༄༅། །ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་བོད་རྩོམ་འགྲན་སྡུར་ལས་ལེགས་རྩོམ་བདམས་བཀོད། ཁག་དང་པོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-21
ཀློག་གྲངས།:
ཆུ་ནི་སྐྱེས་འགྲོ་མཐའ་དག་གི་བླ་སྲོག་ཡིན།
དགུ་ལྔ། ཀླུ་མཚོ་བྱམས།
ཆུ་ནི་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་དོ་ཅོག་གི་རྩ་བ་ཡིན་ལ། ལྷུང་ལྷུང་དུ་འབབ་པའི་ཆུ་ཡོད་པས་མཛེས་སྡུག་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་གྲུབ་ལ། དུས་གཏན་དུ་བར་མེད་རྒྱུ་བའི་ཆུ་ཕྲན་ཡོད་པས་སྲོག་ལྡན་ཐམས་ཅད་དགའ་བདེར་འཚོ་བར་ངེས། དེར་བརྟེན། ཆུ་ནི་ང་ཚོའི་ཚེ་ཡི་མཐུན་མ་དང་། སྲོག་གི་ཁལ་མ་ཡིན།ང་ཚོ་ནི་འཛམ་གླིང་གི་ཡང་རྩེ་རུ་འབོད་པའི་མདོ་དབུས་མཐོ་སྒང་ནས་འཚར་ལོངས་བྱུང་ཞིང་སྐྱེས་སྟོབས་ཀྱི་དཔལ་འབར་བ་ཡིན། དེ་བས་སྤང་རིའི་ལྟོངས་ནས་འབབ་པའི་ཆུ་ཕྲན་དང་བྲག་རིའི་ཕུ་ནས་ལྡིང་བའི་རྦབ་ཆུ་སོགས་ནི་ང་ཚོ་ལ་རྒྱུས་མངའ་ཟབ་མོ་ལྡན་པ་ཡིན། རྒྱུ་མཚན་ནི་རང་བོད་མི་རིགས་འདུས་སྡོད་བྱེད་སའི་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཆུ་བོ་མང་ཤོས་ཀྱི་འབྱུང་ཁུངས་ཡིན་ལ། ཆུ་བོ་གསེར་ལྡན་ཏེ་རྨ་ཆུ་དང་འབྲི་ཆུ་ཡང་ལྗན་ལྗིན་གྱི་དྲི་མས་མ་བསླད་ལ་གཡའ་དང་བྲལ་བའི་ཞིང་ཁམས་འདི་ནས་འབབ་བཞིན་ཡོད།
ཡིན་ནའང་། ད་ལྟ་མི་མང་པོ་ཞིག་གིས་ཆུ་གྲོན་ཆུང་མི་བྱེད་ལ་གང་འདོད་དུ་བེད་སྤྱོད་བྱེད་བཞིན་ཡོད། ཉེ་ས་ནས་བཤད་ན། རང་མི་རིགས་ཀྱི་མི་མང་བོ་ཞིག་གིས་ཀྱང་ཆུ་མགོ་དང་ཆུ་ཕྲན། ད་དུང་གཙང་བོ་དང་རྒྱ་མཚོ་སོགས་ལ་སྲུང་སྐྱོབ་ཡེ་ནས་བྱེད་བཞིན་མེད། དེ་ཚོས་གང་འདོད་དུ་ས་རྐོ་རྡོ་སློག་དང་འཛུགས་སྐྲུན་སྣ་ཚོགས་བྱས་ནས་རྩྭ་ཐང་མང་པོ་བྱེ་ཐང་དུ་གྱུར་དང་འགྱུར་བཞིན་ཡོད་ལ། ཆུ་མགོ་མང་བོ་སྐམ་ས་རུ་གྱུར་དང་འགྱུར་བཞིན་ཡོད། ད་ལྟའི་སྤྱི་ཚོགས་སུའང་ཧྥེ་གླིང་སོགས་རྒྱལ་ཁབ་མང་བོ་ཞིག་དང་ས་ཆ་མང་བོ་ཞིག་ལ་ཆུ་ཧ་ཅང་དཀོན་པའི་གནས་ཚུལ་བྱུང་ཡོད། ས་ཆ་དེ་དག་གི་མི་དེ་དག་ལ་མཚོན་ན་ཆུ་ནི་རིན་པོ་ཆེ་གསེར་ལས་ཀྱང་གལ་ཆེ་བའི་གནས་སུ་ལྷུང་ཡོད། ད་དུང་རང་རྒྱལ་བྱང་ཕྱོགས་ཀྱི་ཀན་སུའུ་ཞིང་ཆེན་དང་ཤིན་ཅིང་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆུ་དཀོན་པའི་གནས་ཚུལ་བྱུང་ཡོད། དེར་བརྟེན། རང་ཅག་གིས་ཆུ་དྲོན་ཆུང་མ་བྱས་ན་སྡིག་ལས་ཡིན་པས། རང་གི་མིག་སྔར་གྱི་བདེ་བ་ཕྲན་ཙམ་གྱི་ཆེད་དུ་སྡིག་ལས་བྱ་མི་རུང་།
ང་ཚོའི་མེས་པོ་རྣམས་ཀྱིས་སྔ་མོ་ནས་ཆུ་ཡི་བཀའ་དྲིན་ཤེས་ཡོད་དེ། ཁོང་ཚོའི་སེམས་སུ་དུས་དང་རྣམ་པ་ཀུན་ཏུ་ཆུ་ལ་སྲུང་སྐྱོབ་དང་གྲོན་ཆུང་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་ཡོད། ཁོང་ཚོས་དུས་རྒྱུན་རྗེས་རབས་པ་རྣམས་ལ་ས་རྐོ་རྡོ་སློག་བྱེད་མི་རུང་བ། སྡོང་བོ་གང་འདོད་དུ་གཅོད་མི་རུང་བ་དང་ཆུ་མགོ་བཙོག་བསླད་གཏོང་མི་རུང་བ་སོགས་ཀྱི་བསླབ་བྱ་མང་པོ་གནང་ཡོད། ཡིན་ནའང་། ཡ་ང་བ་ཞིག་ལ་ད་ལྟ་ང་ཚོས་བསླབ་བྱ་ཡོད་ཚད་སྤར་མོའི་ནང་གི་བྱེ་མ་བཞུར་བ་བཞིན་དོར་ནས། རང་གི་ཁེ་དབང་ཙག་ཙིག་གི་དོན་དུ་རང་བྱུང་ཁམས་དང་འཐབ་རྩོད་བྱས། ཁོ་ཚོས་རྩྭ་ས་སློག་ནས་ས་ཞིང་དུ་བསྒྱུར་ལ།ནགས་ཚལ་བཅད་ནས་ཐོན་རྫས་སུ་བསྐྲུན་པ། གཏེར་ཁ་སྔོགས་ནས་དཔལ་འབྱོར་སྤེལ་བ། སྨན་རྩྭ་བརྐོས་ནས་ཚོང་རར་བཀྲམས་པ་སོགས་བྱས་པས། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པར་མ་ཟད།ད་དུང་ཁོ་ཚོའི་མི་ལེགས་པའི་བྱ་སྤྱོད་དེ་དག་གིས་ཆུའི་ཐོན་ཁུངས་ལའང་བཙོག་བསླད་དང་གཏོར་བརླག་ཚབས་ཆེན་བཟོས་ཡོད། དེ་བས། མིའི་རིགས་ཀྱི་ཐ་ཤལ་གྱི་བྱ་སྤྱོད་དེ་དག་གིས་རང་བྱུང་ཁམས་རྩ་བ་ནས་ཁྲོས་པར་བྱས་ལ་ས་ཆ་མང་བོར་རིམ་བཞིན་ཐན་སྐྱོན་བྱུང་བ། ས་འགུལ་བྱུང་བ། ཆུ་ལོག་ཐོན་པ་སོགས་གནོད་འཚེ་གང་མང་བྱུང་དང་འབྱུང་བཞིན་ཡོད། གོང་བརྗོད་ཀྱི་དོན་དེ་དག་ལས་ཤེས་ཐུབ་པ་ནི་གལ་སྲིད་རང་བྱུང་ཁམས་ལ་གཏོར་བརླག་བྱས་ནས་ཆུའི་ཐོན་ཁུངས་སོགས་ལ་གདོན་སྐྱོན་བཟོས་ན་སྡུག་བསྔལ་དང་ཆགས་འཇིག་མཐའ་དག་རང་ཅག་གི་མགོར་ཡོང་ངེས་ཡིན།
༢༠༡༦ལོའི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་བཀླགས་དེབ་ལས་ནན་གྱིས་བསྟན་པ་ལྟར་ན། “ཨིན་ཀི་སིའི་«རང་བྱུང་རྩོད་སྒྲུབ་རིག་པ»ཞེས་པའི་ནང་དུམིའི་རིགས་ཀྱིས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བའི་སྤྲོ་སེམས་ཚད་ལས་བརྒལ་མི་རུང་ལ། ལྷག་པར་དུ་མིའི་རིགས་ཀྱི་བླ་སྲོག་སྟེ་ཆུ་བོ་ལ་གཅེས་འཛིན་བྱེད་དགོས། གལ་སྲིད་དེ་ལྟར་མ་བྱས་ཚེ་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་ལན་སློག་ངེས་ཡིན་ཞེས་གསུང་ཡོད་པས་རང་རེའི་རྒྱལ་ཁབ་ཕྱི་ནང་གི་མི་ཚང་མས་རང་བྱུང་ཁམས་དང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པའི་བླང་བྱ་བཏོན་ཡོད།
ཇི་སྐད་དུ། “མ་བྱུང་སྔོན་ལ་དྲན་ན་མཁས་པ་ཡིན། །མ་རྟོགས་རྗེས་ནས་འགྱོད་ན་བླུན་པོ་ཡིན། །”ཟེར་བ་ལྟར། མིའི་རིགས་ཀྱིས་དུས་ད་ལྟ་ནས་བཟུང་སྟེ་དབྱིག་གི་བློ་གྲོས་མའི་འཕྱང་འཕྲུལ་དུ་གྱུར་པའི་ཆུ་བོ་དག་ལ་སྲུང་སྐྱོབ་བྱས་ནས“ཆུ་མ་ཡོང་གོང་གི་རགས་དང་། རྐྱེན་མ་ཡོང་གོང་གི་ལྡོག”ཟེར་བ་ནང་བཞིན་མིའི་རིགས་ཀྱི་མ་འོངས་པའམ་ཡང་ན་འཇིག་རྟེན་ཁམས་དང་དེའི་སྟེང་གི་བྱ་དངོས་ཡོད་ཚད་ཀྱི་ཆེད་དུ་རང་བྱུང་ཁམས་འདི་བྱམས་ཀྱིས་སྐྱོང་ན་ལེགས་སྙམ།
མདོར་ན། ཅོལ་ཆུང་བདག་གི་རྩོམ་ཐུང་འདིའི“བརྒྱ་བཤད་ཚིག་གི་རྩ་བ་དང་། སྟོང་བསྲུབས་འོ་མའི་མར་ལོ”ནི་རྒྱ་ཆེའི་ཀློག་པ་པོ་དག་གི“སེམས་ལ་འཛིན་རྒྱུའི་ཚིག་དང་། རུམ་ལ་བསྡུ་རྒྱུའི་བྲོ”རུ་འགྱུར་བར་སྨོན།
ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན།
བདུན་གཉིས། རིན་ཆེན་འོད་མཚོ།
གལ་ཏེ། མིའི་རིགས་ཀྱིས་ཆུ་ལ་སྲུང་སྐྱོབ་མ་བྱས་ན། ང་ཚོའི་ཆེས་མཐར་མར་མཐོང་བ་དེ་ནི་རང་ཉིད་ཀྱི་མིག་ཆུ་ཁོ་ན་ཡིན། ད་ལྟའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་སོང་བ་ནི་དབྱར་མཚོ་རྒྱས་པ་དང་འདྲ།མི་ཐམས་ཅད་ཀྱིས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད། ཡིན་ན་ཡང་སུས་ཀྱང་མི་ཤེས་པ་ཞིག་ལ། ཚན་རིག་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་བཟོ་གྲྭ་མང་པོ་ནས་ལས་བཟོ་བྱས་ནས་དུ་བ་ལྷོག་ལྷོག་འཕྱུར་ཏེ་མཁའ་དབུགས་འབག་བཙོག་ཏུ་བཟོས་ཤིང་ག་ས་གང་ནའང་ཆུ་བོར་གནོད་འཚེ་ཐེབས་པ་རེད། འོན་ཀྱང་། འགྲོ་བ་མིས་རང་གི་ལུས་སྟེང་གི་སྐྱོན་ཆ་ཚབས་ཆེན་དེ་ཤེས་མེད་པར་ཆུ་དང་ཁོར་ཡུག་འབག་བཙོག་ཏུ་བཟོ་བཞིན་ཡོད། དེ་དང་བསྟུན་ནས་འཛམ་གླིང་གི་མཁའ་དབུགས་ཀྱི་དྲོད་ཚད་ཇེ་མཐོར་སོང་ནས་ས་འགུལ་བྱུང་བ་དང་ཆུ་ལོག་རྒྱུག་པ། རིམས་ནད་འགོ་བ་དང་ཐན་པས་གདུང་བ་སོགས་འབྱུང་བཞིན་ཡོད། ངས་བསམ་པར་དེ་ནི་མིའི་རིགས་ཀྱིས་སའི་གོ་ལར་རྨ་ཁ་བཟོས་པ་ཡིན་པས། རང་བྱུང་ཁམས་ཀྱིས་འགྲོ་བ་མིའི་རིགས་ལ་དགྲ་ཤ་རྩོད་བཞིན་ཡོད། ངས་དུས་རྒྱུན་དུ་འགྲོ་བ་མི་ལ་འདི་འདྲ་བའི་འཇིགས་སུ་རུང་པའི་ཉིན་མོ་ཐོན་རྒྱུ་ཡོད་པར་བློས་བསླངས་བྱས་མྱོང་། གལ་ཏེ་ང་ཚོས་ཆུ་ལ་སྲུང་སྐྱོབ་མ་བྱས་པར་བསྡད་ན། སྔོ་ལྗང་ལྗང་གི་རྩྭ་ཐང་ནི་བྱེ་ཐང་དུ་འགྱུར་བ་དང་། ཚང་ཚང་གི་ལྗོན་ཤིིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་ཡང་སྐམ་ནས་བེམ་རོ་ལ་འགྱུར་ངེས་ཡིན། མི་རྣམས་ལ་དགོས་མཁོ་ཆེ་བའི་ཆུ་དེ་ཡང་ཆེས་མཇུག་མཐར་གྱི་མིག་ཆུ་ལ་འགྱུར་ངེས་ཡིན། གལ་ཏེ་ཉིན་ཞིག་ལ། ཆུའི་ཐོན་ཁུངས་དེ་ཚར་སོང་ན་ང་ཚོས་རྒྱུན་དུ་འཐུང་བའི་ཆུ་ནི་ལྟ་ཅི། མཐའ་ན་རྒྱུག་ཆུ། གཙང་པོ། མཚོ་དང་མཚེའུ། རྒྱ་མཚོ་སོགས་ཀྱང་མེད་པ་ལས་ཆུ་ཐིགས་གཅིག་མ་གཏོགས་ལྷག་མེད་ན་ཡང་དེ་ལ་གྲོན་ཆུང་བྱེད་རྒྱུ་ནི་གཏན་ནས་བརྗེད་མི་རུང་། ཁ་དཔེ་ལ་ཆུ་ཐིགས་བསགས་ནས་རྒྱ་མཚོར་འགྱུར་ཞེས་ཟེར། དེ་བས་ང་ཚོ་ས་ཆ་གང་དུ་སོང་ན་ཡང་ཆུ་ལ་གྲོན་ཆུང་བྱེད་དགོས་ཞེས་པའི་ཡིག་འབྲུ་འགའ་ཤོག་བུ་ཐོག་ཏུ་བྲིས་འདུག ད་དུང་གསང་སྤྱོད་ཁང་ནས་ཀྱང་ཡིག་འབྲུ་དེ་དག་མཐོང་ཐུབ། རྩྭ་ཐང་དུ་གནས་པའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། ཁོ་ཚོས་རྩྭ་ཐང་དང་ལུང་པའི་ནང་དུ་བཞུར་བའི་ཆུ་བོ་དེའི་ནང་དུ་གད་སྙིགས་གང་སར་དོར་ནས་དྭངས་ཤིང་གསལ་བའི་ཆུ་བོ་མི་གཙང་བར་སྒྱུར་བ་རེད། དུས་རབས་ཉེར་གཅིག་ལ་སླེབས་ན་ཡང་། ད་དུང་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ཆའི་ཉི་ཤུ་ལ་ཆུ་འཐུང་རྒྱུ་མེད་པ་དང་། ཟ་མ་ཟ་རྒྱུ་མེད་པར་བཀྲེས་སྐོམ་མྱངས་ནས་བསྡད་ཡོད། དེ་བས་ང་ཚོས་རང་ཉིད་གཅིག་པུའི་འཚོ་བར་བསམ་བློ་མི་གཏོང་བར་གཞན་གྱི་འཚོ་བ་ལ་ཡང་བསམ་བློ་གཏོང་དགོས། ང་ཚོས་ཆུ་ལ་སྲུང་སྐྱོབ་བྱེད་དགོས།
དེ་བས་ང་ཚོས་ཆུ་ལ་སྲུང་སྐྱོབ་བྱེད་འདོད་ན། ཐོག་མར་རང་གི་ལུས་སྟེང་གི་སྐྱོན་ཆ་བཅོས་བསྒྱུར་བྱེད་དགོས་པ་དང་། རང་ཉིད་ཀྱི་མཐའ་འཁོར་གྱི་དོན་དག་ཆུང་ངུ་རེ་ནས་མགོ་བརྩམས་ཏེ་ཆུ་ལ་སྲུབ་སྐྱོབ་བྱེད་དགོས། རང་གི་ཕ་ཡུལ་གྱི་རྨ་ཆུ་ནི་ཇི་འདྲའི་དྭངས་ཤིང་གསལ་བ་ཞིག་རེད་ཨང་། དེ་དྭངས་པའི་རྐྱེན་གྱིས་ཆུ་ནང་དུ་མིའི་གཟུགས་བརྙན་ཡང་མཐོང་ཐུབ། ཆུ་བོ་དེ་དྭངས་མོ་ཡིན་པའི་རྒྱུ་མཚན་ནི་བདག་གི་ཕ་ཡུལ་གྱི་མི་རྣམས་ཀྱིས་རྒྱུན་དུ་གཙང་སྦྲ་བྱེད་པ་དང་། གད་སྙིགས་གང་ཡིན་སར་འཕེན་པས་ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། དེ་ལྟར་རྒྱུན་འཁྱོངས་བྱས་ནས་ད་དུང་མུ་མཐུད་དུ་རྒྱ་ཇེ་ཆེར་བཏང་ན་ད་གཟོད་ཆུ་ལ་སྲུང་སྐྱོབ་བྱེད་ཐུབ།
ཆུ་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་འགན་ཁུར་ཡིན་ལ་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན། ཆུ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་ཚེ་སྲོག་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་ཆུ་ཐིགས་གཅིག་ཡིན་ཡང་གྲོན་ཆུང་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དགོས། དེ་དང་མཉམ་དུ་ང་ཚོས་རང་གི་བུ་རབས་ཚ་རྒྱུད་ལ་ཆུ་ནི་མིའི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་སོགས་ཀྱི་སློབ་གསོ་གཏོང་དགོས་ལ།རང་གི་ཕ་ཡུལ་གྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་སྟོབས་ཤུགས་འབུལ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན།
ཆུ་ནི་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་ཡིན།
བརྒྱད་བཞི། སངས་རྒྱས་མཚོ་མོ།
“ཆུ”་ཞེས་སྨྲས་མ་ཐག་ཏུ་ངའི་སེམས་སུ་ཐ་སྙད་འདི་རང་ལ་ཆེས་ཆ་རྒྱུས་ཡོད་པ་དང་བར་ཐག་ཤིན་ཏུ་ཉེ་བའི་ཐ་སྙད་ཅིག་ཡིན་པའི་ངེས་ཤེས་སྐྱེས། “ཆུ”་ནི་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་དང་བདེ་སྐྱིད་ཀྱི་གཞི་མ་ཡིན་པའི་གནས་ལུགས་ནི་སྐྱེ་འགྲོ་གང་ཟག་སུས་ཀྱང་གསལ་བོར་མཁྱེན་ངེས། དཔྱིད་ཀར་དཔྱིད་ཀྱི་ལྷ་མོའི་གོམ་འགྲོས་དང་ལྷན་དུ་སྙན་འགྱུར་གྱི་གླུ་དབྱངས་ལེན་བཞིན་པའི་ཆུ་བོ་ཁོང་གིས་ཕྱི་སྣོད་ཀྱི་འཇིག་རྟེན་འདིའི་སྐྱེ་འགྲོ་ཀུན་ལ་སྔར་མེད་ཀྱི་ཚེ་སྲོག་གསར་བ་ཞིག་བསྩལ། མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པའི་དབྱར་གྱི་དུས་ལ་སྐྱེ་འགྲོ་ཀུན་ལ་ཚ་གདུང་གིས་སྐོམ་པས་གཟིར་དུས། ཆུ་བོ་ཁོང་གིས་བདག་བས་གཞན་གཅེས་ཀྱི་ཕན་སེམས་བཟུང་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐོམ་གདུང་སེལ། ས་གཞིས་གསེར་མདོག་གི་གོས་ལྭ་མནབས་དུས། ཆུ་བོས་སྟོན་གྱི་འབྲས་བུ་ཁུར་དུ་ལྕི་བའི་ལོ་ལེགས་མཐོང་ནས་མི་དམངས་ལ་རྟེན་འབྲེལ་ཞུ་བའི་གླུ་གཞས་བླངས། ས་གཞིས་དངུལ་དཀར་གྱི་ན་བཟའ་མནབས་དུས། ཆུ་བོ་སྲ་མོ་ཆུ་ཤེལ་གྱི་ཕོ་བྲང་དུ་འཛུལ་ནས་ལྷག་བསམ་རྣམ་དག་གིས་སྐྱེ་འགྲོ་ཀུན་ལ་གཏན་དུ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས། འཛམ་གླིང་ཧྲིལ་བོའི་སྐམ་ས་དང་ཆུ་བོ་གཉིས་ལས་རྒྱ་ཁྱོན་ཆེས་ཆེ་བ་ནི་ཆུ་བོའི་རྒྱ་ཁྱོན་ཡིན། འོན་ཀྱང་ང་ཚོས་ཆུ་ལ་ངེས་པར་དུ་གྲོན་ཆུང་བྱ་དགོས་ཏེ། རྒྱུ་མཚན་ཚྭ་མེད་ཆུའི་ཐོན་ཁུངས་ལའང་ཚད་ཡོད་པས་ཡིན། ངས་ངའི་ལྟ་ཚུལ་འདི་སྨྲས་མ་ཐག་གྲོགས་པོ་ཁ་ཤས་ཤིག་གིས་དེ་ལ་མི་མཐུན་པའི་སྒྲུབ་བྱ་འགོད་ངེས། ཁོ་ཚོའི་བསམ་པར་ཆུ་ནི་ནམ་ཡང་ཟད་དུ་མེད་པས་ང་ཚོས་རང་འདོད་ལྟར་ཆུད་ཟོས་དང་འཕྲོ་བརླག་ཏུ་བཏང་ཡང་ཆོག་སྙམ་ནས། དུས་རྒྱུན་འཚོ་བའི་ཁྲོད་ནས་ཟས་སྣོད་དང་ལྭ་བ། ལག་པ་བཀྲུ་བ་སོགས་ཕྱོགས་གང་ཐད་ནས་ཆུ་གང་འདོད་ལྟར་བེད་སྤྱོད་དང་ཆུད་ཟོས་སུ་གཏོང་བར་བྱེད། དེ་ལས་གཞན་ད་དུང་ཆུ་བོའི་འགྲམ་དུ་ས་རྡོ་སློག་པ་དང་བྱེ་ཟགས་སྤུངས་བ་སོགས་བྱས་ཏེ་སྔར་གྱི་དྭངས་གཙང་གི་ཆུ་བོ་དེ་རྙོག་ནག་འདམ་ཁུ་ལྟ་བུ་ཞིག་ཏུ་བསྒྱུར་ནས་ཆུ་ནི་ཆུ་ཞེས་པའི་ངོ་བོ་ལས་ཆུ་མིན་པའི་ངོ་བོ་གཞན་ཞིག་ཏུ་བསྒྱུར་འདུག ས་ཆ་ཁ་ཤས་ཀྱི་མི་ལ་གོམ་གཤིས་ངན་པ་ཞིག་མཆིས་ཏེ། དེ་ནི་རང་ཁྱིམ་གྱི་གད་སྙིགས་ས་གཞན་དུ་མི་འཕོ་བར་དྭངས་གཙང་གི་ཆུ་བོའི་ནང་དུ་ལྡུག་པར་བྱེད། མི་དེ་དག་གི་ཚད་ལས་འདས་པའི་བྱ་སྤྱོད་ངན་པ་དེས་ཆུ་བོའི་སྦག་བཙོག་གི་ཚད་ཇེ་ཆེར་བཏང་བར་མ་ཟད། ཆུ་བོའི་ནང་གི་ཆུ་འབུ་དང་སྦལ་ལྕུང་སོགས་ཆུའི་སྐྱེ་དངོས་བགྲང་ལས་འདས་པ་ཞིག་ལ་གནོད་འཚེ་ཆེན་པོ་ཕོག་ཏུ་བཅུག་ལ། དེ་ལས་ཀྱང་ཡ་ང་བ་ནི་མི་ངན་དེ་དག་གིས་ཆུ་བོའི་སྟོད་རྒྱུད་ནས་སྦག་བཙོག་བཟོས་པའི་ཆུ་དེ་ཆུ་བོའི་སྨད་རྒྱུད་ཀྱི་མིས་འཐུང་ཆུར་སྤྱད་པས། མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་ལ་ཐད་ཀར་གནོད་པ་ཚབས་ཆེན་བཟོས་ཏེ་ཁོག་པ་ན་བ་དང་སྐྱུག་མེར་ལངས་བ་སོགས་སྣང་ཚུལ་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་མཆིས། མདོར་ན། འདི་ལྟ་བུའི་མཇུག་འབྲས་ངན་པ་མཐའ་དག་ནི་ཆུ་ལ་སྣང་མེད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མེད་པའི་མི་དེ་དག་ལ་གཞི་བྱས་ཏེ་བྱུང་བ་ལས་གཞན་ཅི་ཡང་མ་ཡིན། ཆུ་བོ་ནི་ཇི་འདྲའི་ཟད་དུ་མེད་པའི་ཐོན་ཁུངས་ཤིག་ཡིན་རུང་། ང་ཚོས་སྲུང་སྐྱོབ་དང་གཅེས་སྐྱོང་མ་བྱས་ན་དེ་ཚད་ཡོད་དང་མི་འདང་བའི་ཐོན་ཁུངས་ཤིག་ཏུ་འགྱུར་ངེས།དེ་བས་ང་ཚོས་རང་གི་ནུས་ཚད་ཀྱིས་ཆུ་བོར་སྲུང་སྐྱོབ་དང་གྲོན་ཆུང་བྱ་དགོས་ལ། ནུས་ཤུགས་གཅིག་སྒྲིལ་གྱིས་ཆུ་བོ་དང་ཁོར་ཡུག་ལ་བཙོག་སྐྱོན་བཟོ་བའི་མི་དེ་དག་ལ་བཀག་འགོག་དང་ཁོ་ཚོའི་ནོར་འཁྲུལ་གྱི་ལྟ་སྟངས་ལ་སློབ་གསོ་ནན་མོ་གཏང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་ང་ཚོས་མུ་མཐུད་དུ་ལུས་ཀྱི་ཟུངས་ཁྲག་ལྟ་བུའི་ཆུ་བོ་ལ་སྲུང་སྐྱོབ་དང་གྲོན་ཆུང་མ་བྱས་ན། མ་འོངས་པའི་འཇིག་རྟེན་སྟེང་གི་ཆེས་མཇུག་མཐའི་ཆུ་ཐིགས་རྡོག་གཅིག་དེ་ང་ཚོ་མིའི་རིགས་ཀྱི་མིག་ཆུ་ཡིན་ཡིན་མི་སྲིད་པའི་ངེས་པའང་མེད་སྙམ།
རྒྱུ་མཚན་དང་གནས་ལུགས་དེ་འདྲའི་མང་པོ་ཞིག་གི་དབང་གིས་ང་རང་གི་བསམ་ཚུལ་ལྟར་ན། ང་ཚོས་ད་ནས་བཟུང་རང་ཉིད་ནས་མགོ་བརྩམས་ཏེ་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ནས། ཚེ་སྲོག་གི་རང་མདངས་ཀྱིས་ཕྱུག་པའི་ཆུ་བོ་སྟེ། སྣོད་བཅུད་ཀྱི་སྲོག་རྩ་དང་མི་ལུས་ཀྱི་ཟུངས་ཁྲག སྐྱེ་དགུ་ཡི་མ་ཡུམ་དུ་འབོད་པའི་ཚེ་སྲོག་གི་འབྱུང་ཁུངས་ཏེ་ཆུ་བོ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
སྣོད་བཅུད་སྲོག་གི་རྩ་བ་ཆུ་བོ་ཡིན།
བརྒྱད་ལྔ། ཁོན་ཐར་ཚེ་རིང་།
འཇིག་རྟེན་གོ་ལ་ཟླུམ་པའི་སྟེང་འཚོ་བའི་སྐྱེས་འགྲོ་སུ་ཡིན་ཡང་ཆུ་ནི་ཆ་རྒྱུས་མེད་པ་ཞིག་གཏན་ནས་མིན། དཔེར་ན་བོད་ཀྱི་གཏམ་དཔེར། ཆུ་མ་ཡོང་གོང་གི་རགས། དགྲ་མ་ཡོང་གོང་གི་དོགས་ཟེར་བ་དང། ཆུ་མགོ་གངས་དང་ཆུ་རྔ་རྒྱ་མཚོ་ཟེར་བ་ལས་ང་ཚོ་ཆུ་ལ་ཆ་རྒྱུས་ཡོད་པ་གསལ་བོར་ཤེས་ཐུབ། ཆུ་ནི་སྐྱེས་འགྲོ་ཀུན་གྱི་སྲོག་ཤིང་ཡིན་པ་དང་། ཆུ་ནི་ཆུང་ཆུང་བྱིས་པའི་དུས་ཀྱི་དར་ཤུད་སྟེགས་ས་ཡིན་པ་དང་། དབྱར་གྱི་ཆུ་རྩེ་བྱེད་ས་ཡིན་པ་བཤད་ཅི་དགོས།ཆུ་ནི་ང་ཚོ་རོང་འབྲོག་མང་ཚོགས་དང་སའི་གོ་ལར་མེད་མི་རུང་། འབྲོག་པ་རྣམས་ལ་ཆ་མཚོན་ན། ལྗང་ཞིང་ནེམ་ལ་རྒྱུན་པར་དམའ་ས་འཛིན་རྒྱུར་དགའ་བའི་རྩྭ་རྩི་ཤིང་དང་།ཡངས་པའི་རྩྭ་ཐང་སྟེང་གི་ཁ་ཏོག་སྣ་བརྒྱའི་མེ་ཏོག བདག་པོས་སྲོག་ལྟར་གཅེས་པའི་རྟ་འདོ་བ་དང་། གྲངས་ལས་འདས་པའི་ལུག་གཡང་དཀར་དང་ནག་མོ་ནོར། ཁྱུང་དཀར་མཛོ་སོགས་ལ་ངེས་པར་དུ་མེད་མི་རུང་བ་ནི་ཆུ་ཡིན། རོང་བ་རྣམས་ལ་མཚོན་ན་ཞིང་ས་གྲུ་བཞིའི་ནང་གི་ལྡེམ་ལྡེམ་གཡོ་བའི་འབྲུ་རིགས་སྣ་ལྔ་དང། ཡལ་ག་རབ་ཏུ་རྒྱས་པའི་སིལ་སྡོང་སྟེང་གི་རོ་མཆོག་བཅུད་ལྡན་གྱི་སིལ་ཏོག་སྣ་ཚོགས་ནི་ཆུ་མེད་ཚེ་ག་ལ་འབྱུང་སྲིད།
ང་ཚོ་བྱམས་ལྡན་ཨ་མའི་མངལ་ནས་སྐྱེས་ནས་ད་ལྟའི་བར་དུ་ཆུ་འཐུང་བ་དང་། ཆུ་ཁོལ་བསྐོལ་བ་དང་། ལྭ་བ་བཀྲུ་བ་དང་། ཆུ་རྩེད་བྱེད་པ་སོགས་ནི་ཆུ་མེད་ན་ཇི་ལྟར་བྱེད།ང་ཚོ་མདོ་དབུས་མཐོ་སྒང་དུ་གནས་པའི་བོད་མི་རིགས་ལ་མཚོན་ན། སྔོན་བྱོན་མེས་པོ་གོང་མའི་རིང་ནས་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་པའི་སྲོལ་བཟང་ཞིག་ཡོད་པ་ཤེས་སམ།་དཔེར་ན་ཆུ་མགོ་མི་རྙོག་པ་དང་ཆུ་ནང་ལ་ཐལ་བ་མི་གཏོར་པ། ཆུ་ནང་ལ་གཅིན་མི་གཏོང་བ། ཆུ་དང་ཆུ་མགོའི་ཉེ་ས་ནས་ས་རྐོ་རྡོ་སློག་མི་བྱེད་པ་སོགས་ལས་ཆུ་ལ་དགའ་ཞེན་དང་ཆུ་ལ་སྲུང་སྐྱོབ་བྱེད་དགོས་པ་གསལ་བོར་རྟོགས་ཐུབ།
ད་ལྟ་ང་ཚོའི་དུས་རབས་ཉེར་གཅིག་པའི་དུས་སུ་ག་ས་གང་དུ་འཕྲུལ་ཆས་ཀྱི་སྒྲ་ནི་ཆད་མེད་དུ་གྲགས་བཞིན་པའི་བཟོ་གྲྭ་དང་གསེར་དངུལ་རིན་ཆེན་གྱི་གཏེར་ཁ་འདོན་པ་དང་ཤིང་སྡོང་མང་བོ་གཅོད་པ། རོང་འབྲོག་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་མདུན་གྱི་ཁེ་སྤོགས་ཆུང་ངུ་ཙམ་གྱི་ཆེད་དུའང་དབྱར་ཁར་དབྱར་རྩྭ་དགུན་འབུ་བརྐོ་བ་སོགས་མ་འོངས་བའི་རང་གི་བུ་རབས་ཚ་རྒྱུད་གྱི་བདེ་སྡུག་གི་འཚོ་བར་བསམ་བློ་ཅུང་ཟད་ཙམ་ཡང་མི་གཏོངབ་ནི་མི་རུང་བ་ཡིན། ཆུ་དང་ཆུ་བོས་ཀྱང་ང་ཚོ་ལ་གནོད་པ་བྱེད་པ་རེད། དེང་སྐབས་རང་རྒྱལ་གྱི་ཤར་ཁུལ་དང་དབུས་ཁུལ་དུ་ཆུ་ལོག་བྱུང་ནས། མི་གྲངས་དུང་ཕྱུར་བཅུ་བཞིས་གྲུབ་པའི་མེས་རྒྱལ་གྱི་རྒྱུ་ནོར་དང་མི་སྲོག་འཆོར་བའི་གྱོང་གུད་ཐེབས་བཞིན་ཡོད་པ་ནི་བརྙན་འཕྲིན་དང་དྲ་རྒྱའི་ཐོག་ནས་རྒྱུན་དུ་མཐོང་བ་མ་ཡིན་ནམ། ང་ཚོས་ཆུ་དང་ཆུ་བོ་གང་འདོད་ལྟར་སྤྱད་ན། ནམ་ཞིག་གི་ཚེ་ན་དྲིན་ཆེན་མ་ཡུམ་གོ་ལའི་སྟེང་གི་ཆུ་དང་ཆུ་བོ་འཛད་ནས། ཐ་ན་རྒྱ་མཚོ་ཆེན་པོའང་སྐམ་འགྲོ་བའི་ཉེན་ཁ་ཐེབས་སྲིད་པ་ནི་འུ་ཅག་གི་བློ་ཡུལ་ལས་འདས་པ་ཞིག་རེད། དེའི་ཕྱིར་ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་ཆུ་ལ་གྲོན་ཆུང་བྱེད་པར་བརྩོན་དགོས། ང་ཚོའི་ཆུ་ནི་ཐད་ཀར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་ཚེ་སྲོག་ལ་འབྲེལ་བ་ཡོད་པས། ཆུ་ཐིགས་ཙམ་ཡིན་ཡང་གྲོན་ཆུང་བྱེད་དགོས།
ཆུ་ནི་ཁྱེད་རང་གཅིག་པུས་མིན་ཕྱིར་འཛད་སྤྱོད་ལ་ཚད་ཡོད་པ་དང་། ཆུ་དང་ཆུ་བོ་ནི་སྙན་ངག་པས་སྨྱུག་རྩེ་ལ་དྲངས་པའི་དབྱངས་ཅན་ལྷ་མོའི་སྐུ་གཟུགས། ཆུ་བོ་ལགས་ཁྱེད་ནི་དྲིན་ཅན་གོ་ལའི་ཟུངས་ཁྲག་དང་མི་གྲངས་དུང་ཕྱུར་མང་པོའི་ཟུངས་ཁྲག་ཀྱང་ཡིན་ནོ། །
ཆུ་བོར་སྲུང་སྐྱོབ་བྱེད་པ།
དགུ་ལྔ། དངོས་གྲུབ་སྒྲོལ་མ།
ང་ཚོ་ཚང་མ་ནི་འབྲོག་ཁྱིམ་དཀྱིས་མ་ཞིག་ཏུ་ཚེ་སྲོག་གི་འདབ་མ་གྲོལ་ཅིང་། སྦྲ་གུར་གྱི་འཇིག་རྟེན་ཞིག་ཏུ་ལང་ཚོ་ཡི་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་དག་ཡིན་པས། སྒོར་བུད་ན་གཅན་གཟན་གྱི་མཆེ་བ་མཁའ་ལ་གཟེངས་འདྲའི་རི་ཚོགས་མང་པོའི་གསེབ་ན་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་འདྲེན་བྱེད་ཀྱི་གསོས་སུ་འགྱུར་བ་མང་པོ་ཡོད་པས། ཆུ་བོ་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་ཀྱིན་མེད།འཕངས་པའི་མདའ་དང་། མངགས་པའི་མི་ནི་ཁོ་བོ་མ་ཡིན་མོད། འོན་ཀྱང་དྲ་ཚིགས་སྣ་ཚོགས་སུ་ཆུ་བོ་དཀོན་པའི་ཉེན་བརྡ་གཏོང་གོན་ཡོད་པ་འདི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པས། ཁོ་བོས་འདི་ནས་ཆུ་མ་ཡོང་གོང་གི་རགས། དགྲ་མ་ཡོང་གོང་གི་དོགས་ཟེར་བ་ལྟར། ང་མི་ཆུང་ཆུང་ཞིག་ལ་གཏམ་ཆེ་ཆེ་ཞིག་མི་འོས་མོད། ཆུ་བོ་ནི་སྣོད་བཅུད་སྲོག་གི་རྩ་བ་ཡིན་པས།ཁྱོད་ཚོས་དར་ལུང་རྣ་བ་དུས་ཡུན་ཐུང་ཐུང་ཞིག་ལ་ང་ལ་གཡོར་དང་། ངས་ཁྱེད་ཚོར་ཆུ་བོ་ལ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་ཐུང་ངུ་ཞིག་བཤད།
དཔྱིད་ཀྱི་དཔལ་མོ་ཁ་ཁུ་སིམ་མེར་ཁ་བ་རི་བོའི་ལྗོངས་ལ་སླེབས་བྱུང་། ཁོ་མོའི་འཇམ་མཉེན་ཕྱག་སོར་གྱིས་དབྱིག་འཛིན་སྒེག་མོའི་མགོ་ལ་བྱིལ་བྱིལ་བྱས་ནས་དབྱིག་འཛིན་སྒེག་མོའི་ཕང་བར་ཉལ་བའི་སྐྱེ་དངོས་མཐའ་དག་ཀྱང་རིམ་བཞིན་གཉིད་ལས་སད་བྱུང་། དགུན་རྒྱ་སྟག་ཁྲ་བོའི་གདུག་རྩུབ་དང་ཨུ་ཚུགས་འོག་ཡུན་རིང་ཚུད་པའི་ཆུ་ཕྲན་དག་ཀྱང་དེ་ཡི་འཆིང་རྒྱ་ལས་ཐོར་སོང་། རང་གི་འོས་འགན་དང་ཕུགས་བསམ་བརྗེད་མེད་པར་རབ་དཀར་དངུལ་གྱི་དྲ་བ་དྲ་ཕྱེད་དང་མཚུངས་པའི་ཆུ་ཕྲན་དག་པ་ཏྲའི་རིས་ཀྱི་ཞིང་སའི་ནང་དུ་སོང་ནས་ཞིང་བ་ལ་ཞིང་ལ་ལོ་ལེགས་བྱུང་བར་རོགས་རམ་བྱས་ཤིང་ཁ་གཡང་བསྒྲགས་ནས་ཞིང་བའི་གདོང་ལ་འཛུམ་མདངས་མེ་ཏོག་བཏོད་པ་དང་། སྡོམ་རྒྱ་བཞིན་བསྣོལ་བའི་ཆུ་ཕྲན་དག་གིས་ཁ་བའི་ལྗོངས་འདི་སུམ་རྩེན་ཡུལ་ཡང་འགྲན་ཟླར་མི་ཡོང་བའི་ལྟ་ན་སྡུག་པའི་ལྗོངས་ཤིག་ཏུ་སྒྱུར།
ཁོ་བོས་གོང་དུ་བཤད་པ་བཞིན། ཆུ་དཀོན་པའི་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་ཡོད། མི་སུམ་ཅུར་བསམ་པ་སུམ་ཅུ། འབྲོང་དྲུག་ཅུར་རྭ་ཁ་དྲུག་ཅུ་ཟེར་བ་ནང་བཞིན། མི་ཁ་ཤས་ཀྱིས་སའི་གོ་ལའི་སྟེང་གི་བརྒྱ་ཆའི་དོན་གཅིག་ཆུ་ཡིན་པས་དེ་ནི་འཛད་མཐའ་མེད་པ་ཞིག་རེད་ཟེར་བ་བཞིན། དེས་ན་ང་ཚོས་འདི་ཡི་སྐོར་མདོ་ཙམ་གླེང་། སའི་གོ་ལའི་སྟེང་གི་བརྒྱ་ཆའི་དོན་གཅིག་ནི་ཆུ་ཡིན་པ་བདེན་མོད། འོན་ཀྱང་དེ་ནི་མཚོ་ཆུ་ཡིན་པ་ལས་བཏུང་ཆུ་དེ་འདྲ་མང་པོ་མེད། དཔེར་ན་ཧྥེ་གླིང་དུ་མི་མང་པོ་ཞིག་ལ་ཆུ་བཏུང་རྒྱུ་མེད་པས་ཚ་གདུང་གི་སྡུག་བསྔལ་བཟོད་དཀའ་བ་མྱངས་རྗེས་མཇུག་མཐར་གཤིན་རྗེར་མཇལ་དུ་འགྲོ་བཞིན་པ་ཡང་མང་པོ་ཡོད། ང་ཚོ་སྐྱེ་བ་སྔོན་མའི་ཚོགས་དང་བསོད་ནམས་ཀྱི་དབང་གིས་ཆུ་ཡི་ཞིང་ཁམས་སུ་སྐྱེས་ཡོད་པས། ང་ཚོས་ཁོ་ཚོ་ཡི་སྡུག་བསྔལ་མི་ཤེས་ལ་ཆུ་ནི་རིན་པོ་ཆེ་རྩ་ཆེན་ཞིག་ཡིན་པ་ཡང་ཚོར་ཀྱིན་མེད།
ཆུ་མེད་ས་གཞི་རྒྱ་ཆེ་ཡང་། །མྱ་ངམ་ཐང་ཞེས་ཀུན་གྱིས་འདོར་ཟེར་བ་བཞིན་ཁྱོད་ཚོས་ཀྱང་ཆུ་ཡི་གལ་ཆེན་རང་བཞིན་ལ་བསམ་བློ་ཞིག་ཐོངས་དང་། ཆུ་མེད་ན་སྐྱེ་འགྲོ་ཡོངས་སྡུག་བསྔལ་གྱི་གཡང་དུ་ལྷུང་འགྲོ། མཚམས་འདིར་སླེབས་དུས་ཁྱོད་ཚོས་ད་དུང་ཆུ་ནི་ཕལ་བ་ཞིག་ཡིན་ཞེས་ན་རག་ཨུ་ཚུགས་ཀྱི་བརྟུལ་ཞུགས་མི་འཛིན་པར་མཁྱེན།
བུ་མོ་གནས་ལ་མ་འགྲོ་ཞེས་འགོག་བའི་ཕ་མ་ཡོད་ཀྱང་བཀག་པའི་བུ་མོ་གང་ན་ཡོད་ཟེར་བ་ལྟར། དགེ་རྒན་གྱིས་ནམ་རྒྱུན་ང་ཚོར་ཆུ་གྲོན་ཆུང་བྱེད་དགོས་ཞེས་ཁ་ཏ་སློབ་གསོ་གནང་དང་གནང་མུས་ཡིན་མོད། འོན་ཀྱང་ང་ཚོས་གཡག་རྭ་སྒྱེ་ནང་དུ་བཅུག་པ་ལྟར་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ནས་ཆུ་བོར་སྲུང་སྐྱོབ་བྱེད་ཀྱིན་མེད་པས། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་འདི་ནས་ཆུ་བོ་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་འདི་དག་བརྗོད་པ་ཡིན།
དེ་བས་བརྒྱ་བཤད་ཚིག་གི་རྩ་བ་དང་། སྟོང་བསྲུབས་འོ་མའི་མར་ལོ་ནི། ང་ཚོས་ད་ནས་བཟུང་ཆུ་བོ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་ཚེ་སྲོག་ཡིན་པའི་གལ་ཆེན་རང་བཞིན་ཡིད་ལ་དམ་པོར་བཟུང་ནས་ཆུ་བོར་སྲུང་སྐྱོབ་དང་གྲོན་ཆུང་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས་པ་འདི་ཡིན་པས། ཕར་བཤད་གཏམ་གྱི་བརྡ་དག་པ། ཚུར་བཤད་ཚིག་གི་དོན་གོ་བ་ཁྱོད་ཚོས་ཀྱང་རྡོ་བརྐོས་རི་མོ་བཞིན་དུ་ཡིད་ལ་བཅངས་རོགས། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ཇི་བཞིན་ཁོ་བོའི་གཏམ་འདི་བཞིན་བསྒྲུབ་པར་གལ་ཆེའོ།།
ཆུ་ནི་ང་ཚོའི་ལུས་ཀྱི་ཟུངས་ཁྲག་ཡིན།
བདུན་བཅུ་འཛིན་གྲྭ། གངས་དཀར་ལྷ་མོ།
ཆུ་ནི་སེམས་ལྡན་གང་ཟག་ཐམས་ཅད་ཀྱི་ལུས་ཀྱི་སྙིང་པོ་ཡིན་ལ། སྣོད་བཅུད་སྲོག་གི་རྩ་བ་ཡང་ཡིན། ཆུ་ནི་སྲོག་ལྡན་སེམས་ཅན་ཀུན་གྱི་ལུས་ན་བཞུར་བཞིན་པའི་ཟུངས་ཁྲག་ཡིན་ལ། སྲོག་མེད་སྐྱེ་དངོས་ཐམས་ཅད་རྒྱས་པའི་གཞི་རྩ་ཡང་ཡིན། ང་ཚོས་ཆུ་ལ་སྲུང་སྐྱོབ་བྱེད་དགོས་ལ། ཆུ་ལ་སྲུང་སྐྱོབ་བྱས་ན་ཀུན་ལ་ཕན།ད་ལྟ་ང་ཚོའི་རྒྱལ་ཁབ་ན་ཡང་ཆུ་མེད་པའི་གནས་རེ་འགའ་ཡོད་ལ། འཛམ་གླིང་སྟེང་དུ་ཆུ་མེད་པའི་གནས་ཡུལ་ནི་མཚན་མོའི་ནམ་མཁའི་རྒྱུ་སྐར་ལྟར་བགྲང་ལས་འདས་པ་ཞིག་ཡོད་པས་རྩིས་མི་ཚར། གནས་དེ་དག་ན་སེམས་ཅན་སྲོག་ཆགས་མང་པོ་ཇི་ལྟར་འཚོ། སྔོ་ལྗང་སྐྱེ་དངོས་སྣ་ཚོགས་ཇི་ལྟར་རྒྱས། དེ་བས། ཆུ་ནི་ང་ཚོའི་ལུས་ཀྱི་ཟུངས་ཁྲག་དང་འདྲ་བར་མེད་དུ་མི་རུང་། གལ་ཏེ་ཆུ་མེད་ན་ང་ཚོ་མི་ཡིས་ཀྱང་འཚོ་བ་སྐྱིད་པོ་རོལ་མི་ཐུབ་ལ། གནས་མལ་སྐྱིད་པོར་སྡོད་མི་ཚུགས་པར་མ་ཟད། ནམ་ཞིག་གི་ཚེ་ལྟོགས་སྐོམ་གཉིས་མནར་གྱི་ངང་ནས་འཆི་འགྲོ་བ་ཁོ་ཐག་ཡིན། ཁ་དཔེ་ལ། ཆུ་མ་ཡོང་གོང་གི་རགས། །དགྲ་མ་ཡོང་གོང་གི་དོགས། །ཞེས་པ་ལྟར།ང་ཚོས་ད་ནས་བཟུང་སྟེ། ཆུ་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། དེའི་དགེ་མཚན་མ་གཏོགས་པར་མུ་མཐུད་དུ་ཆུ་རྩ་ཆེན་རང་སྲོག་འདྲ་བ་འདི་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།ཆུ་ལ་སྲུང་སྐྱོབ་བྱས་ན་ང་ཚོས་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་འདྲ། དེ་ནི་ང་ཚོས་ངེས་པར་དུ་ཕྲག་ཏུ་འཁུར་དགོས་བའི་འགན་ཁུར་གཙོ་བོ་ཞིག་ཡིན་ལ། སྐྱེ་འགྲོ་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཀྱང་ཅི་ལ་མིན། དེ་བས། ང་ཚོས་ངེས་པར་དུ་ཆུ་ལ་སྲུང་སྐྱོབ་བྱེད་དགོས།
རེད་ཡ། གང་ས་གང་དུ་འཛུམ་གྱིས་བརྡོལ་པའི་ཆུ་མིག ཤག་ཤག་བཞུར་པའི་ཆུ་ཕྲན། ལྷུང་ལྷུང་འབབ་པའི་གཙང་པོ། ལང་ལོང་འཕྱུར་བའི་རྦ་རླབས་དག་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་ཡང་། དོན་དངོས་སུ་དེ་དག་ནི་འོ་མ་ལས་ཀྱང་བཅུད་བཟང་ལ། ནོར་བུ་ལས་ཀྱང་རིན་ཐང་ཆེ། ཆུ་ནི་སྲོག་གི་རྩ་བ་དང་ལུས་ཀྱི་སྙིང་བོ་ཡིན་ཟེར་བ་དོན་དང་ལྡན། ང་ཚོས་ངེས་པར་དུ་ཆུ་གྲོན་ཆུང་བྱེད་དགོས།
ཡིན་ན་ཡང་། ད་ལྟ་ད་དུང་སྤྱི་ཚོགས་སྟེང་གི་ཤེས་རྟོགས་དང་གོ་རྟོགས་དམན་པའི་མི་ལ་ལས། ཆུ་ལ་སྲུང་སྐྱོབ་མི་བྱེད་པ་དང་། ཁོར་ཡུག་ལ་དོ་སྣང་མི་བྱེད་པར། རང་བྱུང་ཁམས་ལ་གནོད་པའི་ལས་ངན་པ་མང་པོ་སྒྲུབ་ནས་དངོས་པོ་ཡོད་ཚད་ཆུ་ཟོས་སུ་བཏང་སྟེ། མཛེས་སྡུག་སུམ་རྩེན་དང་འདྲ་བའི་རང་བྱུང་ཡུལ་གྲུ་འདི་ཁྱི་འགྲོ་འགྲོ་དང་ཕག་ཉལ་ཉལ་བྱེད་སའི་ཡུལ་མི་སྡུག་པ་རུ་གཏོང་བཞིན་ཡོད་པས། ང་ཚོས་མི་འདི་ལྟ་བུ་ལ་གཏན་ནས་སློབ་སྦྱོང་བྱེད་མི་རུང་བ་མ་ཟད། ད་དུང་ཁོ་ཚོ་ལ་གནས་ལུགས་མང་དུ་བཤད་ནས། མི་ལེགས་པའི་སྤྱོད་ལམ་བཅོས་བསྒྱུར་བྱེད་དུ་འཇུག་དགོས། ཆུ་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་དུ་འཇུག་དགོས།
ཆུ་ནི་སྲོག་ལྡན་སྐྱེ་དངོས་ཐམས་ཅད་ཀྱི་དབུགས་ཀྱི་གཞི་མ་ཡིན་ལ། སྐྱེ་འགྲོ་སེམས་ཅན་ཀུན་གྱི་བདེ་སྐྱིད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན། ཆུ་ལ་སྲུང་སྐྱོབ་བྱས་ན་ང་ཚོས་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་མཚུངས། ཆུ་ནི་ང་ཚོའི་ལུས་ཀྱི་ཟུངས་ཁྲག་ཡིན་པས། ཆུ་མེད་ཚེ། ང་ཚོ་ཡང་འཚོ་ཐབས་མི་འདུག་ལ། འཛམ་གླིང་སྟེང་གི་སྲོག་ལྡན་ཐམས་ཅད་ཀྱང་འཆི་བར་འགྲོ་བས། ཆུ་ནི་ང་ཚོ་ལ་མཚོན་ན་སྲོག་གི་སྙིང་བོ་དང་དབུགས་ཀྱི་རྒྱུ་བ་ཡིན་པས་ཧ་ཅང་གལ་ཆེན་པོ་ཡིན། ཐ་ན་སའི་གོ་ལའི་སྟེང་གི་རྩྭ་རྩི་ཤིང་། ལོ་ཏོག་ལྗོན་པ། མེ་ཏོག་འདབ་མ་ལྟ་བུ་ལ་མཚོན་ནའང་ཆུ་ནི་མེད་མི་རུང་ལ་ཧ་ཅང་གཙོ་བོ་ཡིན་པའི་སྟབས་ཀྱིས། ང་ཚོས། ཆུང་ཕྱོགས་ནས་རང་ཉིད་དང་ཁྱིམ་མི། གྲོགས་པོའི་ཆེད་དུ་དང་། ཆེ་ཕྱོགས་ནས། རྒྱལ་ཁབ་དང་འཛམ་གླིང་། སེམས་ཅན་སྐྱེ་བོ་ཚང་མ་དང་། སའི་གོ་ལ་ཧྲིལ་བོའི་ཆེད་དུ་ཆུ་ལ་སྲུང་སྐྱོབ་བྱེད་དགོས།
ཆུ་ནི་སྐྱེ་བོ་ཀུན་གྱི་གསོལ་ཇ་ཡིན།།
ཆུ་ནི་སྐྱེ་དངོས་ཀུན་གྱི་བསིལ་ཆབ་ཡིན།།
ཆུ་ནི་སྣོད་བཅུད་འཕེལ་བའི་རྩ་བ་ཡིན།།
ཆུ་ནི་ང་ཚོའི་ལུས་ཀྱི་ཟུངས་ཁྲག་ཡིན།།
ང་ཚོ་ཚང་མས་ཆུ་ལ་སྲུང་སྐྱོབ་བྱེད།།
རྩོམ་ཡིག་མཁོ་འདོན་བྱེད་མཁན་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འཇམ་མགོན་སྐྱབས་ཡིན།
འབྲེལ་ཡོད་འོས་སྦྱོར།