ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མའི་རྩོམ་ཡིག་བདམས་བཀོད།
རྩོམ་པ་པོ།:ཁྲི་སྐལ་བཀྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-18
ཀློག་གྲངས།:
ང་ཚོའི་སློབ་གཙོ།
ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པ། དཀའ་ཐུབ་འཚོ།
བདག་གི་དྲན་འཛིན་གྱི་ཡོལ་རས་ངོས་སུ་ནམ་ཡང་བརྗེད་མེད་དུ་འཆར་འོང་བ་ནི། ང་ཚོར་ལྷག་བསམ་རྣམ་དག་གིས་ཞལ་ཏ་དང་སློབ་གསོ་གང་མང་གནངས་མྱོང་བའི་སློབ་གྲྭའི་བུད་མེད་འགོ་ཁྲིད་ཅིག་ཡིན། ཁོ་མོ་ནི་ང་ཚོའི་ས་གནས་འདིའི་སློབ་གཙོ་བཟང་བོ་སྐལ་བཟང་སྒྲོལ་མ་ཡིན། ཁོ་མོ་ད་ལོ་དགུང་ལོ་བཞི་བཅུ་ལྷག་ལ་སོན་ཡོད་ཅིང་། གཟུགས་ཆེ་ཞིང་ངོ་མདངས་སྨུག་པོའི་འབྲོག་མོ་རྣལ་མ་ཞིག་ཡིན་པས། ངེས་པ་དོན་གྱི་སློབ་གསོའི་ལས་དོན་ལ་བློ་དཀར་སེམས་དཀར་བྱེད་པའི་ཕུལ་བྱུང་སློབ་གཙོ་ཞིག་རེད།
དུས་རྒྱུན་དུ། ཁོ་མོས་སློབ་མ་རྣམས་ལ། སློབ་གྲོགས་ཚོ། ཁྱེད་ཚོ་ནི་ང་ཚོ་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན། ང་ཚོ་མི་རིགས་འདིའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་དགོས་ན། ཁྱོད་ཚོར་བརྟེན་དགོས་པས། ཁྱོད་ཚོས་ཆུང་དུས་ནས་བཟུང་སྟེ་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་དགོས་ཞེས་སྐུལ་འདེད་གང་མང་བཏང་མྱོང་བ་དང་། དངོས་གནས་བཤད་ན་ཁོ་མོ་ལ་གཏམ་ཁ་ལྕེ་བདེ་ཞིང་བློ་རིག་པ་གསལ་བས་བྱ་བ་ཅི་ཞིག་སྒྲུབ་རུང་སེམས་ཧ་ཅང་ཞིབ་ཚགས་ནན་མོ་ཞིག་ཡོད། རྒྱུ་མཚན་ནི་སློབ་གྲྭའི་ཕྱི་ནང་གི་བྱ་བ་ཆེ་མ་ཆུང་གསུམ་གང་ཡིན་རུང་དགེ་སློབ་བར་དང་ཁྱིམ་བདག་བར་ལ་མཛའ་གཤེས་ཀྱི་གསེར་ཐག་དམ་དུ་སྦྲེལ་ཐུབ། ལྷག་པར་དུ་ང་ཚོ་སློབ་མའི་འཚོ་བ་དང་སློབ་སྦྱོང་། བདེ་འཇགས་སོགས་ཀྱི་བྱ་བར་གནད་དོན་ཅི་ཞིག་ཡོད་པ་དང་གང་ཞིག་བྱུང་ཚེ། བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་ཁྱད་པར་བ་ཞིག་འདུག་པ་དེ་ནི་སློབ་གཙོ་ཁོ་མོའི་ཁྱད་ཆོས་ཤིག་ཡིན་པ་ཧ་ཅང་གསལ།
བརྗེད་པར་དཀའ་བ་ཞིག་ནི། སློབ་གྲྭའི་རིམས་ནད་སྔོན་འགོག་དང་འཕྲོད་བསྟེན་རྒྱུན་འཁྱོངས་ཞེས་པའི་བྱེད་སྒོ་ཆེན་པོ་ཞིག་སྤེལ་བ་ཡིན། ཉིན་དེར་ང་ཚོས་རང་གི་མགོ་སྐྲ་དང་རྐང་ལག་བཀྲུས་ནས་གཙང་སྦྲ་ཡིད་ཚིམས་བྱས། ཡིན་ན་ཡང་། བུ་མོ་ཁ་ཤས་ཤིག་ལོ་ན་ཧ་ཅང་ཆུང་བའི་སྟབས་ཀྱིས་རང་གི་སྐྲ་བཀྲུ་མི་ཐུབ་ལ་སླས་ཀྱང་མི་ཤེས་པར་ཨ་ནེ་ཞབས་ཞུ་མ་ལ་སྒུག་དགོས་བྱུང་། སྐབས་དེར་སློབ་གཙོ་ཁོ་མོའང་ངལ་རྩོལ་གྱི་བྱེད་སྒོ་འདི་ལ་ཞུགས་ཏེ་བྱམས་ལྡན་ཨ་མ་ཞིག་དང་འདྲ་བར་ན་ཆུང་བུ་མོ་དེ་ཚོའི་མགོ་བཀྲུས་ནས་སྐྲ་ཤད་ཀྱིན་འདུག ངས་ཞིབ་ཏུ་བལྟས་པ་ན་སློབ་གཙོ་སྐལ་བཟང་སྒྲོལ་མའི་གདོང་ཡོངས་ལ་འཛུམ་གྱིས་ཁེངས་ནས་འདུག་པ་མཐོང་མ་ཐག ཁོ་མོ་ཅི་འདྲའི་དགའ་ཞིང་སྤྲོ་སེམས་རབ་ཏུ་འཁོལ་བ་སུས་ཀྱང་རྟོགས་མི་ཐུབ་པ་ཞིག་རེད། ཁོ་མོས་ང་ཚོའི་འཛིན་གྲྭའི་ན་ཆུང་བུ་མོ་རེ་རེའི་སྐྲ་ཤད་པ་ན། ངོ་མ་ན་ཆུང་བུ་མོ་དེ་ཚོ་ལྡུམ་རའི་མེ་ཏོག་ལྟ་བུར་མཛེས་ཤིང་ཡིད་དུ་འོང་བ་རེད། སྐབས་དེར་ངའི་སེམས་ནས་ང་ཚོའི་སློབ་གཙོ་བཟང་བོ་ནི་ཅི་འདྲའི་མཛེས་ཤིང་ཅི་འདྲའི་རང་གཤིས་ཁྱད་དུ་འཕགས་པའི་བུད་མེད་མཛངས་མ་ཞིག་རེད་ཨང་།
སློབ་གཙོ་ལགས། བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་སྐར་ཆ་འགར་ལུས་སེམས་ལྷོད་དུ་བབས་ནས་སྐུ་ངལ་ཞིག་གསོ་རོགས། ཁྱེད་ནི་ནམ་ཡང་ངའི་ཡིད་སེམས་གཉིས་ཀྱི་གཏིང་ན་གནས་བའི་སློབ་གཙོ་ཕུལ་དུ་བྱུང་བ་དེ་ཡིན། ཁྱེད་ཀྱིས་ང་ཚོའི་ཆེད་དུ་དཀའ་སྡུག་གི་ཁུར་བོ་ལྕི་མོ་ཕྲག་སྟེང་དུ་བཞེས་ནས་སློབ་གྲྭའི་བྱ་བ་ཡོད་ཚད་ལ་ཐུགས་ཁུར་གནང་བཞིན་པ་ནི་བུ་མོ་ངས་ནམ་ཡང་བརྗེད་དཀའ་འོ། །
ངེད་ཚང་གི་འབྲི་མོ་རྒྱ་སེར་མ།
ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་བ། རྟ་མགྲིན་མཚོ།
ངེད་ཚང་ནི་རྩྭ་ཐང་སྟེང་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་པའི་འབྲོག་ཁྱིམ་ཕལ་བ་ཞིག་ཡིན། ངེད་ཚང་གིས་རང་བྱུང་ཁམས་ཀྱི་སྣོད་བཅུད་ལ་བརྟེན་ནས་ནོར་གནག་གཙོ་བྱས་ཏེ་འཚོ་བ་རོལ་གིན་ཡོད་པས་ངེད་ཚང་ལ་ནོར་གནག་ཤིན་ཏུ་མང་།
ངེད་ཚང་གི་ནོར་ཁྱུ་ནང་ན་འབྲི་མོ་རྒྱ་སེར་མ་ཞིག་ཡོད། འབྲི་མོ་རྒྱ་སེར་མ་ནི་འབྲི་མོ་རྒྱ་ལྡང་མའི་རྒྱུད་པ་ཡིན། འབྲི་མོ་རྒྱ་སེར་མའི་རྭ་ཅོ་གཉིས་ཡོད་པ་སྦོམ་ཞིང་རིང་ལ། སུག་བཞི་དེ་ལས་ཀྱང་སྦོམ་ཞིང་ཐུང་། འབྲི་མོ་རྒྱ་སེར་མ་ནི་འབྲི་མོ་གཞན་དང་མི་འདྲ་སྟེ། ལུས་སྟེང་དུ་རྩིད་པ་རིང་པོ་སྐྱེས་ཡོད་པ་ཕར་བལྟས་ཚོད་ཀྱིས་མི་ལ་སྐྲག་སྣང་ཆེན་པོ་ཞིག་སྟེར་འོང་།
ཉིན་ཞིག་ལ། ང་རང་ཁྱིམ་མི་དང་མཉམ་དུ་སྦྲ་ནག་ནང་དུ་འོ་ཇ་འཐུང་བའི་སྐབས་སུ། གློ་བུར་དུ་འབྲི་མོ་རྒྱ་ལྡང་ངུར་བྱུང་། ང་རང་སྦྲ་ནག་ཏུ་ཕྱིར་ལོག་ནས་བལྟས་པ་ན། སྤྱང་ཀི་ཞིག་གིས་ངེད་ཚང་གི་འབྲི་མོ་སྔོ་ལྡང་མ་བུ་གཉིས་ཀ་བདའ་གིན་འདུག ངས་གནས་ཚུལ་དེ་མྱུར་ཏུ་ཨ་ཕར་བཤད་པ་ན། ཨ་ཕས་ལག་ཏུ་འུར་ཆ་བཟུང་ནས་བྱ་འཕུར་བ་ལྟར་འབྲི་མོ་སྔོ་ལྡང་མའི་ཕྱོགས་སུ་བརྒྱུགས།
གློ་བུར་དུ། སྤྱང་ཀིས་འབྲི་མོ་སྔོ་ལྡང་མའི་བེའུ་བཟུང་བྱུང་། སྐབས་དེར་ངས་བེའུ་དེ་སྐྱོབ་བསམ་མོད། ཡིན་ན་ཡང་ང་རང་ལོ་ན་ཤིན་ཏུ་ཆུང་བས་སྤྱང་ཀིའི་འགྲན་ཡ་མི་དོ་སྙམ་ནས་ཁ་རོག་གེར་བསྡད། སྐབས་ཏག་ཏག་ལ་ངེད་ཚང་གི་འབྲི་མོ་རྒྱ་སེར་མ་བརྒྱུགས་འོང་ནས་སྤྱང་ཀི་ལ་ཐེངས་གཉིས་བརྡུངས་བྱུང་། ཐེངས་གསུམ་པ་བརྡུང་སྐབས་འབྲི་མོ་རྒྱ་སེར་མས་རང་གི་རྭ་ཅོས་སྤྱང་ཀི་ཡར་བཀྱགས་ཏེ་ཤུགས་ཆེན་པོས་ས་ལ་གཡུགས་པ་ན་སྤྱང་ཀི་དེ་མ་ཐག་སྐྲག་ནས་བྲོས་སོང་། ངས་བེའུ་ཆུང་ངུ་དེ་བསྐྱབས་པ་མཐོང་ནས་དགའ་སྤྲོ་དཔག་མེད་སྐྱེས་ཏེ་མྱུར་ཏུ་བེའུ་ཆུང་གི་ཕྱོགས་སུ་བརྒྱུགས་པ་ཡིན། དེ་ནས་བཟུང་སྟེ། ང་ངེད་ཚང་གི་འབྲི་མོ་རྒྱ་སེར་མ་ལ་དགའ་ཞེན་ཆེ་ཞིང་བརྩེ་འདང་ཇེ་ཟབ་ཏུ་གྱུར་རོ། །
དྲིན་ཆེན་ཨ་མ།
ལོ་རིམ་ལྔ་བའི་འཛིན་གྲྭ་གཉིས་པ། ཀླུ་མོ་བྱམས།
ང་ཚོ་འཇིག་རྟེན་འདིར་ཡོང་བ་ན། རང་ལ་ཤ་ཚ་བ་མི་གཅིག་མ་གཏོགས་མེད། དེ་ནི་རང་གི་དྲིན་ཆེན་ཨ་མ་ཡིན། ང་ཚོ་ཆུང་དུས་ནས་དྲིན་ཆེན་ཨ་མའི་བྱམས་བརྩེ་དང་གཉོར་སྐྱོང་ལ་བརྟེན་ནས་ནར་སོན་པ་ཡིན།
ང་ཚོས་ད་ལྟ་རང་གི་དྲིན་ཆེན་ཨ་མ་ལ་དྲིན་ལན་འཇལ་མི་ཐུབ་རུང་། ང་ཚོ་ཆུང་དུས་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་འབད་པ་བྱས་ནས་ནར་སོན་པ་ཡིན་ན། ད་གཟོད་རང་གི་དྲིན་ཆེན་ཨ་མ་ལ་དྲིན་ལན་འཇལ་ཐུབ།
ང་ཚོས་ཆུང་དུས་ནས་ཨ་མ་ལ་དྲིན་ལན་མང་པོ་ཞིག་འཇལ་མི་ཐུབ་རུང་། ཨ་མ་ལ་ལས་ཀ་ཡང་མོ་ཙམ་རེ་ང་ཚོས་ངེས་པར་སྒྲུབ་ཐུབ་པ་སོགས་ལས་རོགས་བྱས་ན་ཆོག ད་རུང་ཨ་མའི་ལྭ་བ་དང་རྐང་བ་སོགས་བཀྲུ་བའང་ང་ཚོས་སྒྲུབ་ཐུབ་ན་འགྲིག་པ་རེད།
ངའི་ཕུགས་བསམ་ཡིན་ན་ཆུང་དུས་སུ་སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱས་ནས་ནར་སོན་ན་བྱ་བ་ཞིག་ལས་ཐུབ་རྒྱུ་དེ་ཡིན་པས། ངས་སྒོར་མོ་མང་པོ་གསོག་ནས་ཨ་མ་ལ་དྲིན་ལན་འཇལ་རྒྱུ་ཁོ་ཐག་བཅད་པ་འདི་ནི་ངའི་དམ་བཅའ་བརྟན་པོ་ཞིག་ཡིན།
ང་ནར་སོན་ན་རང་གི་དྲིན་ཆེན་ཨ་མ་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན།དྲིན་ཆེན་ཨ་མ་ལོ་ན་རྒན་པའི་དུས་སུ། ངས་དྲིན་ཆེན་ཨ་མ་གཉོར་སྐྱོང་གང་ལེགས་གང་བཟང་བྱས་ནས་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་ཡིན།
ང་ཚོས་འཇིག་རྟེན་འདི་རུ། རང་ལ་ཆེས་ཤ་ཚ་ཞིང་སྙིང་ཉེ་བའི་མི་ནི་རང་གི་དྲིན་ཆེན་ཨ་མ་ཡིན་པས། ཁྱེད་ཀྱིས་སློབ་སྦྱོང་གི་འབྲས་བུ་ལེགས་པོ་ཞིག་ལ་བརྩོན་ལེན་བྱས་ཏེ་མཁས་པར་གྱུར་ནའང་རང་གི་དྲིན་ཆེན་ཕ་མའི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ངོ་། །
ནེ་ཙོ།
ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ། ཏིང་འཛིན་སྒྲོལ་མ།
ནེ་ཙོ་འབོད་པའི་བྱ་རིགས་ངོ་མཚར་ཅན་འདི་ལ་སྤུ་མདོག་དང་ཚུགས་ཀ་སོགས་རྣམ་པ་སྣ་ཚོགས་ཡོད་ལ། སྐད་ངག་འཇམ་ཞིང་གདངས་སྙན་མོ་སྒྲོག་པ་ཞིག་རེད། འོན་ཀྱང་། ངས་ནེ་ཙོ་ཐེངས་གཅིག་ལས་མཐོང་མ་མྱོང་། ངས་མཐོང་བའི་ནེ་ཙོ་དེ་ནི་ལུས་སྒྲོའི་སྤུ་མདོག་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ཏེ། མགོ་ཡི་སྤུ་ནི་ཐལ་མདོག་ཡིན་པ་དང་རྒྱབ་ཀྱི་སྒྲོ་སྤུ་ནི་སྟོད་ཐུང་ལྗང་སྐྱ་གྱོན་པ་དང་འདྲ། བྲང་སྤུ་ནི་དཀར་པོ་དུང་ལྟར་དཀར་ཞིག་དང་མཚུངས། བརྗེད་མི་ཐུབ་པ་ནི་ནེ་ཙོའི་ཁྲ་ཆུང་མིག་གཉིས་གྲུང་ཤ་དོད་པ་དང་མཆུ་ཏོ་དམར་པོ་དེའི་དཀྱིལ་དུ་ཐིག་ནག་པོ་ཞིག་ཡོད་པ་དེ་རེད།
ནེ་ཙོ་ནི་མིའི་སྐད་ལ་ལད་མོ་བྱ་རྒྱུར་ཧ་ཅང་དགའ་བས། ཁོས་རྟག་ཏུ་ཁོའི་བདག་པོ་ལ་བཤད་ལོབས་སུ་གྱུར་ནས་སྟར་ཀ་སྟེར་རོགས་གནང་། སྟར་ཀ་སྟེར་རོགས་གནང་ཞེས་སྐད་རྒྱག་པ་དང་། སྐབས་རེར་ཁོས་ཞོགས་པ་བདེ་ལེགས་ཀྱང་བཤད་ཐུབ། སྐབས་རེར་ཁོས་དགོང་མོ་བདེ་ལེགས་ཟེར་བ་ལས་ཞོགས་པ་དང་དགོང་མོ་གང་ཡིན་དབྱེ་ཐུབ་ཀྱིན་མེད། ཁོའི་སྐད་ཀྱང་སྐབས་རེ་སྦོམ་པོ་ཡོད་པ་དང་སྐབས་རེར་ཕྲ་མོ་ཡིན་ལ། སྐབས་རེར་སྐད་ཤུགས་མཐོ་ལ་སྐབས་རེར་སྐད་ཤུགས་ཧ་ཅང་དམའ། ནེ་ཙོ་ལ་ཆ་རྒྱུས་མེད་པའི་མིས་མཐོང་ན་ངོ་མཚར་བའི་བཟོ་ལྟ་སྟོན་ཐུབ་པ་རེད། ནེ་ཙོའི་རྒུམ་བུ་ནི་སྟར་ཀ་དང་འབྲས་སྐམ་པོ་ཡིན། ཡིན་ནའང་། ནེ་ཙོ་དེ་སྟར་ཀ་བཟའ་རྒྱུར་ཤིན་ཏུ་དགའ་བས་ཁོས་རྟག་ཏུ་སྟར་ཀ་སྟེར་རོགས་གནོང་། སྟར་ཀ་སྟེར་རོགས་གནོང་ཞེས་འབོད་སྐད་སྒྲོག་པར་བྱེད།
ནེ་ཙོ་དེ་མཐོང་བས། ང་ནེ་ཙོ་འབོད་པའི་འདབ་ཆགས་བྱ་འདི་ལ་ལྷག་ཏུ་དགའ་བར་གྱུར། ནེ་ཙོ་ནི་ཅུང་དཀོན་པའི་འདབ་ལྡན་ཞིག་ཡིན་པས། ང་ཚོ་གདོང་ལེན་རུ་མི་ཚོས་རི་སྐྱེས་སྲོག་ཆགས་ནེ་ཙོ་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་འགྲིག་འདོད། རྒྱུ་མཚན་ནི་བྱ་ནེ་ཙོ་ཡང་མིའི་རིགས་ཀྱི་གྲོགས་པོ་ཡིན་པས། སྤྲོ་བ་བསྐྱེད་མཁན་དང་ཡིད་སེམས་གསོ་མཁན་ཞིག་ཡིན་སྙམ།
ལོ་སར།
ལོ་རིམ་ལྔ་བའི་འཛིན་གྲྭ་གཉིས་པ། སྟག་རྒྱལ།
ལོ་སར་སླེབས་ལ་ཉེ་བས། ཚེས་ཉེར་དགུ་ཉིན་ནས་བཟུང་ང་ཚོའི་སྡེ་བ་ཆུང་ཆུང་འདིའི་ཕྱི་ནང་ཀུན་ཏུ་བྲེལ་འཚུབ་ཀྱི་རྣམ་པ་ཞིག་ངང་གིས་ཤར་བྱུང་། ཁྱིམ་ཚང་རེ་རེ་ཡིས་སྡེར་ཁ་གང་ཡག་གང་མང་བསྒྲིག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག
ངེད་ཚང་གིས་ཀྱང་ལོ་སར་ལ་གྲ་སྒྲིག་ཡིད་ཚིམས་པ་ཞིག་བྱས་ཡོད་པས་དངོས་རྫས་སྣ་ཚོགས་བླངས་ཏེ་སྡེར་ཁ་བསྒྲིགས་རྗེས། ཨ་ཕ་དང་ངེད་གཉིས་ལོ་སྐྲ་བཞར་དུ་ཨ་ཁུ་ཚེ་རིང་ཚང་ལ་འགྲོ་དགོས་བྱུང་སོང་། ཁོ་ཚང་གིས་ཀྱང་ཀ་ར་སིལ་ཏོག་གི་སྡེར་ཁ་གྱ་ནོམ་པ་ཞིག་བསྒྲིགས་ནས་ལས་ཀ་ཡོངས་སུ་ཚགས་སུ་ཚུད་འདུག ཨ་ཁུ་ཚེ་རིང་གིས་ངེད་གཉིས་ཀྱི་སྐྲ་བཞར་རྗེས། ལོ་མགོ་ཡག་པོ་རེད། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཤོག་ཅེས་ཁ་གཡང་འཐེན་པ་དང་། ཨ་ཕ་དང་ངེད་གཉིས་ཀྱིས་ཀྱང་ཨ་ཁུ་ལ་བཀའ་དྲིན་ཆེ་ཞུས་ནས་མྱུར་ཏུ་ཁྱིམ་ལ་ལོག་ནས་སྒང་བསང་ཕུད་དུ་འགྲོ་བར་གྲ་སྒྲིག་བྱས་པ་ཡིན།
དགུ་ཐུག་འཐུང་བར་གྲ་སྒྲིག་ཡོངས་སུ་འགྲུབ་པ་དང་། ཨ་ཕས་ང་ལ་ཚོད་མ་དང་ཐུག་པ་མང་པོ་ཞིག་ཟ་དགོས་ཟེར། རྒྱུ་མཚན་ནི་དོ་དགོང་གཉིད་ན་གཤིན་རྗེ་ཆོས་རྒྱལ་རྒྱ་མ་མཇལ་དུ་ཡོང་ངེས་ཡིན་པས། ལོ་གཅིག་གི་རྒྱ་མའི་ཚད་ཐིག་མ་ལོང་ན་གཤིན་རྗེ་ཆོས་རྒྱལ་གྱིས་ཁྲིད་ནས་འགྲོ་ངེས་ཡིན་ཟེར། སྐད་ཆ་དེ་ལ་ང་ཡིད་མི་ཆེས་ན་ཡང་། གང་ལྟར་མང་པོ་ཞིག་ཟོས་ནས་མང་པོ་ཞིག་འཐུང་རྗེས། མྱུར་ཏུ་སྔ་མོ་ནས་གཉིད་དུ་ཡུར། ཆུ་ཚོད་བཅུ་གཉིས་ལ་ཐོན་ཚེ་སྡེ་བའི་སྐྱེས་པ་རྣམས་བསང་ཕུད་དུ་འགྲོ་དགོས་པས་འགོར་དྲག་ན་གཉིད་ཁོམ་མེད་པ་ཐུགས་ལ་གསལ་བོར་འདུག
དེ་ནས་ཆུ་ཚོད་བཅུ་གཉིས་ཀྱི་སྟེང་དུ། ད་གཟོད་ཤོག་སྦག་གད་ནས་སྐད་སྒྲ་དང་མེ་འོད་སོགས་སྡེ་འདིའི་མཚན་མོའི་བར་སྣང་དུ་གང་སོང་། ཨ་ཕ་དང་ངེད་གཉིས་ཀྱང་སྒང་བསང་ལ་ཆས་ནས་ལོ་གཅིག་གི་ནང་དུ་ཁྱིམ་མི་རྣམས་ལ་ནད་མེད་ཚེ་རིང་དང་ཕྱུགས་ལ་གོད་ཁ་མེད་པའི་སྨོན་ལམ་བཏབ། ཕྱིར་ཐོན་རྗེས་ང་སྡེ་བའི་ནང་གི་རྒན་པ་རྣམས་ལ་ལོ་སར་ལ་སོང་བ་དང་། ཨ་ཕ་ཐག་རིང་གི་གཉེན་ཉེ་རྣམས་ལ་ལོ་སར་ལ་སོང་། ཨ་མ་དང་ནུ་མོ་གཉིས་ཁྱིམ་དུ་བསྡད་ནས་མགྲོན་པོ་རྣམས་ལ་སྣེ་ལེན་གང་ལེགས་བྱས་ནས་ཁོམ་མེད་དུ་བསྡད་ཡོད།
ལོ་སར་ཚེས་གཅིག་གི་ཉིན་དཀར་ཨ་ཁུ་དང་ཨ་ནེ་རྣམས་ཁྱིམ་གཅིག་ཏུ་འཛོམས་ནས་རེས་མོས་ཀྱིས་ལོ་སར་ལ་རོལ། ཕུ་ནུ་མིང་སྲིང་གླུ་ལེན་མཁན་རྣམས་ཀྱིས་སྐད་གསེང་མཐོན་པོའི་གླུ་བླངས་ཤིང་། བྲོ་འཁྲབ་མཁན་རྣམས་ཀྱིས་ཞབས་བྲོ་འགའ་རེ་འཁྲབ། ད་དུང་བཞད་གར་བཤད་མཁན་ཡང་ཡོད་པས་ཚང་མ་རྩེད་མོ་སྣ་མང་ཅན་དུ་གྱུར། ལོ་སར་ནི་ལོ་གཅིག་གི་ནང་དུ་ཆེས་སྐྱིད་པའི་ཉིན་གཅིག་ཡིན་པས། ཚང་མས་ལོ་རྙིང་བའི་ནང་གི་དགའ་སྐྱོ་ཆགས་སྡང་ཚང་མ་བརྒྱབ་ཏུ་དོར་ནས་ལོ་སར་བའི་ནང་དུ་ཅི་བསམ་ལྷུན་འགྲུབ་དང་ནད་མེད་ཚེ་རིང་ཡོང་བའི་ཆེད་དུ། རང་གི་ལྷ་ཀླུ་གཉན་གསུམ་ལ་མཆོད་བསྟོད་དང་བཀུར་བསྟི་བྱེད་བཞིན་དུ་ཟས་རིགས་སྣ་མང་དང་གྱོན་ཆས་གང་ཡག་གིས་རྒྱན་སྤྲས་ནས་མཉམ་འཛོམས་ཀྱི་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད་པ་དེ་རེད།
ཞི་ལ།
ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ། རྡོ་རྗེ་སྐྱིད།
ངེད་ཚང་ལ་ལྡོམ་པོའི་རིགས་མ་ཡིན་པའི་རང་ཁྱིམ་དུ་བཙས་པའི་ཞི་ལ་ཞིག་ཡོད། ཞི་ལ་དེ་ནི་ང་ལ་མཚོན་ན་ཆེས་སྙིང་རྗེ་བོ་ཞིག་ཡིན་ལ། རང་གི་རྩེད་ཡ་འདུག་རོགས་ཤིག་ཀྱང་ཡིན། ཞི་ལ་དེའི་སྤུ་མདོག་ནི་དཀར་པོ་ཡིན་པ་དང་དཀར་པོ་དེའི་ཐོག་ཏུ་ཁ་དོག་ནག་པོ་ཅུང་ཙམ་འདྲེས་ཡོད། དེ་ནི་དར་དཀར་གྱི་གདན་དཀར་ཐོག་ཏུ་སྣག་ཚ་ཅུང་ཙམ་ཕོད་ཡོད་པ་དང་མཚུངས། ཞི་ལའི་མིག་གཉིས་ནི་གོར་གོར་ཡིན་ལ་ཅུང་ཆེ། དེ་ནི་རྒུན་འབྲུམ་ཞིག་དང་ཨ་ན་མ་ན་རེད། རྐང་བ་དང་ལག་པ་གཉིས་ནི་རུང་རྒྱུ་ཐུང་རྒྱུ་མེད་རུང་། ཞི་ལའི་རྐང་རྗེས་ནི་ཧ་ཅང་ཡག་པོ་འདོད་པའི་་མེ་ཏོག་ཆུང་ཆུང་ཞིག་དང་འདྲ། ད་དུང་ཞི་ལའི་ལུས་པོ་ནི་ཡང་ཟོར་ལྡན་པ་དང་མྱུར་མོ་ཞིག་ཀྱང་ཡིན་ལ། གཤིས་ཀ་ནི་གཡུང་ཞིང་སྲུན་པ་ཞིག་ཡོད།
ངེད་ཚང་གི་ཞི་ལ་ནི་རྩེད་དགའ་ཅན་ཞིག་ཡིན། ཆེས་རྩེད་པར་དགའ་བའི་རྩེད་ཆས་ནི་སྒྲོ་སྤུ་དང་གྲུ་གུ་གཉིས་གང་རུང་ཡིན། ད་དུང་ཙི་གུ་འཛིན་པར་ཡང་ཧ་ཅང་དགའ་ཞིང་མཁས་པ་ཞིག་ཡིན། ཞི་ལས་ཙི་གུའི་གྲགས་འགུལ་ཙམ་ཐོས་མ་ཐག་ཏུ། མྱུར་མ་མྱུར་ཏུ་ཙིག་ཁུང་ཁར་རྒྱུག་པའི་རྣམ་པ་དེ་ནི་སྟག་ཆུང་ནགས་ཚལ་དུ་མཆོངས་ནས་ཡོང་བ་དང་ཀུན་ནས་མཚུངས། དེ་ནས་ཙིག་ཁུང་སྒོ་ཁ་རུ་ཕྱིར་འབུད་པར་སྒུག་ནས་འདུག སྐར་ཆ་རེ་དང་སྐར་མ་རེ། སྐར་མ༡༠རེ་དང་སྐར་མ༣༠རེ། དེ་ནས་དུས་ཚོད་གཅིག་ཙམ་ལ་སྒུག་དགོས་ཀྱང་སུན་སྣང་ཅུང་ཙམ་མི་སྐྱེས་པར་མ་ཟད། ད་དུང་བློ་རིག་བསྒྲིམས་ནས་ནན་ཏན་གྱིས་སྒུག་རྒྱུར་དགའ། གལ་ཏེ་ཁྱེད་རང་ཞི་ལ་དང་མཉམ་དུ་འཕྲད་ནས་མཉམ་དུ་རྩེད་རྗེས། ཁྱེད་ལ་གཏན་དུ་ཁ་འབྲལ་མི་འདོད་པའི་སྣང་བ་ཞིག་སྟེར་ངེས་ཡིན། ཡིན་ན་ཡང་། ང་ནི་ངེད་ཚང་གི་སྙིང་རྗེ་ཞིང་སྤྱང་གྲུང་ལྡན་པའི་ཞི་ལ་དེ་ལ་ཤིན་ཏུ་དགའ་ཞེན་ཆེའོ། །
མཛུབ་སྟོན་དགེ་རྒན་ནི་རྒན་སྐལ་བཀྲ་ལགས་ཡིན།
འབྲེལ་ཡོད་འོས་སྦྱོར།