logo

༄༅། །ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་བོད་རྩོམ་འགྲན་སྡུར་ལས་ལེགས་རྩོམ་བདམས་བཀོད། ཁག་གཉིས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-22 ཀློག་གྲངས།:
སྣོད་བཅུད་སྲོག་གི་རྩ་བ་ཆུ་བོ་ཡིན།
བརྒྱད་གསུམ། གཡུ་འབྲུག་མཚོ་མོ།
        ཆུ་ནི་གང་ཟག་སྟེ་འགྲོ་བ་མི་ཞིག་ལ་མཚོན་ན་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། གལ་ཏེ་ཆུ་མེད་ན་ང་ཚོ་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་འདིའི་སྟེང་དུ་འཚོ་དཀའ། ཕ་ཡུལ་གྱི་རྩྭ་ཐང་། ཕ་ཡུལ་གྱི་ཆུ་བོ་ཞེས་པའི་སྙན་འཇེབས་ཀྱི་རོལ་དབྱངས་འདི་ཐོས་འཛིན་ལམ་དུ་འོང་ཐེངས་རེར་ཅོལ་ཆུང་བདག་གི་གངས་དཀར་སེམས་ལ་ཐོག་མར་འཆར་འོངས་པ་ནི་ངེད་གཡང་སྡེ་ཕྱུག་མོའི་སྡེ་མགོ་ན་གྱ་གྱུར་འབབ་པའི་གཙང་ཆབ་སྔོན་མོ་དེ་ཡིན།
        དྭངས་གཙང་གི་བདུད་རྩི་འདི་ཡོད་པའི་སྟབས་ཀྱིས་ད་གཟོད་གོ་ལ་ཟླུམ་པོ་འདིའི་སྟེང་གི་སྐྱེ་དངོས་ཡོད་དོ་ཅོག་འཚར་ལོངས་བྱུང་བ་དང་། བསིལ་འཇམ་གྱི་གཙང་ཆབ་འདི་ཡོད་པའི་སྟབས་ཀྱིས་གཙང་བོའི་ཉེ་འགྲམ་གྱི་སྔོ་ཞིང་ལྗང་བའི་རྩྭ་ཐང་དང་གཡུ་ལོ་ཚང་ཚིང་དུ་རྒྱས་པའི་ནགས་ཚལ་སོགས་ལ་གསོན་ཤུགས་རྒྱས་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་ཁྱད་ཆོས་འཛོམས་པའི་ཆུ་བོ་འདི་ཡོད་པའི་སྟབས་ཀྱིས་འགྲོ་བ་མི་ཡོངས་སྡུག་བསྔལ་གྱི་རྒྱ་མཚོར་མ་ལྷུང་བར་བདེ་སྐྱིད་ཀྱི་ཡུལ་གྲུ་ཞིག་ཏུ་སྐྱེས། ད་ལྟ་དུས་རབས་ཀྱི་འགྱུར་ལྡོག་དང་ཚན་རིག་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པ་དང་བསྟུན་ནས་ཆུ་འཕྲོ་བརླག་ཏུ་གཏོང་བ་དང་གྲོན་ཆུང་གི་འདུ་ཤེས་མེད་ལ་རང་དགར་ཆུ་ལོངས་སུ་སྤྱོད་པའི་གནས་ཚུལ་ཧ་ཅང་ཛ་དྲག་ཆེ་སྟབས་ང་ཚོས་ཆུ་ཐིགས་རེ་རེ་ནས་མགོ་བརྩམས་ཏེ་གྲོན་ཆུང་བྱས་ན་སྐོམ་གདུང་གིས་མནར་བའི་མི་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་ཐུབ།གལ་ཏེ་ཆུ་མེད་ན་མི་མང་པོ་ཞིག་ཕྱི་མའི་ཡུལ་དུ་འགྲོ་སྲིད་ལ། ནགས་ཚལ་ཡོད་དགུ་སྐམ་སྟེ་བྱེ་ཐང་དུ་འགྱུར་སྲིད།
        འོན་ཀྱང་། ད་སྐབས་ཀྱི་ཡུལ་མི་རྣམས་ཀྱིས་ཆུ་བོ་ལ་སྲུང་སྐྱོབ་བྱེད་ཀྱིན་མེད། ང་ཚོ་མིའི་བྱ་བྱེད་ཀྱིས་རང་བྱུང་ཁམས་ལ་གནོད་འཚེ་གང་མང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་ཉམས་ཉེས་ཚབས་ཆེན་བཟོ་བཞིན་ཡོད། སྔོན་གྱི་མེ་ལོང་ལྟར་དྭངས་ཤིང་བསིལ་བའི་ཆུ་བོ་ད་ལྟ་བཙོག་བསླད་དུ་གྱུར་དང་འགྱུར་བཞིན་མཆིས། དེའི་ཕྱིར། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་དེང་རབས་ཀྱི་མི་རེ་རེ་ཡི་བྱོལ་མེད་ཀྱི་འོས་འགན་དུ་གྱུར་ཡོད།
        ངའི་དྲན་འཛིན་དུ་ཆེས་དགའ་བ་ནི་ཆུང་དུས་སུ་རྨོ་མོའི་སྒྲུང་གཏམ་ལ་ཉན་པ་དེ་ཡིན། རྨོ་མོ་ལགས་སྒྲུང་གཏམ་བཤད་པར་དགའ་བ་དང་། ཁྱད་པར་དུ་ཕ་ཡུལ་གྱི་གཙང་ཆབ་སྔོན་མོ་དང་འབྲེལ་བའི་སྒྲུང་གཏམ་བཤད་སྐབས་བརྩེ་དུང་དང་ལྡན་ཞིང་། ངས་རྒྱུན་དུ་མོ་ཡི་མིག་ཟུང་ལས་བཞུར་བའི་དྭངས་གཙང་གི་མཆི་མ་རེ་རེ་ལས་དྭངས་གཙང་གི་ཆུ་བོའི་མཛེས་སྡུག་གི་ཡུལ་ལྗོངས་མཐོང་ཐུབ། ཕ་ཡུལ་གྱི་དྭངས་གཙང་གི་ཆུ་བོ་དེ་ནི་དཀར་ཞིང་རིང་བའི་ཁ་བཏགས་ཤིག་དང་འདྲ་བར་བཞུར་རྒྱུན་མི་ཆད་ལ། རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས། གཙང་ཆབ་སྔོན་མོ་འདིས་དེའི་འགྲམ་གྱི་ས་ཞིང་དང་སྐྱེ་དངོས་གསོ་སྐྱོང་གི་ཐད་ལ་རམ་འདེགས་བྱེད་ལ། ངེད་སྡེ་བའི་བུ་རབས་ཚ་རྒྱུད་རྣམས་དྲིན་གྱིས་བསྐྱངས་པ་ཡིན།
        ལོ་རེ་རེར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་འབྱུང་བཞིན་པའི་རྒྱུ་རྐྱེན་ནི་མི་རྣམས་ཀྱིས་མི་གཙང་བའི་སྙིགས་རོ་ཡོད་དོ་ཅོག་ཆུ་ལ་བསྐུར་ཏེ་ཁོ་ར་ཁོར་ཡུག་བཙོག་བསླད་དུ་བཟོས་པ་དང་གང་སར་ས་བརྐོ་རྡོ་བསློག་བྱས་པ། ནགས་ཚལ་སྟུག་པོའི་ཁྲོད་ཀྱི་ལྗོན་པ་ཐམས་ཅད་བཅད་དེ་བྱེ་ཐང་དུ་བསྒྱུར་བ། ཞིང་འགྲམ་གྱི་ལོ་ཏོག་རྣམས་བསྐྱུར་ཏེ་གྲོང་ཁྱེར་དང་ཁང་བརྩེགས་དཔང་མཐོན་པོ་བསྐྲུན་པ་སོགས་ཀྱི་རྒྱུ་རྐྱེན་ལ་རག་ལས་སོ།།
        དུས་ད་ནས་བཟུང་སྟེ་ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་ཕ་ཡུལ་གྱི་ཆུ་བོ་ལ་སྲུང་སྐྱོབ་བྱས་ཏེ་གད་སྙིགས་གང་སར་མི་འཕེན་པ་དང་། ས་བརྐོ་རྡོ་བསློག་མི་བྱེད་པ།ལག་ཟུང་འགུལ་ནས་སྡོང་འཛུགས་ནགས་སྐྲུན་བྱེད་དགོས་པ་དང་། ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཏེ་ཆུ་བོ་ལ་གཅེས་སྤྲས་དང་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ།།

སྣོད་བཅུད་སྲོག་གི་རྩ་བ་ཆུ་བོ་ཡིན།
བརྒྱད་བཞི། རིན་ཆེན་རྡོ་རྗེ།
        “སའི་གོ་ལའི་ཐོག་གི་ཆེས་མཐའ་མཇུག་གི་ཆུ་ཐིགས་གཅིག་དེ་ང་ཚོ་མིའི་རིགས་ཀྱི་མིག་ཆུ་ཡིན་དུ་མ་འཇོག”ཅེས་པའི་སྐད་ཆ་འདི་ནི་ད་སྐབས་ཤིན་ཏུ་དར་ཁྱབ་ཆེ་བའི་སྐད་ཆ་ཚིག་གཅིག་ཡིན་ཏེ། ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ནམ་ཡང་ཐོ་རེངས་ཀྱི་སྐར་ཆེན་དང་བཅོ་ལྔ་ཡི་ཟླ་བ་ཇི་བཞིན་གསལ་བའི་སྐད་ཆ་ཚིག་གཅིག་ཀྱང་ཡིན་ནོ།།
        ཐེངས་རེར་གྱང་ངོས་ཀྱི་ཆུ་གྲོན་ཆུང་གི་བརྡ་ཁྱབ་འོག་ཏུ་རང་འབབ་ཆུའི་བཞུར་སྒྲ་ཤག་ཤག་ཤག་གྲགས་བཞིན་པ་ཐོས་དུས། ང་ཚོའི་རྣ་བར་དེ་ནི་ང་ཚོ་དང་རིགས་མཐུན་ཞིང་ཆ་མཉམ་པའི་སྐྱེ་འགྲོ་དུང་ཕྱུར་མང་པོའི་ཟུངས་ཁྲག་ས་ལ་འཕོ་བཞིན་པའི་སྒྲ་དང་འདྲ་བར་རྣ་ལ་གཟན་ཞིང་བཟོད་ཐབས་བྲལ་བ་ཞིག་ག་ནས་མ་ཡིན། ཆུ་མེད་ཚེ་གཟི་དཔལ་རབ་ཏུ་འབར་ཞིང་མཚར་སྡུག་སྟོང་གིས་རྫོགས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ལོངས་སྤྱོད་ཀུན་ནས་རྫོགས་ཤིང་སྐྱེས་སྟོབས་དཔལ་གྱིས་ཕྱུག་པའི་ནང་བཅུད་ཀྱི་སེམས་ཅན་ཡོད་ཚད་གནས་མི་སྲིད་པ་མི་ཤེས་པ་སུ་ཞིག་ཡོད། ཡིན་ཡང་དེ་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་རྒྱུའི་ཡ་རབས་ཀྱི་འདུ་ཤེས་དེ་མི་ག་ཚོད་ལ་སྐྱེས་མྱོང་། ཆུ་ཡིས་ང་ཚོ་འགྲོ་བ་མིའི་རིགས་སེར་སྣ་དང་གཡོ་སྒྱུའི་ལྷད་མ་འདྲེས་པར་རྣམ་དག་གི་ལྷག་བསམ་གྱིས་བསྐྱངས་མོད། འོན་ཀྱང་མིའི་རིགས་ཀྱིས་དེ་འཕྲོ་བརླག་དང་དེ་ལ་གཏོར་སྐྱོན་གཏོང་བཞིན་ཡོད་པ་འདི་ནི་ཕ་མས་དྲིན་གྱིས་བསྐྱངས་བའི་བུ་ཕྲུག་གིས་ཕ་མར་དྲིན་ལན་ལོག་འཇལ་བྱས་པ་དང་ཡོངས་སུ་མ་མཚུངས་སམ།
        གལ་ཏེ་ཆུ་མེད་ན་ང་ཚོ་ལ་སྐྱེས་སྟོབས་ཀྱི་གཟི་བྱིན་རབ་ཏུ་འཕྲོ་བའི་ལང་ཚོ་ཡོད་མི་སྲིད་ལ། ཁྱད་པར་དུ་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དང་། བྷོ་ཊ་སྟེ་བོད་ཁ་བ་ཅན་གྱི་རིག་གནས་འདི་དག་དེ་བས་ཀྱང་ཡོད་མི་སྲིད་པས་ན། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ལས་ལྷག་པར་དུ་རིག་གནས་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་མིན་ཞེས་སུ་ཞིག་གིས་སྨྲ་ཐུབ།
        མི་ཁ་ཤས་ཀྱིས་རང་ཉིད་ཀྱིས་ཆུ་ལ་གྲོན་ཆུང་བྱེད་དགོས་དོན་མེད་དེ། ཆུ་ལ་གྲོན་ཆུང་མ་བྱས་ནའང་རང་ཉིད་ཀྱིས་རྒྱུ་ནོར་དང་ལོངས་སྤྱོད་ལ་བརྟེན་ནས་ཆུ་ཉོས་པར་ཆོག་སྙམ་མོད། ཡིན་ཡང་དེ་ནི་བསམ་བློ་མ་བཏང་བ་ཤ་སྟག་ཡིན་ཏེ། ཆུ་ནི་ཚེ་སྲོག་གི་རྩ་བ་ཡིན་པས། ནམ་ཞིག་དེ་དཀོན་པའི་དུས་ལ་ཚེ་སྲོག་དོར་ནས་རྒྱུ་ནོར་ལ་བརྗེ་མཁན་ཞིག་ཡོད་མི་སྲིད་པ་ནི་བསམ་བློ་གཏོང་མི་དགོས་པའི་གནད་དོན་ཞིག་གོ །
        ཁྱོད་ཀྱིས་སྤྱན་ཟུང་ཆེ་རུ་བགྲད་དེ་ཉེ་འཁོར་ལ་ཞིབ་ཀྱིས་གཟིགས་རོགས། གལ་ཏེ་ཆུ་མེད་ཚེ། ཁྲ་ཁྲ་རིག་རིག་གི་ཡུལ་འདི་ན་གནས་པའི་བྱ་དངོས་ག་ཚོད་ལ་ཚོན་མདངས་ལྡན། ཡང་སྐྱེ་དངོས་ག་འདྲ་ཞིག་གསོན་པོར་གནས། ཆུ་ཡིས་འཇིག་རྟེན་འདིར་སྔར་མེད་ཀྱི་གསོན་ཤུགས་བསྩལ་ཅིང་། ས་གཞི་ཆེན་པོ་འདིར་སྔོན་མེད་ཀྱི་ཚེ་སྲོག་སྦྱིན་འདུག་པ་ཁྱོད་ཀྱིས་མ་ཚོར་རམ།
        སྣོད་བཅུད་སྲོག་གི་རྩ་བ་ཆུ་བོ་ཡིན། སྐྱེ་འགྲོ་ཀུན་གྱི་བརྟེན་སའང་ཆུ་བོ་ཡིན། ཆུ་ལ་གྲོན་ཆུང་བྱ་དགོས་ཏེ། དེ་བས་ཀྱང་གཅེས་སྤྲས་བྱ་དགོས། གྲོན་ཆུང་དང་གཅེས་སྤྲས་ཟེར་བ་ནི་ཁ་ཡི་རླངས་པ་ཙམ་གཏན་ནས་མ་ཡིན་ཏེ། འཚོ་བའི་ཁྲོད་ཀྱི་ཞིབ་ཕྲ་ལྡན་པའི་བྱ་སྤྱོད་ཕྲན་བུའི་ཁྲོད་དུ་གནས། ཉིན་རེ་རེའི་སྐར་ཆ་རེ་ལ་ཡང་རང་འབབ་ཆུའི་སྒོ་རྒྱག་རྒྱུ་མི་བརྗེད་པར། ཕྱིས་ནས་དོན་དེ་སྣང་མེད་འཇོག་པའི་གོམས་གཤིས་ཡལ་བར་དོར་ཏེ། མུ་ནས་མུ་རུ་དེ་ལྟར་དུ་རྒྱུན་འཁྱོངས་གང་ལེགས་བྱས་ན། ནམ་ཞིག་གི་ཚེ་ཁྱོད་ཀྱིས་ཤེས་དུས་སུ། སྔར་ནས་བཟུང་ཆུ་ཐིགས་སྟོང་ཕྲག་མང་པོ་གྲོན་ཆུང་བྱས་ཟིན་ཏེ། དེ་ནི་རླབས་ཆེ་བའི་གྲོན་ཆུང་ཞིག་རེད། ཆུ་ལ་བཀོལ་སྤྱོད་བྱེད་པ་ནི་ང་ཚོའི་འཚོ་བ་ཡིན་ན།ཆུ་ལ་གྲོན་ཆུང་བྱེད་པ་ནི་ང་ཚོའི་འོས་འགན་ཅིའི་ཕྱིར་མིན།
        མིའི་རིགས་ཀྱི་མ་འོངས་པ་དེ་ཆུ་ལ་གྲོན་ཆུང་དང་སྲུང་སྐྱོབ་མ་བྱས་པའི་སྐྱོན་དང་ནོར་འཁྲུལ་ལས་འཇིག་པ་ནི་སུས་ཀྱང་མཐོང་འདོད་པ་ཞིག་མིན་ལ། མིའི་རིགས་ཀྱི་མིག་ཆུ་དེ་འཇིག་རྟེན་འདིའི་ཆེས་མཐའ་མཇུག་གི་ཆུ་ཐིགས་གཅིག་ཏུ་འགྱུར་བ་ནི་ང་ཚོས་དེ་བས་ཀྱང་མཐོང་འདོད་པ་ཞིག་མིན་པས་ན། ཐིགས་པ་གཅིག་གི་ཆུ་ལའང་གྲོན་ཆུང་དང་། རྡོག་པོ་གཅིག་གི་ཆུ་ལའང་གྲོན་ཆུང་བྱ་རྒྱུ་ནི་སྨྲ་མི་དགོས་པའི་གཏམ་ཡིན། ཡོད་ཚད་ཀྱི་ཡོད་ཚད་གྲོན་ཆུང་གི་འདུ་ཤེས་ལས་མཆེད་པར་རྟོགས་པ་ནི་ཀུན་ལ་མཁོ་ཞིང་ཀུན་ལ་ལྡན་དགོས་པའི་གོམས་གཤིས་དང་བྱ་སྤྱོད་ཅིག་ཏུ་འགྱུར་བ་ནི་ཆུ་ཐིགས་རྡོག་པོ་གཅིག་ལས་འཕྲོས་པའི་གཏམ་ཡིན་ན། མི་དམངས་དུང་ཕྱུར་བདུན་ཅུའི་སྙིང་ཁོང་ལས་བརྡོལ་བའི་གཏམ་ཡང་ཅིའི་ཕྱིར་མིན་ནོ།།

ཆུ་ནི་སྐྱེ་འགྲོ་ཀུན་གྱི་སྲོག་ཡིན།
དགུ་གཅིག གཡང་མཚོ་སྒྲོལ་མ།
        རིག་གནས་ལག་རྩལ་གྱི་བང་ཁ་སྐྱེན་ལ། སྒེར་སེམས་ཀྱི་འདོད་པ་མེ་ལྟར་འབར་བའི་དེང་གི་དུས་འདིར། སྔོན་ཐོན་གྱི་བསམ་བློའི་འདུ་ཤེས་ཞན་ལ། འདས་མ་ད་གསུམ་གྱི་དོན་དངོས་ལ་དཔྱོད་པར་མི་མཁས་པའི་སྐྱེ་བོ་མང་བོ་ཞིག་གིས་རང་ཅག་ཚོའི་ཁྲ་ཆུང་མིག་གི་སྤྱོད་ཡུལ་དུ་གྱུར་ཅིང་། རོ་འཛིན་ལྕེ་ཡི་མྱོང་བྱར་གྱུར་བའི་ཚེ་སྲོག་གི་འབྱུང་རྩ་སྟེ་ཆུ་ལ་བརྫད་སྐྱོན་གང་མང་བཏང་ནས་འབྱུང་འགྱུར་གྱི་འཚོ་བ་འདི་སྐྱ་ཐང་ཐང་གི་བྱེ་མའི་ནང་དུ་རྫོངས་པའི་སྟ་གོན་བྱེད་གྲབས་མཆིས་པས། རིག་པའི་བདུད་རྩི་ཕྲན་ཙམ་རྒྱུད་དུ་མངའ་བའི་གཞོན་ནུ་ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་གཞན་ཕན་གྱི་ལྷག་བསམ་དཀར་བོ་ཞིག་ཤ་དང་རུས་པའི་གསེང་དུ་ཉར་ནས་ཆུ་ལ་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ནི་བྱོལ་མེད་ཀྱི་འོས་འགན་ཉག་གཅིག་ཅི་ལ་མིན།
        སྤང་ཁུག་ནས་བརྡོལ་བའི་ཆུ་མིག བྲག་ངོས་ནས་འབབ་པའི་རྦབ་ཆུ། སྔོ་ལྟེམ་མེར་འཁྱིལ་བའི་མཚོ་ཆུ་བཅས་ནི་ཆུ་འབྱུང་སའི་གཞི་མ་ཡིན། འདི་དག་ཡོད་ཚད་ཀྱིས་སེར་སྣ་དང་ཕངས་སེམས་སྤུ་ཙམ་མེད་པར་སྤྱི་ཕན་གྱི་བསམ་པ་བཟང་བོ་ཞིག་ཡིད་ལ་ཉར་ནས་སྣོད་བཅུད་ཀྱི་འཇིག་རྟེན་འདིའི་ནང་དུ་འཚོ་ཞིང་གནས་པའི་སྐྱེ་དངོས་ཡོད་དགུ་ལ་གསོན་ཤུགས་ཀྱིས་ཁེངས་པའི་བླ་མེད་ཀྱི་ཚེ་སྲོག་ཅིག་བསྩལ་ལ། དེར་མུ་མཐུད་དུ་རྒྱུན་བསྲིངས་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག དེ་བས། ཆུ་ནི་རང་བྱུང་ཁམས་ཆེན་མོ་འདིའི་ལུས་སུ་བར་མེད་རྟག་ཏུ་རྒྱུ་བའི་ཟུངས་ཁྲག་དེ་དང་གཉིས་སུ་མ་མཆིས་ལ། སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་འཕར་ལྡིང་རྒྱུན་སྲིང་བྱེད་པར་མེད་དུ་མི་རུང་བའི་རིན་ཆེན་ནོར་བུ་ལྟ་བུ་ཡིན། གལ་ཏེ་ཆུ་མེད་ན། སྔོ་ལྗང་ནེའུ་གསིང་གི་རྩི་ཏོག་སུ་ཡིས་སྐྱོང་། སྡུག་གུར་བཀྲ་བའི་མེ་ཏོག་སྣ་མང་གི་མཛེས་སྡུག་སུ་ཡིས་གནང་། གར་དུ་རྩེན་པའི་རི་དྭགས་རྣམས་ཀྱི་རྩེད་གྲོགས་སུ་ཞིག་བྱེད་སྲིད། མིའི་རིགས་ཀྱི་ཚེ་སྲོག་ཅི་ལྟར་རྒྱུན་འཁྱོངས་བྱེད་དགོས། ངེད་ཅག་གིས་འདི་དང་འདི་ལྟ་བུའི་དོན་དངོས་ཀྱི་གནས་ཚུལ་བགྲང་འདས་ཤིག་ལ་མནོ་བསམ་ཡང་ཡང་བཏང་ནས་ཆུ་ཡི་གཞལ་མེད་ཀྱི་རིན་ཐང་རྟོགས་དགོས་ལ། ཡོད་དགུ་རྩལ་སྤྲུགས་ཀྱིས་ཆུ་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེའོ།།
        ཆུ་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་འཚོ་བ་ལ་མཐུན་རྐྱེན་བསྐྲུན་པ་ཡིན་ཏེ། དྭངས་ཤིང་བསིལ་ལ་མངར་ཞིང་ཞིམ་པའི་ཆུ་ལ་ལྷད་ཡོད་ཀྱི་རྫས་འདྲེས་སུ་མ་བཅུག་ན། དེས་ཁྱེད་ཀྱི་ལུས་ཕུང་ལ་ཕངས་མེད་ཀྱི་ཕན་བདེ་བསྐྲུན་རྒྱུ་ལས། གནོད་པ་ཅི་ཡང་བཟོ་མི་སྲིད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ཏེ། ཆུ་ཡོད་པས་ཞིང་ནང་གི་འབྲུ་དྲུག་སྙེ་མའི་མགོ་བོ་འབྲས་བུའི་ཁུར་ཀྱིས་དུད་ཅིང་སོ་ནམ་པ་དག་གི་གདོང་ནས་དགའ་བའི་འཛུམ་མདངས་ངོམ་པ་ཡིན། ཆུ་ཡོད་པས་ཕྱུགས་རིགས་དཀར་ནག་ཐམས་ཅད་ལ་ཤ་ཤེད་རྒྱས་ཤིང་འཕེལ་ཁ་དར་བ་ཡིན། ཆུ་ཡོད་པས་ང་ཚོ་མིའི་རིགས་འཇིག་རྟེན་མི་ཡུལ་འདིར་ད་ལྟའི་བར་དུ་འཚོ་གནས་བྱེད་པའི་སྐལ་བཟང་འདི་བྱུང་བ་ཡིན། དེ་བས། ང་རང་ཚོས་རྒྱབ་ཕྱོགས་ལག་པས་སྐྱོར་བཞིན་མིག་དབང་རྒྱང་དུ་བསྲིངས་ནས་ཆུའི་བླ་མེད་ཀྱི་བྱས་རྗེས་དེ་རྟོགས་པར་བྱེད་དགོས་ལ། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་མི་བུ་ཞིག་བྱས་ནས་དབྱིག་འཛིན་མའི་པང་དུ་ངལ་བ་དང་ཕངས་སེམས་སྤུ་ཙམ་ཡང་མེད་པར་གཞན་དོན་གྱི་སླད་དུ་བརྩོན་བཞིན་པའི་ཆུ་འདི་ལ་རང་ནུས་ཅི་ལྕོགས་ཀྱིས་སྲུང་སྐྱོབ་བྱེད་དགོས།
        སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་ཚན་རིག་ལག་རྩལ་གྱི་ཆུ་ཚད་ནི་བྱ་འཕུར་བ་ལྟར་མགྱོགས་ལ། སྐྱེ་བོ་མང་བོ་ཞིག་གི་ཧམ་སྒེར་གཉིས་འཛོམས་ཀྱི་བསམ་པ་དེ་མེ་སྟག་མཆེད་པ་ཇི་བཞིན་གང་ས་གང་དུ་རྒྱུ་བཞིན་འདུག་པས། རང་སེམས་འཛེམ་མེད་ཀྱིས་ཆུ་བོ་སྣ་མང་ལ་གནོད་སྐྱོན་འདྲ་མིན་མང་བོ་བཟོས་པ་དང་། འབྱུང་འགྱུར་གྱི་འཚོ་བར་སྐོམ་གདུང་གི་དཀའ་ངལ་འབྱུང་བར་སྔོན་འགྲོའི་རྨང་གཞི་གཏོང་བཞིན་འདུག སྤྱིར་བཤད་ན། མིའི་རིགས་ཀྱིས་ཆུ་ལ་གནོད་སྐྱོན་བཏང་བའི་མཇུག་འབྲས་ཡོད་ཚད་ཕྱིར་རང་ཉིད་ཀྱི་སྟེང་དུ་ཡོང་བ་ལས་གཞན་གང་གི་སྟེང་དུ་ཡང་མི་འགྲོ་བ་སྟེ། ཆུ་མེད་ན་ལྗོན་ཤིང་གཡུ་ལོ་ཚང་ཚིང་དུ་རྒྱས་པའི་ནགས་ཚལ་འདི་ཡོད་མི་སྲིད་ལ། རྩྭ་ཆུའི་བཅུད་ལ་ལོངས་སྤྱོད་བྱེད་པའི་རི་སྐྱེས་སྲོག་ཆགས་སྣ་མང་འདི་ཡང་གོ་ལ་ཟླུམ་པོ་འདིར་གནས་ག་ལ་སྲིད། དེ་བས། ཡོད་ཚད་ཀྱི་འབྱུང་རྩ་ནི་ཆུ་ཡིན་ལ།ང་ཚོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་དོན་དུ་ཡོད་ཚད་ཀྱི་ཡོད་ཚད་ལ་གཏོར་བརླག་ཐེབས་སུ་མ་བཅུག་པར་ཚེ་སྲོག་གི་འབྱུང་རྩ་འདིར་ཧུར་ཐག་འབད་ཐག་དང་རང་ནུས་ཅི་ལྕོགས་ཀྱིས་སྲུང་སྐྱོབ་གང་ལེགས་བྱས་ནས་རྗེས་རབས་པ་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་སེར་པོ་ཞིག་མཐོང་དུ་འཇུག་དགོས་ལ། ནད་མེད་བདེ་ཐང་གི་ལུས་ཕུང་ཞིག་ཡོད་དུ་འཇུག་དགོས། 
        ཚེ་སྲོག་གི་འཕར་ལྡིང་རྒྱུན་སྲུང་བྱེད་སྤྱད་ཀྱི་ཆུ་ནི་སྣོད་བཅུད་ཀྱི་འཇིག་རྟེན་འདིར་མཚོན་ན་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་པས། ང་ཚོ་སྐྱེ་བོ་སུ་དང་གང་གིས་ཀྱང་ནོར་བུ་རང་ལ་ཡོད་དུས་དེའི་རིན་ཐང་རྟོགས་པར་བྱས་ནས་གཅེས་སྤྲས་དང་སྲུང་སྐྱོབ་གང་ལེགས་བྱེད་དགོས་ལ། འདས་མ་ད་གསུམ་གྱི་འཚོ་བའམ་མི་རབས་ཕྱི་མ་རྣམས་ཀྱི་བདེ་ཐང་དང་། གོ་ལ་ཟླུམ་པོ་འདི་རྟག་བརྟན་དུ་གནས་པར་བྱེད་ཆེད་ཆུ་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་འདུ་ཤེས་ལེགས་པོ་ཞིག་དགོས་པར་མ་ཟད། དེ་སྔར་བས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་ལུས་ཁམས་གསོ་བྱེད་ཀྱི་བདུད་རྩི་འདིར་གཅེས་སྤྲས་དང་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ནི་ང་ཚོ་མི་རེ་རེ་ཡི་བྱོལ་མེད་ཀྱི་འོས་འགན་ཞིག་ཡིན་ནོ།།

ཆུ་ནི་འགྲོ་བ་ཀུན་གྱི་ཚེ་སྲོག་ཡིན། 
བདུན་བཅུ་གཅིག དུང་འགྲུབ་སྒྲོལ་མ།
        ཆུ་ནི་ང་ཚོས་རྒྱུན་པར་མཐོང་གྱིན་ཡོད་པ་དང་། དེ་ནི་ང་ཚོ་དང་འགྲོ་བ་རིགས་དྲུག་གི་ཚེ་སྲོག་རེད། དེ་བས། ཆུ་ཐིགས་པ་གཅིག་ཀྱང་ང་ཚོས་ཆུད་ཟོས་སུ་གཏོང་མི་རུང་བར་གྲོན་ཆུང་བྱེད་དགོས་པ་ནི་ང་ཚོའི་འགན་ཁུར་ཡིན། 
        གལ་ཏེ། སའི་གོ་ལའི་སྟེང་གི་ཡོད་ཚད་འཛད་ཚེ། ང་ཚོས་ལྷུང་ལྷུང་དུ་བཞུར་བཞིན་པའི་ཆུ་ཕྲན་ཆུང་ཆུང་། ད་དུང་སྔོ་ལམ་ལམ་བྱེད་པའི་རྒྱ་མཚོའི་ནང་དུ་ཅི་དགར་འཁྱུག་རྩལ་ངོམ་པའི་ཉ་མོ་ཆུང་ཆུང་ཕར་རྐྱལ་ཚུར་རྐྱལ་བྱེད་པ་ཡང་མཐོང་མི་ཐུབ། དེར་མ་ཟད། ད་དུང་མུ་མཐའ་མེད་པའི་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་སོས་དལ་བག་ཕེབས་ངང་གནས་པའི་རྟ་ནོར་ལུག་གསུམ་སོགས་ཀྱང་མཐོང་མི་ཐུབ། ཆུ་མེད་ཚེ། སྐྱེ་འགྲོ་ཀུན་ལ་སྲོག་མེད་པ་དང་འདྲ་ལ། ནགས་ཚལ་སྟུག་པོ་དང་དགའ་བའི་འཛུམ་མདངས་ཤར་བའི་མེ་ཏོག་སྣ་བརྒྱ་ཡང་སྐམ་པར་འགྱུར་ངེས་ཡིན། རི་དྭགས་དང་གཅན་གཟན། ཐ་ན་ང་ཚོ་འགྲོ་བ་མིའི་རིགས་ཀྱང་ཤི་བར་འགྱུར་རོ། །དེའི་རྐྱེན་གྱིས། ང་ཚོས་ཆུ་ཐིགས་རེ་རེ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། དེ་ནི་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བའི་འབྱུང་ཁུངས་མ་ཡིན་ནམ། དོན་དག་འདི་ནི་ངའི་ཕ་ཡུལ་དུ་བྱུང་བ་ཞིག་ཡིན། ཉིན་ཞིག་ལ། ནམ་ཟླ་ཧ་ཅང་བཟང་། ཨ་སྔོན་དགུང་གི་ཁྲི་གདུགས་ཉི་མའི་འོད་ཟེར་ས་གཞིར་འཕྲོས་ནས་ཚ་ལམ་ལམ་བྱེད། ངས་ངེད་ཚང་གི་ལུག་བརྒྱ་ཙམ་ཡོད་པ་དེ་དེད་ནས་ཆུ་འགྲམ་ཞིག་ཏུ་སླེབས། དེའི་མཐའ་འཁོར་དུ་རྩྭ་དང་རྩི་ཤིང་། མེ་ཏོག་སོགས་སྣ་ཚོགས་བཞད་ཡོད། མེ་ཏོག་དེ་དག་མཐོང་མ་ཐག་ཏུ་ངའི་ཡིད་སེམས་རང་དབང་མེད་པར་དགའ་སྦྲོ་སྐྱེས་བྱུང་། འོན་ཀྱང་། རྫིང་བུ་དེའི་ནང་གི་ཆུ་ནི་ཕལ་ཆེར་སྐམ་ནས་ཚར་ལ་ཉེ་ཡོད། ཆུ་ནང་དུ་ཉ་མོ་ཆུང་ཆུང་ཕར་རྐྱལ་ཚུར་རྐྱལ་བྱས་ནས་བྲེལ་འཚུབ་ཀྱི་ངང་རྐྱལ་བ་དང་། ད་དུང་ཉ་མོ་འགའ་ཡང་ཤི་ཡོད། རྫིང་བུ་དེའི་ནང་གི་ཆུ་ཧ་ཅང་རྙོག་པ་ཡིན་ལ་ནང་དུ་གད་སྙིགས་མང་པོ་ཡོད། ཐ་ན་ལུག་ཁྱུ་རྣམས་ཀྱིས་ཀྱང་ཆུ་རྙོག་པ་དེ་མི་འཐུང་བ་རེད། དུས་དེར་ངས་ད་གཟོད་ཆུ་མེད་ན། འཇིག་རྟེན་སྟེང་གི་འགྲོ་བ་མིའི་རིགས་དང་སྲོག་ཆགས་གང་ཡིན་ཡང་གསོན་མི་ཐུབ་པ་གཞི་ནས་རྟོགས་བྱུང་། ཆུ་ནི་ང་ཚོར་མཚོན་ན་ཇི་འདྲའི་རིན་ཐང་ཆེ་བ་ཞིག་རེད་ཨང་། ང་ཚོས་ཆུ་ལ་གྲོན་ཆུང་ལེགས་པོ་བྱེད་པ་ལས་ཆུད་ཟོས་སུ་གཏོང་ག་ལ་རུང་། 
        ང་ཚོས་ཆུ་ཐིགས་གཅིག་ཡིན་ཡང་གྲོན་ཆུང་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བཟང་བོ་བསྐྱེད་དགོས། ང་ཚོས་ཆུ་ཁོ་ན་སྲུང་སྐྱོབ་བྱེད་དགོས་པ་ལས་ད་དུང་རང་བྱུང་གི་ཁོར་ཡུག་ལའང་སྲུང་སྐྱོབ་ལེགས་པོ་བྱེད་དགོས། ང་ཚོས་རང་གི་ཁེ་ཕན་ཁོ་ན་བསམས་ཏེ་ས་གང་སར་ས་བརྐོ་རྡོ་སློག་བྱེད་པ་དང་། ལྗོན་ཤིང་གཡུ་ལོ་ཚིང་ཚིང་དུ་སྐྱེས་པའི་ནགས་ཚལ་སྟུག་པོ་རང་དགར་གཅོད་པ། དལ་འགྲོ་མ་སྟེ་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་གྱི་ནང་དུ་གད་སྙིགས་སྣ་ཚོགས་འཕངས་ནས་འབག་བཙོག་ཏུ་གྱུར་ཚེ། ང་ཚོའི་གཞིས་ཁྱིམ་དྲོན་མོ་སའི་གོ་ལ་འདི་འཇིག་ཉེན་ཧ་ཅང་ཆེན་པོ་འདུག
     དེ་བས། ང་ཚོས་ཆུ་གྲོན་ཆུང་བྱེད་པ་དང་རང་གི་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། ང་ཚོས་འཇིག་རྟེན་སྟེང་གི་ཆེས་མཐའ་མཇུག་གི་ཆུ་ཐིགས་དེ་རང་ཉིད་ཀྱི་མིག་ཆུ་རུ་འགྱུར་དུ་འཇུག་མི་རུང་། ང་ཚོས་ད་དུང་ཡིད་དུ་འོང་བའི་སྐྱེ་དགུ་ཐམས་ཅད་ཀྱི་ཁྱིམ་གཞི་སའི་གོ་ལ་དང་ཆུ་ལ་གཏོར་བརླག་བྱེད་མི་རུང་པར་སྲུང་སྐྱོབ་བྱེད་དགོས། ཆུ་ནི་ང་ཚོའི་ཚེ་སྲོག་ཡིན་པས་དེ་ལ་སྲུང་སྐྱོབ་དང་གྲོན་ཆུང་བྱེད་དགོས། 

སྣོད་བཅུད་སྲོག་གི་རྩ་བ་ཆུ་བོ་ཡིན།
བརྒྱད་གསུམ། མཁར་མོ་ཐར།
        བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲའི་གཡུ་ཐང་སྔོན་མོའི་ལྗོངས་སུ་གཡུ་འབྲུག་སྔོན་མོས་འཁྱུག་རྩལ་ངོམ་འདྲའི་གཙང་ཆབ་སྔོན་མོ་འདི་ནི་སྣོད་བཅུད་སྲོག་གི་རྩ་བ་ཡིན་ལ། བུ་མོ་ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་དེ་ཁྱེད་ཀྱི་ཁུགས་སོ་དང་བོ་ནས་བསྒྲགས་པར་མ་ཟད། བསིལ་ལྡན་གངས་རིའི་ལྗོངས་སུ་མགྲོན་དུ་ཕེབས་པ་ནས་ཐོག་མའི་འཐུང་ཆུའང་ཡིན། གཙང་ཆབ་སྔོན་མོ་འདིའི་ཆུ་མགོ་གངས་རི་ལ་ཟུག་ཅིང་ཆུ་རྔ་རྒྱ་མཚོར་འདྲེས་པར་བྱས་ཡོད།
        ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་འདི་ནི་ཁ་ལ་ཞིམ་ཞིང་ལྟོ་བར་བདེ་བའི་སངས་རྒྱས་སྨན་བླའི་སྨན་ཆུ་ཡིན་ཞིང་། ཕྱི་ལུས་ཀྱི་ནག་ནོག་གི་དྲི་མ་དག་གཙང་བྱེད་ལ་ནང་སེམས་ཀྱི་སྡིག་སྒྲིབ་དང་ནད་རིགས་སོགས་ཀྱང་གཙང་སེལ་བྱེད་ཐུབ། དཔྱིད་ཀྱི་དཔལ་མོ་དལ་གྱིས་སླེབས་དུས་གཙང་ཆབ་ཁྱེད་རང་ཆབ་རོམ་གྱི་གུར་ཁྱིམ་ནས་གཉིད་ལས་སད་དེ། མྱུར་བ་མྱུར་དུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་འཚོ་བའི་བདེ་སྡུག་གི་ཆེད་དུ་ས་གཞིའི་ཁྱོན་ཡོངས་སུ་ཚེ་སྲོག་གི་སྐྱེས་སྟོབས་རྒྱས་སུ་བཅུག དབྱར་ཁའི་དུས་སུ་ཁྱོད་ཀྱིས་སྐྱེ་འགྲོ་ཀུན་གྱིས་བཟོད་དཀའ་བའི་རྟ་བདུན་དབང་བོའི་ཚྭ་གདུགས་བཅོམ་ནས་བསིལ་སྦྱིན་མཁན་ཡིན་ལ། ཡོད་ཚད་ཀྱི་ཡོད་ཚད་ལ་སྐྱེས་སྟོབས་ཀྱི་ཁོ་ལག་རབ་ཏུ་རྫོགས་པར་བྱེད་པར་མ་ཟད། སྤང་འགྲམ་གྱི་མེ་ཏོག་འཐུ་བཞིན་གླུ་གར་ལ་རོལ་མྱོང་ཐེངས་གཅིག་བྱེད་བཞིན་བཞུད་དོ། །སྟོན་ཁར་སླེབས་པ་ན་ཁྱོད་ཀྱིས་དུས་ཚིགས་ཀྱི་གོམ་པའི་འགྲོས་དང་བསྟུན་ནས་ས་གཞིའི་ལྗང་མདོག་གི་ལྭ་བ་ཕུད་དེ་གསེར་མདོག་གི་འཕྱོར་ལྭ་མནབས་པར་མ་ཟད། གསེར་མདོག་གི་སྡོང་ལོ་འཁྱེར་བཞིན་སྒེག་ཉམས་ལྡན་པའི་བྲོ་གར་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག་ཏུ་ངལ་གསོ་བར་གྲ་སྒྲིག་བྱེད་བཞིན་འདུག དགུན་གྱི་རྒྱ་སྟག་བཙན་པོས་མཆེ་བ་གཙིགས་ནས་སླེབས་དུས། ཁྱེད་རང་ཡང་བསྐྱར་ཆབ་རོམ་གྱི་གུར་ཁྱིམ་ནས་གཉིད་དུ་ལྷུང་སོང་། གཙང་ཆབ་སྔོན་མོ་ནི་འུ་ཅག་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ་འཇིག་རྟེན་གྱི་སྐྱེ་དངོས་ཡོད་དོ་ཅོག་གི་ལུས་པོའི་ཟུངས་ཁྲག་ནང་བཞིན་ཆུ་ལ་མ་བརྟེན་པར་འཚོ་གནས་བྱེད་མི་ནུས། ཆུ་དང་བྲལ་ན་བདག་ཅག་ཐམས་ཅད་འཚོ་སྡོད་བྱེད་སའི་མ་ཡུམ་སྟེ་ལྗང་མདོག་གི་གོ་ལ་འདི་ཡང་མཛེས་སྡུག་དབེན་པའི་མྱ་ངམ་ཐང་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ། དེའི་སྟབས་ཀྱིས་ང་ཚོས་འཇིག་རྟེན་གྱི་སྐྱེ་དངོས་ཡོད་དོ་ཅོག་གི་མ་ཡུམ་འདིར་སྲུང་སྐྱོབ་བྱེད་དགོས། 
        ད་སྐབས། ག་ས་གང་དུ་གད་སྙིགས་དང་། རྫས་དུག་ཅན་གྱི་དངོས་པོ་སོགས་ཆུ་ནང་དུ་འཕངས་ནས་ཆུ་བོ་ལ་གནོད་པ་ཚབས་ཆེན་ཐེབས་ནས་མྱ་ངམ་ཐང་ཆེན་དུ་འགྱུར་བའི་ཉེན་ཁ་ཐེབས་བཞིན་ཡོད་པས་ང་ཚོས་གང་ནུས་ཀྱིས་དེར་སྲུང་སྐྱོབ་བྱེད་དགོས་པ་རེད། ཆུ་བོ་ནི་བསིལ་ལྡན་ཁ་བ་རི་བོའི་ལྗོངས་སུ་མཛེས་པར་བྱེད་པའི་མེ་ཏོག་དང་རྩི་ཤིང་གི་མཆོད་པ་འབུལ་མཁན་གྱི་ཡོན་བདག་ཐོག་མ་དེ་ཡིན་ལ། ང་ཚོའི་མེས་པོ་གོང་མ་ནས་བཟུང་ད་ལྟའི་རྗེས་རབས་པ་རྣམས་བདེ་བར་སྐྱོང་བའི་བྱང་སེམས་ཅན་དེ་ཡིན་པ་དང་ང་ཚོའི་ཤ་དང་རུས་གསེང་ལ་འཐིམས་པའི་ཚེ་སྲོག་གི་རྒྱུད་སྐུད་དང་ཟུངས་ཁྲག་གི་གཞི་མ་རུ་གྱུར་ཡོད། སྤང་ལྗོངས་སྔོན་མོའི་ཁུགས་སོ་རུ་དབྱར་སྐྱེས་རྔ་སྒྲའི་འཁྱུག་རྩལ་ལས་བྱུང་བའི་ཤག་སྒྲ་རེ་རེ་ནི་ང་ཚོའི་མེས་པོ་རྣམས་ཀྱི་བྱམས་བརྩེ་ཡི་འབོད་སྒྲ་ཡིན། བདག་གི་སྙིང་ལས་གཅེས་ཤིང་རུས་ལ་འཐིམས་པའི་མ་ཡུམ་གྱི་ནུ་ཆུ་ལགས། ཁྱོད་ཀྱིས་སྒེར་སེམས་ཀྱི་དུག་ཅན་དོར་ཏེ་སྤྱི་སེམས་ཀྱི་ཉི་ཟླ་དེ་གཙུག་ཏུ་བཟུང་སྟེ་ལེ་བདའ་དང་འཁང་ར་མེད་པར་ཁུ་སིམ་མེར་བདག་ལས་གཞན་གཅེས་ཀྱི་སྙིང་སྟོབས་དེར་ང་ཤིན་ཏུ་དགའ་ཞིང་དུངས་ལ་སློབ་སྦྱོང་བྱེད་དགོས་པའི་རླབས་ཆེན་གྱི་མིག་དཔེ་རུ་གྲུབ་ཡོད། 
        ཆུ་བོ་ལགས། ཁྱེད་ཀྱི་བླ་ན་མེད་པའི་ཉིང་བཅུད་ལས་ཕ་མེས་ཀྱི་དཔའ་སྟོབས་དང་ཡང་མེས་ཀྱི་མཛངས་གཤིས་ལྷད་མེད་འཁྲུངས་ཤིང་། ཁྱེད་ཀྱི་རོ་བཅུད་ལས་འབྲོང་གཡག་གི་རྭ་རྩེ་རུ་འབར་བའི་རྣོ་དབལ་ཡལ་མ་མྱོང་ལ་གཡང་དཀར་ལུག་གི་བལ་འཇམ་གྱི་མཚར་སྡུག་ཤོར་མ་མྱོང་། ཨེ་མ། ང་ནམ་ཡང་ཚེ་སྲོག་གི་དྭངས་མ་རུ་གྱུར་པའི་ཆུ་བོ་ལ་དགའ་ཞིང་དུངས།

རྩོམ་ཡིག་མཁོ་འདོན་བྱེད་མཁན་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འཇམ་མགོན་སྐྱབས་ཡིན།
འབྲེལ་ཡོད་འོས་སྦྱོར།