི་སྟོན་ལོ་ཐོར་བ་ལྟ་བུའི་མཛེས་སྡུག་དང་འཆར་ཡན་གྱི་ལོ་ཟླ་ཞིག་གནང་སོང་།
        ཆ་མེད་ཀྱི་སློབ་འགོ་ཚུགས་པའི་དགོང་ཚོགས་ཤིག་ལ། ང་ཚོའི་ལྷིང་འཇགས་ཀྱི་འཛིན་གྲྭའི་ནང་། གློ་བུར་དགེ་རྒན་ཞིག་ཐོན། ཁོང་གཟུགས་གཞི་ཐུང་ཞིང་མིག་ཤེལ་མནབས་པ་ཞིག་རེད། ཁོང་གིས་ལག་ཏུ་ཚགས་པར་མང་བོ་ཞིག་བཟུང་ཞིང་། མཚམས་སྦྱོར་བྱ་ཞོར་ང་ཚོ་ལ་ཚགས་པར་རེ་རེ་བྱིན་སོང་། ང་ཚོར་རྩོམ་ཡིག“བདག་གི་ཕུགས་བསམ”ཞེས་པ་དེ་ཀློག་ཏུ་བཅུག ངས་སྐར་མ་གསུམ་གྱི་ནང་དུ་བཀླགས་ཚར།  སློབ་གྲོགས་རྣམས་ཀྱིས་ཀྱང་བཀླགས་ཚར་སོང་། ང་ཚོས་དགའ་བསུ་དང་ལྷན་དུ་ཕན་ཚུན་ངོ་ཤེས་པ་ཡིན། སྤྲོ་སྣང་ལྡན་པའི་དགོང་ཚོགས་དེ་སྐར་ཆ་རེ་རེས་ཕར་བསྐྱལ་བ་རེད་ཨང་།
       ཡང་ཉིན་ཞིག་ལ། སྐད་ཡིག་སློབ་ཁྲིད་སྐབས་སུ་ངའི་རྣམ་ཤེས་ཕྱི་རོལ་ཏུ་གཡེང་ནས་སློབ་ཁྲིད་ཚན་པ་ཞིག་ལ་ཉན་མ་ཐུབ། གློ་བུར་དུ་ང་ལ་མི་ཞིག་གིས་སློབ་ཁྲིད་ལ་ནན་ཏན་གྱིས་ཉོན་ཞེས་སྐད་ཆ་ཞིག་སྨྲས་སོང་། ངས་ཀྱང་བློ་རིག་བསྒྲིམས་ཞོར་དགེ་རྒན་ལ་བལྟས་པ་ན། སྐད་ཡིག་དགེ་རྒན་གྱི་བྱམས་བརྩེ་ལྡན་པའི་མིག་ཟུང་གིས་ང་ལ་བལྟས་འདུག ངའི་བསམ་པར་དགེ་རྒན་གྱིས་སྐྱོན་བརྗོད་བྱས་ཡོང་སྙམ་མོད། དགེ་རྒན་གྱིས་ང་ཚོར་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་ན་འབྲས་བུ་ཡག་པོ་ཐོབ་ཞེས་བཤད་སོང་། 
       དེ་ནས་བཟུང་། ངས་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་རྒྱུར་རང་ལ་ཁས་བླངས་པ་ཡིན། དངོས་གནས། དགེ་རྒན་བཟང་པོ་ཞིག་ལ་འཕྲད་པ་ནི་རང་གི་བསོད་ནམས་རེད། དགེ་རྒན་བྱམས་བརྩེ་ལྡན་པ་ཞིག་གི་སློབ་མར་གྱུར་བ་ཡང་ངའི་ཚོགས་བསགས་རེད། དེའི་ཕྱིར་ན། ངས་ཀྱང་སྐད་ཡིག་ལེགས་པོ་ཞིག་སྦྱངས་ནས་རང་གི་རྨི་ལམ་འཚོལ་འདོད་ཡོད། རང་གི་ལམ་བུ་འཚོལ་འདོད་ཡོད།
༼རྩོམ་པ་པོ་ཆུང་ཆུང་བསམ་འགྲུབ་མཚོ།༽

ཨ་མ་ལགས།
སྒྲོལ་མ་མཚོ།
ངའི་དྲིན་ཆེན་ཨ་མ་ལགས
ཁྱོད་ནི་ངའི་སེམས་ནང་གི་ནམ་མཁའི་ནོར་བུ་ཡིན
ས་ཁར་བུད་པའི་མྱུ་གུ་ཆུང་ཆུང་ང་རང
ཁྱོད་ཀྱི་དྲོད་སྐྱིད་འོག་འཚར་ལོངས་ཀྱི་ལོ་འདབ་རྒྱས་

ཨ་མ་ལགས ངའི་དྲིན་ཆེན་མ་ལོ
ཁྱོད་ནི་ངའི་འཚོ་བའི་ཁྲོད་ཀྱི་དགེ་རྒན་ཆེན་མོ་དེ་ཡིན
ཁྱོད་ཀྱི་བསླབ་བྱ་དྲང་གཏམ་དེ་དག 
ངའི་སེམས་ནས་རྡོ་ལ་རི་མོ་ལྟར་བྲིས་པ་ཡིན

ཨ་མ་ལགས  ངའི་དྲིན་ཆེན་མ་ལོ
ཁྱེད་ནི་ངའི་འཚོ་བའི་ཕྱོགས་སྟོན་འཁོར་ལོ་དེ་ཡིན
ཁྱོད་ཀྱི་བསམ་པའི་སྣེ་ཁྲིད་འོག
ངའི་འཚོ་བ་ནི་ནམ་ཡང་བདེ་སྐྱིད་ལྡན་པ་ཞིག་ཡིན

ཨ་མ་ལགས  ངའི་དྲིན་ཆེན་མ་ལོ
མ་གཞི་ད་ལྟ་ཁྱོད་རང་ལོ་ན་རྒས་ཡོད་ཀྱང
ངའི་སེམས་ནང་ནས
ཁྱོད་ཀྱི་ཞལ་རས་ནི་མེ་ཏོག་པདྨ་ལས་མཛེས
ཁྱོད་ཀྱི་འཛུམ་མདངས་ནི
ཉི་ཟེར་ལས་ཀྱང་བཀྲག་མདང་ཆེ
ཨ་མ་ལགས  ངའི་དྲིན་ཆེན་མ་ལོ
༼རྩོམ་པ་པོ་ཆུང་ཆུང་སྒྲོལ་མ་མཚོ།༽
མཛུབ་སྟོན་དགེ་རྒན་ནི་བན་ཤུལ་གདུགས་དཀར་རྒྱལ་ཡིན།
འབྲེལ་ཡོད་འོས་སྦྱོར།