logo

མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མའི་སྦྱངས་རྩོམ་ཆེད་བཀོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-15 ཀློག་གྲངས།:
ཨ་མ།
ཀླུ་མོ་འཚོ།
        དཀར་ཤ་དམར་མདངས་རྒྱས་ཤིང་ཟླ་བའི་མདངས་ལ་འཁུ་བའི་ངོ་གདོང་ནི་གསར་དུ་བཞད་པའི་མེ་ཏོག་པད་མ་ཞིག་དང་མཚུངས་ལ། ཕྲ་ཞིང་རིང་བའི་སྨིན་མའི་འོག་གི་ཁྲ་ཆུང་མིག་གཉིས་ནི་གར་དུ་རྩེན་པའི་སྦྲང་མ་གཉིས་དང་འདྲ་བར་ཀེམ་ཀེམ་དུ་གཡོ། དེ་མིན་ཕྲ་སྦོམ་རན་ཞིང་གཟེངས་མཐོ་བའི་སྣ་དང་དེའི་འོག་གི་འཛུམ་ལ་ཁད་གྱི་མཆུ་སྒྲོས་ནི་མེ་ཏོག་གི་གང་བུ་ཞིག་དང་ཨ་ན་མ་ན་རེད། ནག་ཐིང་ཐིང་གི་སྐྲ་ལོ་འོད་ཀྲིག་ཀྲིག་བྱེད་ལ། ཕར་འགྲོ་ཚུར་འོང་བྱེད་དུས་རྒྱ་ལྕང་གི་ལོ་འདབ་ཕར་གཡོ་ཚུར་གཡོ་བྱེད་པ་དང་གཉིས་སུ་མ་མཆིས་བར་ལུས་སྐྱེས་གཟུགས་སྨྱུག་མའི་མདའ་ལྟར་དྲང་བ་ནི་ཁོ་མོའི་རང་ལོ་ཉི་ཤུའི་ལང་ཚོ་མ་ཡིན་ནམ།
        རེད་ཡ། ངའི་ཚེ་སྲོག་དམར་པོ་མི་ཡུལ་དུ་སླེབས་པའི་སྐད་ཅིག་མ་དེར། “ཨ”ཞེས་ཨག་སྐད་མཚམས་ནས་མཚམས་སུ་མཆེད་དེ། ངེད་གཉིས་ཀྱི་མཇལ་འཕྲད་རྟགས་དང་རྟེན་འབྲེལ་གྱིས་བསྒྲིགས་ཤིང་། “ལོ་ལོ་མ་ངུ་གཉིད་ལ་སྡོད། །ནམ་མཁའི་སྐར་མ་འཛིན་ན་སྟེར། །ས་ཡི་མེ་ཏོག་འབལ་ལ་སྟེར། །”བའི་ཨ་མའི་གཉིད་གླུ་སྙན་མོ་དབྱངས་ལ་འགུག་པ་དང་། ཡང“ཨ་ཁུ་རྒྱལ་བོ་ཚང་གི་ཁང་ཐོག་ན་གྲོ་འབྲུ་ནས་འབྲུ་ཐ་ར་ར། །”སོགས། བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་ནས་མགོ་བརྩམས་ཏེ། ཕོ་རོག་ཤ་མདོག་འདྲ་བའི་གུག་གུ་དང། ཉ་མོ་ལྕགས་ཀྱུ་ལྟ་བུའི་ཞབས་ཀྱུ། སྤང་ལ་མདའ་མོ་འཛེར་འདྲའི་འགྲེང་བུ། ཐང་དཀར་གཤོག་པ་བརྐྱངས་འདྲའི་ན་རོ་ལ་འཇུས་པའི་གདུལ་བྱ་ནས་བཟུང་། ང་རང་ཁྱེད་ཀྱི་སྒྱུ་རྩལ་རིག་པའི་དོ་ར་ནས་ཁོ་ལག་རྒྱས་ཤིང་ལུས་དང་གྲིབ་མ་བཞིན་མཉམ་འགྲོ་མཉམ་འདུག་གིས་འཚར་ལོངས་བྱུང་བ་ཡིན།
        བརྩེ་དུང་གི་མེ་ཏོག་བཞད་ཅིང་སྙིང་གཏམ་གྱི་འདོད་པ་གཞས་སུ་འགུགས་པའི་ན་གཞོན་སོ་དཀར་གྱི་དུས་དང་། མ་ཎི་ཡིག་དྲུག་གི་དབྱངས་རྟ་ངག་ལ་ཟློ་བའི་མི་ཚེ་རིང་མོའི་ཁྲོད་དུ། ཨ་མ་ལགས། ཁྱེད་ནི་ངའི་རྩེད་རོགས་དང་སྐྱོ་རོགས། ཐ་ན་ཚེ་འདིའི་སྐྱབས་ཀྱི་དྭངས་མ་ཡིན་པས། ང་ཚོའི་ཤ་ཁྲག་གི་འབྲེལ་བ་གཅིག་ལ་འདྲེས་ཤིང་། ང་ཚོའི་འདུན་པ་ནམ་ཡང་དམིགས་འབེན་ཕྱོགས་གཅིག་ཏུ་འཁོར་ཡོད།
        ཨ་མའི་བྱམས་བརྩེ་ནི་མུ་མཐའ་མེད་པའི་རྒྱ་མཚོ་དང་དྭངས་ཤིང་གཙང་བའི་རྫ་ཆུ། ལྷུང་ལྷུང་འབབ་པའི་གཙང་བོ་ཞིག་ཡིན་ལ། མཚན་གྱི་འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱུ་སྐར་རྒྱལ་བོ་དང་ཉིན་གྱི་སྔོ་སངས་གཡུ་མདོག་འཛིན་ཤིང་བཻཌཱུརྱ་མེ་ལོང་ལེན་བརྒྱར་ཕྱིས་པ་ཇི་བཞིན་དྲི་མས་མ་གོས་པར་དྭངས་ཤིང་གཡའ་དག་པའི་དགུང་ཨ་སྔོན་མཐོན་པོའི་འོད་སྟོང་འགྱེད་པའི་རྟ་བདུན་དབང་བོ་ཡིན། ཉིན་མཚན་དབྱེར་མེད་དུ་རང་སེམས་འཁྱགས་རོམ་ཞུ་བའི་བསྐལ་བའི་མེ་དཔུང་ཞིག་དང་གཉིས་སུ་མ་མཆིས།
        སྤྱིར་རྒྱུགས་ལེན་པའི་སྐབས་སུ་ང་ཚོ་ཚང་མ་སྐྲག་ནས་སྙིང་གི་འཕར་རྩ་ལུ་གུ་ལྡིང་ལྡིང་བྱེད། ད་ཐེངས་ཡང་དེ་དང་འདྲ་སྟེ། སྐྲག་སྐྲག་འདར་འདར་གྱི་ངང་རྒྱུགས་ལ་ཞུགས། ཕྱི་ཉིན་རྩིས་རིག་དགེ་རྒན་གྱི་སློབ་ཐུན་ལ། དགེ་རྒན་ཁོང་ཁྲོ་མེ་ལྟར་འབར་ནས་གོམ་སྟབས་ཆེན་པོས་ངང་སློབ་ཁང་དུ་ཡོང་ནས་སློབ་གྲོགས་རེ་རེའི་རྒྱུགས་སྐར་སྒྲོག་འདོན་བྱས། ཏག་ཏག་ཡིད་སྐྱོ་བ་ཞིག་ལ་ངས་རྒྱུགས་འཕྲོད་མི་འདུག
        སློབ་གྲྭ་གྲོལ་བའི་ཉིན་མོར་ངས་རྒྱུགས་ཤོག་ཁྱེར་ནས་ཡུལ་དུ་ལོག ཨ་མས་ང་མཐོང་ནས་རྒྱུགས་འཕྲོད་ཡོད་མེད་དྲིས་བྱུང་། སྐབས་དེར་ངའི་སེམས་ལ་ཨ་མའི་ནངས་སྔ་ལངས་དང་དགོང་འཕྱི་ཉལ། སེན་མགོ་ཁྲག་དང་སེན་གཏིང་རྣག་བྱས་ནས་ཕྱུགས་འཚོ་བ་དང་ཁྱིམ་ལས་སྣ་ཚོགས་སྒྲུབ་བཞིན་ཡོད་ལ། ཆུ་ལྟར་བཞུར་བཞིན་པའི་ལོ་ཟླས་མོའི་དཀར་ཤ་དམར་མདངས་རྒྱས་ཤིང་ཟླ་བའི་མདངས་ལ་འཁུ་བའི་ངོ་གདོང་གི་ངོས་སུ་གཉེར་མ་འགའ་བརྐོས་འདུག་ལ། ལག་པ་ནི་སྐམ་ཞིང་ཆག་ལ་ཁད་ཀྱི་སྡོང་བའི་ཡན་ལག་དང་གཉིས་སུ་མ་མཆིས། དེ་མིན་མགོ་ལ་སྤྲ་བའི་མེ་ཏོག་བཞད་འདུག དེ་ནི་མོས་བུ་མོ་ང་ལ་སེམས་ཁྲལ་བྱས་པ་ལས་ཡོང་བ་མིན་ནམ། ངས་འདི་དག་མཐོང་མ་ཐག་སྙིང་ཆུང་དམར་པོའི་སྟེང་དུ་དུག་མདའ་ཁྲི་སྟོང་མང་པོ་འཛེར་བ་དང་གཉིས་སུ་མ་མཆིས། ཧ་ཅང་བཟོད་ཐབས་བྲལ་ལ་མིག་ཆུ་རང་དབང་མེད་པར་ཕྲེང་ཐག་ཆད་པ་བཞིན་ལྷུང་། ངའི་བསམ་པར་ངས་ད་དུང་རྒྱུགས་སྐར་འདི་འདྲ་ཞིག་བླངས་ན་འགྲིག་གམ་སྙམ་ནས། གདུང་མདོག་ཚ་ལམ་ལམ་དུ་གྱུར་ནས་མགོ་བོ་འགྱོག་པའི་སྐལ་བ་མེད་པར་བསམས།
        བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་མས་ང་ལ་སེམས་གསོ་བྱས་བྱུང་། ཨ་མའི་གཅེས་ཕྲུག་སེམས་སྐྱོ་མི་དགོས། མུ་མཐུད་དུ་འབད་བརྩོན་བྱེད་དགོས། ཁ་དཔེ་ལ། མི་ཡི་ཡན་ན་མི་དང་སྒང་གི་ཡན་ན་སྒང་ཡོད་ཟེར་བ་མིན་ནམ། ཕ་བོང་ཅི་འདྲ་ཞིག་གིས་ཁྱོད་རང་མནན་ཡང་། རང་ནུས་ཡོད་དགུའི་ཡར་འགྱོག་དགོས་ལ། ད་དུང་དཀའ་བ་ཕྲག་ཏུ་ཁུར། ངལ་བ་ཁྱད་དུ་བསད། བདེ་བ་རྒྱང་དུ་བསྲིངས་ནས་འབད་པ་རྒྱུན་འཁྱོངས་བྱས་ཏེ་རང་ལམ་རང་གིས་འཚོལ་དགོས་ཞེས་བཤད་པ་ན། ང་རང་ནི་གྲང་རེག་གིས་གཙེས་པའི་བྱིའུ་ཆུང་ལ་དྲོད་ལམ་གྱི་ཉི་འོད་རེག་པ་དང་ཀུན་ནས་མཚུངས་ཨང་།
        ཨ་མ་ལགས། ཁྱེད་ནི་བྱམས་བརྩེ་ཡི་ཕུང་བོ་ཞིག་སྟེ། ཉི་འོད་དང་གངས་རི། རྩྭ་ཐང་། ནམ་མཁའ་སོགས་ཀྱིས་མཚོན་དུ་མེད་ལ། བཀའ་དྲིན་ནི་རི་རབ་དང་རྒྱ་མཚོས་ཀྱང་གཞལ་དུ་མེད་པས། མི་ཚེ་ཕྲེང་བརྒྱུད་ཀྱི་བརྩེ་བའི་ས་བོན་ཞིག་གོ །
དཔེ་ཀློག་ལ་བྲེལ་བའི་སློབ་རའི་རྩོམ་པ་པོ་ཀླུ་མོ་འཚོ་དང་སློབ་གྲོགས་དག

ངའི་ཕུགས་བསམ།
དགུ་གཉིས་འཛིན་གྲྭ། སངས་རྒྱས་འཚོ།
        བྱིའུ་ཕྲུག་གི་ཕུགས་བསམ་ནི་རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་ནས་རང་དབང་གིས་གཤོག་རྩལ་བསྒྱུར་འདོད་པ་དེ་རེད། རུས་སྦལ་གྱི་ཕུགས་བསམ་ནི་རི་བོང་ལྟར་མགྱོགས་མྱུར་ངང་བརྒྱུག་འདོད་པ་དེ་རེད། དེ་ཡང་ངའི་ཕུགས་བསམ་ནི་སློབ་སྦྱོང་ལ་བཟང་བའི་སློབ་མ་ཕུལ་བྱུང་ཅན་ཞིག་བྱེད་འདོད་པ་དེ་ཡིན།
        ང་ལ་འདི་འདྲའི་བསམ་ཚུལ་ཞིག་སྐྱེས་པ་ནས་བཟུང་སྟེ་སློབ་སྦྱོང་བྱེད་པའི་སེམས་ཤུགས་བསྐྱེད་ཅིང་སློབ་གྲོགས་དང་དགེ་རྒན་གྱི་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་སོང་། སྔོན་ཆད་ང་རང་སློབ་སྦྱོང་ལ་ཞན་པས་དོན་དག་ཅི་ཞིག་བསྒྲུབས་ཀྱང་གཞན་གྱི་ངོ་མདོག་ལ་ལྟ་དགོས་པར་མ་ཟད། སློབ་གྲོགས་གི་མཐོང་ཆུང་དང་དགེ་རྒན་གྱི་སློབ་གསོ་གང་མང་མྱངས་དགོས། དེ་མིན་སློབ་སྦྱོང་ལ་བཟང་བའི་སློབ་མར་སྨོན་པ་ཡང་འཆོར་དགོས།
        ཐེངས་ཤིག་ལ། ངེད་འཛིན་གྲྭས་སློབ་རའི་སྤོ་ལོ་འགྲན་སྡུར་ལ་རྒྱལ་ཁ་བླངས་ཤིང་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་ཏེ་སློབ་གྲོགས་ཚོ་ཚོམ་བུ་དང་ཚོམ་བུ་བྱས་ཏེ་ཁ་བརྡ་དང་གླེང་མོལ་ཡས་འཕྲོས་མས་འཕྲོས་བྱེད་སྐབས། ངས་རང་གི་ལྟ་ཚུལ་འགའ་བཤད་ཀྱང་། ངའི་སྐད་ཆར་ཉན་བཞིན་པའི་སློབ་གྲོགས་མི་འདུག་པར་མ་ཟད། ང་ལ་ཁ་ཡ་བྱེད་པའི་སློབ་གྲོགས་གཅིག་ཀྱང་མ་བྱུང་། དོན་དག་འདི་འདྲ་ཐེངས་གཅིག་གཉིས་ཙམ་མ་རེད། དེ་ནས་བཟུང་ངས་སློབ་སྦྱོང་བྱེད་པའི་འདུན་པ་སྔར་ལས་ཆེ་རུ་བསྐྱེད་དེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ། ངས་ནན་ཏན་གྱིས་ཟིན་བྲིས་འདེབས་པ་དང་སློབ་གསེང་སྐབས་སུ་དཔེ་ཆ་གཞན་པར་ལྟ་བ། ཉིན་ཐོག་ཟླ་དང་ཟླ་ཐོག་ལོ་བརྩེགས་ཏེ་རྒྱུན་འཁྱོངས་བྱས་པ་བརྒྱུད་ངས་རང་ཉིད་ཡར་ཐོན་ཡོང་བཞིན་པ་ཚོར། སྔོན་ཆད་རྒྱུགས་ལེན་ཐེངས་རེར་སྐྲག་སྣང་ཆེན་པོ་སྐྱེས་ཀྱང་ད་ལྟ་དེ་ལས་ལྡོག་སྟེ་ང་ལ་ཡིད་ཆེས་ཅུང་ཙམ་ཡོད། མཇུག་རྒྱུགས་ཐེངས་ཤིག་གི་རྒྱུགས་སྐར་ཡིད་ཚིམ་པོ་བྱུང་སོང་ལ། དགེ་རྒན་གྱིས་ཀྱང་ང་ལ་བསྟོད་པ་བྱས་པས་ངས་རང་གི་ཕུགས་བསམ་ཆུང་ཆུང་དེ་མངོན་འགྱུར་ཡོང་བར་ཁ་ཐག་ཇེ་ཉེ་རུ་གྱུར་སོང་སྙམ།
        ད་ལྟ་ངས་སྦྱངས་འབྲས་བཟང་བའི་སློབ་མའི་ཚོར་སྣང་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད། དགེ་རྒན་རྣམས་ཀྱི་གཅེས་ནོར་དང་ཕ་མའི་སེམས་ཀྱི་གཅེས་ཕྲུག་ཏུ་འགྱུར་བཞིན་པའི་སྣང་བ་ཞིག་དབང་མེད་ཏུ་སྟེར་ལ། འཕྲལ་གྱི་སློབ་སྦྱོང་ལ་ཞན་པའི་སྡུག་བསྔལ་ནི་ཕུགས་སུ་ཚེ་གང་གི་སྡུག་བསྔལ་དུ་འགྱུར་ཉེན་ཆེ་བ་དང་། འཕྲལ་གྱི་སློབ་སྦྱོང་ལ་འབུངས་པའི་དཀའ་སྡུག་ནི་ཕུགས་ཀྱི་བདེ་སྐྱིད་ལ་མ་རྩ་བཏང་བའི་ངེས་ཤེས་ཤིག་ཀྱང་འདྲོངས།
        ངས་མུ་མཐུད་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་སློབ་མ་བཟང་པོ་ཞིག་བྱེད་ངེས་ཡིན་ལ། ཕུགས་བསམ་འདིའི་ཆེད་དུ་ཧུར་ཐག་ཆེན་པོ་བྱེད་པའི་དམ་བཅའ་སྙིང་ལ་རྡོ་བརྐོས་རི་མོ་བཞིན་ཕབ་ཡོད།
གཟབ་ནན་གྱིས་དཀེ་ཀློག་བྱེད་བཞིན་པའི་སློབ་རའི་རྩོམ་པ་པོ་སངས་རྒྱས་འཚོ།
 
ང་།
དགུ་བཞི་འཛིན་གྲྭ། ཤ་བོ་དོན་འགྲུབ།
        ང་སུ་རེད། ང་ནི་བརྩེ་སེམས་ཀྱི་འཇམ་ཤ་ཁུར་ནས་སློབ་སྦྱོང་གི་འཚོ་བའི་ཁོར་ཡུག་ཏུ་སྤྲོ་སེམས་ཀྱིས་བརྟས་ལ། བསམ་གཞིག་གི་གཤོག་པ་བརྐྱངས་ནས་རིགས་རུས་ཀྱི་ལས་དབང་ལ་སེམས་ཁུར་ཆེ་བའི་སློབ་རའི་སྨྱུག་ཐོགས་པ་ཆུང་ཆུང་ཞིག་ཡིན།
        ང་ནི་སློབ་སྦྱོང་གི་འགན་ཁུར་ལྕི་ཞིང་ཕུགས་བསམ་གྱི་རྨི་ལམ་ཟ་ཟི་རྨི་བཞིན་པའི་དམའ་འབྲིང་གི་སློབ་བུ་ཞིག་ཡིན། དམའ་འབྲིང་གི་དུས་སྐབས་འདི་ནི་མི་ཚེའི་ཁྲོད་ཀྱི་ལམ་བུ་གལ་ཆེན་ཞིག་ཡིན་ལ། རང་གི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཀྱང་ཡིན། ངས་རིག་པའི་དགའ་ཚལ་ནས་ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ཏེ་ངང་བ་མཚོ་ཞུགས་བཞིན་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རང་གི་རེ་སྙེག་བྱེད་སའི་ཕུགས་བསམ་དེ་མངོན་འགྱུར་བྱེད་དུ་འཇུག་དགོས།
        ལོ་དང་ཟླ་བས་གོམ་འགྲོས་མྱུར་མྱུར་བསྒྱུར་བ་ལས་ང་ནི་ལང་ཚོའི་དུས་སྐབས་ཤིག་ལ་སླེབས་བྱུང་། ལང་ཚོའི་དུས་སྐབས་འདིར་ངས་རང་ཉིད་ཀྱིས་བསྒྲུབ་དགོས་པའི་དོན་དག་ཡོད་ཚད་ལ་འབད་བརྩོན་ལྷོད་མེད་བྱེད་དགོས། ལང་ཚོའི་དུས་ཡུན་ནི་ཐུང་ཐུང་ཞིག་ཡིན། མཚན་མོ་དེ་ལྟར་འཁྱོལ་འགྲོ་ལ། ཉིན་མོ་འདི་ལྟར་སླེབས་ཡོང་། དུས་ཀྱི་གོམ་སྒྲ་ལ་ཆད་དུས་ཡེ་ནས་མེད། ལང་ཚོ་ཡི་ནོར་བུ་ལག་ནས་ཤོར་སོང་ན། གསེར་གྱི་མཆོད་མེ་འཁྱེར་ནས་བཙལ་ཡང་རྙེད་མི་སྲིད། གནའ་མིའི་ཁ་དཔེར། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ། མདའ་དང་མདུང་གི་སྤྱོད་ལུགས་ཤེས། མོ་ལོ་ལྔ་གསུམ་བཅོ་ལྔ་ལ། ཞོ་དང་འོ་མའི་དཀྲོགས་ལུགས་ཤེས་ཟེར། ལང་ཚོ་དར་ལ་བབས་དུས་སུ། ངས་རང་གི་མི་ལུས་རིན་ཆེན་གྱི་དོན་སྙིང་འཚོལ་རྒྱུ་ཡིན།
       ང་རང་གི་དགའ་ཕྱོགས་ནི་སློབ་གྲོགས་ཚོ་དང་མཉམ་དུ་འུར་འུར་ཟིང་ཟིང་གིས་ཡར་རྒྱུག་མར་རྒྱུག་དང་། གནམ་ལྡིང་ས་ལྡིང་བྱས་ནས་ལྒང་ལི་རྩེད་རྒྱུ་དེ་ཡིན། དུས་དེར་ངའི་སེམས་པ་ནི་དགུང་ཨ་སྔོན་ལས་དྭངས་ཤིང་ལྷད་མེད་ཀྱི་ཆུ་ཕྲན་ལས་ཀྱང་གསལ་བའི་སྣང་བ་སྐྱིད་པོ་ཞིག་སྟེར། གཞན་ང་རང་རྩོམ་འབྲི་བ་དང་སྙན་ངག་གྱེར་འདོན། གཏམ་དཔེ་དང་བཤད་པ་སོགས་དམངས་ཁྲོད་ཀྱི་རྩམ་དྲི་དང་མར་དྲི་བྲོ་བའི་དམངས་སྲོལ་རིག་གནས་དག་ལ་མོས་པ་ཆེན་པོ་ཡོད། རོང་ཕྲུག་ང་འདྲར་མཚོན་ན་མཐོང་རྒྱ་ཨ་ལོང་ལས་དོག་ཅིང་ཐོས་རྒྱ་དར་སྐུད་ལས་ཕྲ་བ། གངས་དཀར་སེམས་ལ་འཆར་དཀའ་བ་དང་སྐད་མིད་ཐག་ནང་ནས་འབུད་དཀའ་བ། ལྕེ་དར་མའི་མདུད་པ་གྲོལ་དཀའ་རུང་ངས་རང་གི་དགའ་ཕྱོགས་འདི་ཆུ་བོའི་རྒྱུན་བཞིན་བསྲིངས་ནས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་རུ་འཇུག་རྒྱུ་ཡིན།
       བོད་ཁ་བ་ཅན་གྱི་བཤད་ཚུལ་ལྟར་ན། ཐང་དཀར་རྒོད་པའི་ནམ་འཕང་བསྟོད་ན། གཤོག་རྩེ་གཉིས་ཀ་རྐྱོངས་དགོས་ཟེར་ཀི། འདོ་བ་རྟ་ཡིས་བྱང་ལམ་གཅོད་ན།  སྔོན་གློ་གཞུག་གློ་བསྡམས་དགོས་ཟེར་ཀི། དེ་བས་རོང་ཕྲུག་ངས་ཀྱང་རང་གི་ཕུགས་བསམ་མངོན་འགྱུར་དང་དགའ་ཕྱོགས་སྐྱེད་བསྲིངས་བྱས་ཏེ་རང་ཉིད་ལེགས་འགྲུབ་བྱུང་བའི་མི་ཞིག་ཏུ་གྱུར་བར་འདོད།
གཟབ་ནན་གྱིས་དཀེ་ཀློག་བྱེད་བཞིན་པའི་སློབ་རའི་རྩོམ་པ་པོ་ཤ་བོ་དོན་འགྲུབ།
 
རྒྱུན་མཐོང་གི་ཡུལ་སྲོལ་གོམས་གཤིས་འགའ།
དགུ་བཞི་འཛིན་གྲྭ། རྡོ་རྗེ་རིག་མཆོག
        འཛམ་གླིང་གི་ཡང་རྩེར་འབོད་སྲོལ་ཡོད་པའི་བོད་ནི་མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བ་ཞིག་ཡོད་པ་དང་བོད་རིགས་འདུས་སྡོད་ཁུལ་གཙོ་བོ་ཞིག་ཡིན། བོད་རིགས་ཀྱིས་ཡོངས་ཁྱབ་ཏུ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་ཀྱིན་ཡོད། 
        བོད་རིགས་ཀྱི་དམངས་ཁྲོད་དུས་ཆེན་ལ་བོད་ཀྱི་ལོ་གསར་དང་། སངས་རྒྱས་ཆོས་ལུགས་ཀྱི་དུས་ཆེན་སོགས་ཡོད། བོད་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་ཆེ་ཤོས་ནི་ལོ་ལྟར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་བོད་ཀྱི་ལོ་གསར་རེད། ད་ལྟ་ང་ཚོའི་མཐོང་ཐོས་མྱོང་གསུམ་དུ་གྱུར་བའི་ཡུལ་སྲོལ་གོམས་གཤིས་ནི་འདི་ལྟ་སྟེ། བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཁ་བཏགས་འབུལ་བ་དང་བཟའ་བཏུང་གི་འཛེམ་བྱ་ཅི་མང་ཞིག་ཡོད་ཀྱང་། ང་ཚོས་ནམ་རྒྱུན་དོ་སྔ་ཆེ་བ་ནི་འོ་ཇ་འབུལ་བ་དང་ཇ་བསྲུབས་མ་དང་ནས་ཆང་གི་གུས་སྲོལ་ཡོད་པས་བོད་རིགས་སྤུན་ཟླས་མི་གཞན་གྱི་ལག་པ་དང་སྐུ་ལ་བྱིལ་བྱིལ་བྱེད་པར་འཛེམ་བྱ་ཆེ་ཤོས་བྱེད་ཀྱིན་ཡོད། ཁ་བཏགས་འབུལ་བ་ནི་བོད་རིགས་མགྲོན་བསུ་ཚད་གཞི་མཐོ་ཤོས་ཀྱི་གུས་ལུགས་ཤིག་ཡིན་པ་དང་མགྲོན་པོར་སྤྲོ་སེམས་འཁོལ་པའི་དགའ་བསུ་དང་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད། ཁ་བཏགས་ནི་ཁ་སྐད་ཡིན་ཏེ་ཡིག་སྐད་དུ་ལྷ་དར་ཟེར། མདོག་མང་ཆེ་བ་དཀར་པོ་ཡིན་ལ་མདོག་སྔོན་པོའམ་སེར་སྐྱ་ཡང་ཡོད། སྤྱིར་བཏང་དུ་རིང་ཚད་ལ་ཕལ་ཆེར་སྨི་༡.༥ནས་༢་ཞེང་ལ་ཕལ་ཆེར་ལི་སྨི་༢༠་ཡོད། བོད་རིགས་ཀྱིས་སྐུ་མགྲོན་བསུ་སྐྱེལ་བྱེད་སྐབས་སྐུ་མགྲོན་ཚོར་ཁ་བཏགས་ཕུལ་ནས་གུས་བཀུར་མཚོན་པར་བྱེད་པ་དང་རྒན་རབས་ཚོར་ཁ་བཏགས་འབུལ་སྐབས་ལག་གཉིས་པོས་མགོ་བོ་ཡར་འགྱོག་དགོས་པ་དང་མི་རབས་གཅིག་པར་ཐད་ཀར་ཁོང་ཚོའི་ལག་ཏུ་བཞག་ཆོག 
        བོད་རིགས་རྣམས་ཀྱིས་སྐུ་འདྲ་དང་མཆོད་རྟེན། སྤྲུལ་སྐུ་བཅས་མཇལ་སྐབས་ཚང་མས་ཕྱག་འཚལ་དགོས། ཕྱག་འཚལ་བ་ནི་སྤྱིར་བཏང་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཡོད་པའི་དགོན་པའི་ནང་སྤེལ་བ་ཡིན། ལག་པ་གཉིས་ཐལ་མོ་རྡེབ་ནས་མཐོན་པོར་བསྒྲེངས་པ་ཚད་དང་རན་པ་དང་། རང་གི་དབུ་རྩེ་དང་། དཔྲལ་བ། བྲང་གི་གཞུ་དབྱིབས་བཅས་ཐེངས་གསུམ་བྱས་རྗེས་ས་ལ་འགྱེལ་ནས་ལག་པ་གཉིས་བརྐྱངས་ཏེ་དེ་ལྟར་ཡང་སྐོར་བསྐྱར་སྐོར་བྱས་པ་རེད། ཕྱག་འཚལ་བ་ལ་མཚོན་དོན་མང་པོ་ཡོད། ཐལ་མོ་སྦྱར་ནས་ཐེངས་གསུམ་ལ་སྒུར་པ་དང་། དེ་ནས་སྐེད་པ་སྒུར་ནས་སྐུ་ཡི་ཞབས་འོག་ཏུ་ཐོད་པ་གཏུགས་ཤིང་། མགོ་བོ་དལ་མོར་ཡར་བཀྱགས་ནས་ལྷག་བསམ་རྣམ་དག་གིས་འགྱོད་བཤགས་བྱེད་པ་མཚོན། 
        ད་དུང་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་ནི་སྐེད་པ་རྒྱགས་པ་དང་། ཕུ་རུང་རིང་བ། ཐུ་བ་ཆེ་བ། སྨད་གཡོག་རིང་པོ། འཇུར་རྟ་རིང་པོ། སྐྲ་བཟོ་བ། དེ་བཞིན་སྒྲོ་འདོགས་ཀྱི་ཁྱད་ཆོས་ལྡན་པའི་གསེར་དངུལ་གཡུ་རྒྱན་སོགས་ཡིན། དྲོད་སྲུང་མཐུག་པོ་དང་གུ་ཡངས་ལ་དྲོ་བའི་ཤ་རྒྱགས་པ་དང་དེ་བཞིན་ཕུ་རུང་རིང་བའི་སྨད་གཡོག་རིང་པོ་དེ་བོད་མི་རིགས་སྡོད་སའི་དམིགས་བསལ་གྱི་ཁོར་ཡུག་དང་གནམ་གཤིས་དང་རང་ཤུགས་སུ་འཚམ་པོ་ཡོད་པ་རེད།  དཔེར་ན་བོད་རིགས་ས་མཐོའི་འབྲོག་པའི་སྣམ་བུའི་ཕྱུ་པའི་བྲང་ཁར་བར་གསེང་མངོན་གསལ་དོད་པོ་ཞིག་བཞག་ཡོད་པ་དང་དེ་ལྟར་ཕྱིར་སྐྱོད་སྐབས་རྩམ་པ་དང་ཇ་སོགས་འཇོག་གི་ཡོད། གནམ་གཤིས་ཚ་བའམ་ཡང་ན་ངལ་རྩོལ་བྱེད་སྐབས་དགོས་མཁོར་གཞིགས་ནས་དཔུང་པ་གཡས་པའམ་ཡང་ན་དཔུང་པ་གཉིས་ཕྱིར་མངོན་ནས་ཕུ་ཐུང་སྐེད་པར་དཀྲིས་ཏེ་ལུས་དྲོད་སྙོམས་སྒྲིག་བྱེད་པ་དང་དགོས་མཁོ་ཡོད་སྐབས་གྱོན་ཆོག དགོང་མོ་གཉིད་ཉལ་བ་དང་སྐེད་རགས་བཀྲོལ་བ། ཕུ་རུང་གཉིས་ཕུད་པ། ཕྱེད་ཀ་བཀབ་པ། ཉལ་ཁུག་དྲོན་པོ་ཞིག་ཏུ་གྱུར་བ། དེ་དག་ཚང་མ་བོད་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་ཡིན་པ་དང་ཁོང་ཚོས་ཁེངས་སྐྱུང་དང་གུས་ཞབས་ལྡན་པ་དང་མགྲོན་པོར་སྣེ་ལེན་ཡག་པོ་བྱེད་པ་མཚོན་གྱི་ཡོད།
སློབ་རའི་རྩོམ་པ་པོ་རྡོ་རྗེ་རིག་མཆོག་སློབ་རའི་བྱེད་སྒོར་ཞུགས་པ།
 
ང་ཡི་ཨ་ཅེ་སྣང་ས་འོད་འབུམ།
དགུ་བཞི་འཛིན་གྲྭ། གཡང་སྐྱབས་རྒྱལ།
        དཔེ་ཆ་ཀློག་པ་ནི་ངོ་མཚར་བའི་སློབ་སྦྱོང་གི་བྱ་རིམ་ཞིག་སྟེ། རང་ཁྱིམ་ལས་གོམ་གང་མ་འཕགས་པར་རྒྱལ་ཁབ་ཕྱི་ནང་དང་གནའ་དེང་གི་མཁས་པའི་བློ་གྲོས་དང་ཤེས་བྱ་དེ་རང་གི་མིག་གི་དབང་བོ་ལ་བརྟེན་ནས་གཟུགས་སྣང་ཡོད་པར་བཏང་སྟེ། རང་གི་བསམ་རྒྱ་དང་མཐོང་རྒྱ་བསྐྱེད་པ་དེའོ།།
        «བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད»ལས་ངས་བལྟས་པ་ནི་སྣང་ས་འོད་འབུམ་གྱི་རྣམ་ཐར་ཡིན། བོད་ཀྱི་ཟློས་གར་ཆེན་མོ
ཨ་ཅེ་ལྷ་མོབརྒྱད་ནི་ལོ་རྒྱུས་རྒྱུན་རིང་ཞིང་དར་ཁྱབ་ཆེ་ལ། རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པར་མ་ཟད། ཕུལ་བྱུང་གི་རྣམ་ཐར་རྩོམ་རིག་ཅིག་ཀྱང་ཡིན། 
        སྣང་ས་འོད་འབུམ་གྱི་ནང་དོན་མདོར་བསྡུས་ཙམ་ཞིག་བཤད་ན། ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ལ་བུ་མོ་སྣང་ས་འོད་འབུམ་སྐྱེས་པ་དང་། ཡབ་ཡུམ་གཉིས་ཀྱི་བདག་སྐྱོང་འོག་རིམ་བཞིན་ནར་སོན་ཞིང་། གཟུགས་སྐྱེས་ལུས་དྲང་ཞིང་ཁ་ངོ་སྐྱེས་འབྲས་མཚར་བ་ཞིག་ཡིན་ལ། གཞུང་རྒྱུད་དྲང་བ། བྱམས་སྙིང་རྗེ་ལྡན་ལ་རྒྱུ་འབྲས་བརྩི་བ། ཟས་ཀྱི་གཡོས་སྦྱོར་ལ་མཁས་ཤིང་། ལག་ལས་ཀ་དང་བཟང་ཤེས་རྒྱ་སོགས་ཕྱོགས་གང་ཅིའི་ཐད་ནས་མཛངས་མིའི་ཡོན་ཏན་བརྒྱད་ལྡན་པ་དང་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བའི་ཁྱིབ་ཐབ་ཀྱི་མཆོག་ཏུ་བསྔགས་པའི་བུ་མོ་ཞིག་ཡིན། བུ་མོ་སྣང་ས་འོད་འབུམ་དགུང་ལོ་བཅོ་ལྔར་སོན་སྐབས་ཀྱི་ཉིན་ཞིག་གནས་རྙིང་གར་འཆམ་ལ་ལྟད་མོ་བལྟ་བར་ཕེབས། དཔོན་པོ་སྒྲ་ཆེན་གྱིས་རབ་གསལ་ལས་བུ་མོ་སྣང་ས་འོད་འབུམ་མཐོང་དུས་ཡིད་དབང་ཤོར་བས། བཙན་གྱིས་བུ་གྲགས་པ་བསམ་གྲུབ་ཀྱི་མནའ་མར་བསླངས་ཏེ་གཉེན་སྒྲིག་བྱེད་དུ་བཅུག། ལོ་བདུན་ཙམ་སོང་རྗེས་སྲས་ལྷེའུ་དར་པོ་འཁྲུངས་པ་ཡིན། ཨ་ནེ་སྙེད་མོས་ཕྲག་དོག་དང་བརྙས་བཅོས་ཆེན་པོ་བཏང་བ་དང་། མཐར་སློབ་དཔོན་སྒྲ་ཆེན་དང་གྲགས་པ་བསམ་འགྲུབ་གཉིས་ཀྱི་ཉེས་རྡུང་འོག་ཚེ་ཡི་འཕེན་པ་རྫོགས་པ་ནི་འཇིག་རྟེན་འཁོར་བའི་ཆོས་ལ་ཞུགས་པའི་རྣམ་ཐར་ཡིན། 
        སྣང་ས་འོད་འབུམ་འདས་ལོག་བྱུང་ནས་རྣལ་འབྱོར་མའི་ཆ་བྱད་བཞེས་ཤིང་། བསམ་ཡུལ་ལས་འདས་པ་བྱུང་སྟེ་དཔོན་པོ་སྒྲ་ཆེན་དང་གྲགས་པ་བསམ་གྲུབ་ཨ་ནེ་སྙིད་མོ་སོགས་ཀྱིས་ཀྱང་སྔོན་ཆད་ཀྱི་སྡུག་རྩུབ་ཐ་ཤལ་གྱི་བྱ་སྤྱོད་ལ་འགྱོད་གཤགས་དང་ཉེས་སྐྱོན་ཁས་ལེན་བྱས། དེ་ནས་སྣང་ས་འོད་འབུམ་གྱི་འཇིག་རྟེན་འཁོར་བར་ཞེན་ལོག་གཏིང་ནས་སྐྱེས་ཏེ་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་ལྷ་ཆོས་ཞུ་བར་ཕེབས། སྣང་ས་དབེན་གནས་སུ་ཕེབས་ཏེ་ལྷ་ཆོས་གཤའ་མ་བྱས་པ་ནི་དམ་པའི་ལྷ་ཆོས་ལ་ཞུགས་པའི་རྣམ་ཐར་ཡིན། 
        ལར་ཨ་ཅེ་སྣང་ས་ནི་ཨ་ནེ་དང་སྙེད་མོའི་བརྙས་བཅོས་ཐེག་པའི་མནའ་མ་བཟང་མོ་ཞིག་ཡིན་ལ། ཁ་ངོ་སྐྱེས་འབྲས་མཚར་ཞིང་ཁྱིམ་ཐབ་ལ་སྙིང་ཉེ་བའི་བཟའ་ཚང་བཟང་བོ་ཞིག་ཀྱང་རེད། སྒོས་ཨ་ཅེ་སྣང་ས་ནི་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གཞི་ནས་དམ་པའི་ལྷ་ཆོས་བཤའ་མ་ཉམས་སུ་ལེན་པའི་མཁའ་འགྲོ་མ་ཞིག་ཀྱང་རེད། གང་ལྟར་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ནས་བལྟས་ཀྱང་ང་ཚོས་ཨ་ཅེ་སྣང་སའི་ཞུམ་མེད་ཀྱི་བློ་སྤོབས་ལ་སློབ་སྦྱོང་བྱེད་པར་རིགས།
སློབ་རའི་རྩོམ་པ་པོ་གཡང་སྐྱབས་རྒྱལ།
མཛུབ་སྟོན་དགེ་རྒན་ནི་བསེ་ཀུན་དོང་ལགས་ཡིན།
འབྲེལ་ཡོད་འོས་སྦྱོར།