logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྦྱངས་རྩོམ་ཆེད་བསྒྲིགས། ཁག་དང་པོ།

རྩོམ་པ་པོ།:གཡུ་འབྲུག་མཚོ་མོ་སོགས། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-21 ཀློག་གྲངས།:
ངའི་བློས་ཐུབ་ཀྱི་གྲོགས་པོ།
གཡུ་འབྲུག་མཚོ་མོ།

        མི་ཞིག་གི་རྒྱུད་ལ་རིག་གནས་ཡོན་ཏན་ཅུང་ཙམ་འབྱོར་བ་དེ་ནི། ཕ་མ་དང་དགེ་རྒན་གྱི་སྐུ་དྲིན་ཡིན་ཞིང་། ལྷག་པར་དུ་དཔེ་ཆ་བཀླགས་པའི་ཕན་ཡོན་ཡང་ཡིན།
        རྒྱའི་རྩོམ་མཁན་གྲགས་ཅན་ཀོར་ཅིས་གསུངས་པ་ལྟར་ན། དཔེ་ཀློག་ཁྲོད་ཀྱི་དཀའ་ངལ་ནི་གནས་སྐབས་ཙམ་ཡིན་ལ། ཤེས་ཡོན་མེད་པའི་སྡུག་བསྔལ་ནི་ཚེ་གང་གི་སྡུག་བསྔལ་ཡིན། དཔེ་ཆ་ཀློག་པ་ནི་མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས་ཡིན། ཞེས་གསུངས་ཡོད། ལོ་ན་ཆུང་དུས་སུ་སྨན་ཆུང་ང་ནི་རྨོ་མོའི་བྱམས་སྐྱོང་འོག་ཏུ་གཉོམ་ལག་རྒྱས་པ་ཞིག་ཡིན་ཞིང་རྒྱུན་དུ་མ་གཉིད་གོང་ལ་རྨོ་མོས་སྒྲུང་གཏམ་གཅིག་རེ་བཤད་དེ་ཚར་ལ་ཁད་ཡོད་དུས་ང་ལ་སྒྲུང་གཏམ་འདིའི་མཇུག་ཁྱོད་སོང་ནས་ཤེས་སུ་བཅུག་ན་ཤིན་ཏུ་བཟང་ཞེས་ཟེར་བས། ང་རང་དེ་ལ་བལྟ་འདོད་ཀྱི་འདུན་པ་ནི་རྟ་ཕོ་གཤོག་ཐོགས་དང་འདྲ་བས་ཧུར་ཐག་གིས་དཔེ་ཆར་བལྟས་པ་ཡིན། དེ་ནས་བཟུང་དཔེ་ཆ་ནི་ངའི་བློས་ཐུབ་ཀྱི་གྲོགས་པོར་གྱུར་བ་ཡིན་པས། རང་གི་ནུས་ཚོད་ཀྱིས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་བཞུས་ཏེ། ཤེས་བྱའི་ཐང་ཆེན་དུ་ལ་རིང་བོ་གྲུ་གུ་སྒྲིལ་སྒྲིལ་དང་། ཁིས་ཉག་ཁ་སྒྲོག་གུ་བརྟོལ་བརྟོལ་བྱས་ནས་ཤེས་རིག་གི་ཡང་སྙིང་བཙལ་བ་ཡིན། དཔེ་ཆ་ཀློག་པ་ལས་སྤྲོ་སྣང་སྟེར་ལ། མ་རིག་པའི་མུན་པ་སེལ་བ་དང་འདྲ། རྩོམ་དཔེ་ཡི་ནང་གི་མི་སྣ་གཙོ་བོ་དང་མཉམ་དུ་ཁ་བརྡ་བྱས་པ་དང་གཉིས་སུ་མེད།
        བོད་ཀྱི་མཁས་པ་གྲགས་ཅན་མི་ལ་རས་པ་དང་རྗེ་ཙོང་ཁ་བ་སོགས་ཀྱིས་ཀྱང་དཔེ་ཆ་གྲོགས་སུ་བཟུང་སྟེ་དཀའ་སྤྱད་འབད་བརྩོན་གྱིས་རིག་པའི་གནས་ལྔ་ལ་སྦྱོང་བ་དཔྱིས་ཕྱིན་པ་བྱས་པས་ད་གཟོད་མཚན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་དཔེ་ཆར་བལྟ་བ་ནི་རླབས་ཆེན་གྱི་བསམ་བློ་བ་རྣམས་ལ་ཁ་བརྡ་བྱེད་པ་དང་མཚུངས་ལ། དཔེ་ཆ་དོར་བ་ནི་ཤེས་ཡོན་དོར་བ་ཁོ་ནའོ། །ཞེས་གསུངས་ཡོད་པས། དཔེ་དེབ་ནི་ང་ལ་མཚོན་ན་ནམ་རྒྱུན་རེ་སྙེག་བྱེད་ཀྱིན་པའི་ལྷད་མེད་དག་གཙང་གི་གྲོགས་པོ་དེ་ཡིན། དཔེ་དེབ་ཀྱིས་ང་ལ་བློ་རིག་བསྩལ་ཞིང་། ངས་མི་ཤེས་པའི་དྲི་གཞི་མང་པོ་ཞིག་ལ་ལན་འདེབས་ངེས། དཔེ་དེབ་ཀྱིས་བྱིན་པའི་ཤེས་ཡོན་དང་བློ་རིག བཤེས་གཉེན་དམ་པས་གནང་བའི་བསླབ་བྱ་དང་། ཀ་ཁ་ག་ངའི་དབྱངས་རྟ་སོགས་ཇི་སྐད་དུ།
ནོར་རིན་ཆེན་ལྟ་བུའི་ཤེས་ཡོན་དེ།།
རྒྱུ་ལོངས་སྤྱོད་གཞན་དང་གཏན་མི་འདྲ།།
མི་ཆོམ་པོས་འཇབ་ནས་རྐུ་མི་ཐུབ།།
མི་བཙན་པོའི་དབང་གིས་འཕྲོག་མི་ཐུབ།།
མཐོ་ལ་མགོར་འགྲོ་དུས་འཁུར་མི་དགོས།།
དམའ་ཤུར་ལ་འབབ་དུས་འདྲུད་མི་དགོས།།
རང་གང་ཐོན་ས་ལ་རྗེས་སུ་འབྲངས།།
        ཅེས་གསུང་པ་བཞིན་ས་ཕྱོགས་གང་དུ་འདུས་སྡོད་བྱས་རུང་། རིག་གནས་ཤེས་བྱ་ནི་རྐུན་མ་དང་ཇག་པ་ཡིས་འཕྲོག་མི་ཐུབ་སྟེ། རང་ཉིད་གཅིག་པར་དབང་བ་ཡིན།
        དཔེ་དེབ་ལགས། ཁྱེད་ལ་གཞན་ཕན་གྱི་སེམས་གཤིས་མངའ་ཞིང་། ཁྱེད་ལ་སྔར་མེད་ཀྱི་མིག་རྒྱང་ལྡན། ཁྱེད་ཀྱིས་ང་ཚོར་ཤེས་རིག་གི་སྦྲང་ཆར་བསྩལ་ལ། ང་ཚོ་ཤེས་བྱ་ཡི་བང་མཛོད་དུ་ཁྲིད། ཁྱེད་ནི་མི་བུ་ཞིག་གི་མུན་སེལ་སྒྲོན་མེ་ཡིན་ལ། མི་རབས་ཤིག་གི་ལོ་རྒྱུས་གསལ་ལེར་འཆར་བའི་སྤྱན་མིག་དེ་ཡང་ཡིན།
        དཔེ་དེབ་ལགས། ཁྱེད་ནི་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཁྲི་གདུགས་ཉི་མ་ཡིན། ཁྱེད་ཀྱིས་གནང་བ་ནི་རིན་ཐང་བྲལ་བའི་ལེགས་སྐྱེས་ཏེ་ཤེས་རིག་གི་ས་བོན་དེ་ཡིན། ང་ནི་མུན་ནག་གི་གྲོང་ན་རྒྱུ་བ་ཇི་བཞིན་གོ་ལ་ཟླུམ་པོའི་ཆགས་དབྱིབས་ཙམ་ཡང་མི་ཤེས་པའི་བླུན་རྨོངས་ཚོའི་གྲལ་གྱི་གཅིག་ཡིན་པ་ཐེ་ཚོམ་མེད། དཔེ་ཆ་ཀློག་པ་ནི་ཧ་ཅང་ངོ་མཚར་བའི་བྱ་རིམ་ཞིག་སྟེ། གཞན་གྱི་བློ་གྲོས་དང་ཤེས་ཡོན་དེ་རང་གི་དབང་བོར་བརྟེན་ནས་བསྡུ་ལེན་བྱེད་ཅིང་། དེ་ནས་ཚོར་བའི་སྒོ་མོ་བརྒྱུད་ཅིང་། བསམ་ཡན་གྱི་གཤོག་པ་བརྐྱངས་ཏེ་སེམས་ཀྱི་གཏིང་རིམ་ལ་འཛུལ་ནས་རང་སེམས་ཀྱི་མཚོ་མོ་སྐྱོམ་པར་བྱེད།
        སློབ་ཆུང་གི་སྐབས་སུ་རང་ཉིད་དཔེ་ཆ་ལ་དགའ་བ་དང་ཞེན་པ་དེ་འདྲ་མེད་པས་དཔེ་ཆ་མང་པོ་ཞིག་ལ་མ་བལྟས་པ་ཡིན། འོན་ཀྱང་དམའ་འབྲིང་གི་ཐེམ་སྐས་ལ་ཞུགས་པ་ནས་བཟུང་དཔེ་ཆ་ནམ་ཡིན་ཡང་རང་གི་གྲོགས་སུ་བསྟེན་དགོས་པ་ཚོར་བས་ད་གཟོད་དཔེ་ཆ་ལ་གཅེས་སྤྲས་ལེགས་པོ་བྱས་པས་མི་ཆོག་པར་ནན་ནན་ཏིག་ཏིག་གིས་དཔེ་ཆར་བལྟ་རྒྱུ་ཧ་ཅང་གལ་ཆེ་བ་ཤེས། དམའ་འབྲིང་དུ་ཞུགས་ཏེ་ད་གཟོད་དཔེ་ཆའི་རིན་ཐང་དང་དཔེ་ཆར་བལྟས་པའི་ཕན་ཡོན་ཤེས། «མི་རོ་རྩེ་སྒྲུང» «དཔལ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས» «ལང་ཚོའི་འགྱུར་ཁུགས» «བོད་ཀྱི་གཅེས་ཕྲུག» «སྤྲིན་གྱི་རྫི་བོ» «གུང་གསེང་གི་དཔེ་ཀློག» «ཕུགས་བསམ་གྱི་གཤོག་པ» «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ» «ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»སོགས་ནི་ང་རང་ཆེས་བལྟ་རྒྱུར་དགའ་བའི་དཔེ་དེབ་དག་ཡིན་ཞིང་། དཔེ་ཆ་ཡིས་ང་ཚོའི་མཐོང་རྒྱ་དང་ལྟ་རྒྱའི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ་ལ། སྒྲུང་གཏམ་གྱི་ནང་གི་མི་སྣ་གཙོ་བོ་དང་མཉམ་དུ་ཁ་བརྡ་བྱས་ཆོག་སྟབས། དཔེ་ཆ་ནི་ང་ལ་མཚོན་ན་བློས་ཐུབ་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན།
        དཔེ་དེབ་ལགས། ཁྱེད་ཡོད་པས་ཉིན་མཚན་ནམ་ཡིན་རུང་ཞེན་པ་དང་དུངས་བས་ཁེངས་ཡོད། ཁྱེད་ཡོད་པས་ངའི་འཚོ་བ་ལ་སྒེག་ཉམས་ཡོད། ཁྱེད་ཡོད་པས་ངའི་འཚོ་བ་ལ་ཚོན་མདངས་ཡོད། ཁྱེད་ཡོད་པས་ངའི་མ་འོངས་པ་ལ་ཕུགས་བསམ་ཡོད། ཁྱེད་ཡོད་པས་ངའི་མདུན་ལམ་ལ་འོད་ཟེར་འཕྲོས།
        དཔེ་དེབ་ལགས། ཁྱེད་ནི་ངའི་ལུས་ཧྲིལ་བོར་ཁྱབ་པའི་ཟུངས་ཁྲག་དྲོན་མོ་དེ་ཡིན་ལ་ངའི་བློས་ཐུབ་ཀྱི་གྲོགས་པོའང་ཡིན། ཁྱེད་ནི་ང་ལ་མཚོན་ན་ཆེས་བརྗེད་ཐབས་བྲལ་བ་དང་དོར་ཐབས་བྲལ་བའི་ལས་དབང་གི་ཚེ་སྲོག་གསོན་པོ་དེ་ཡིན།
རྩོམ་པ་པོ་གཡུ་འབྲུག་མཚོ་མོ་ནི་བརྒྱད་གསུམ་འཛིན་གྲྭའི་ཡིན།

བཀའ་དྲིན་གཞལ་དུ་མེད་པའི་ཨ་མ།
བྱམས་སྐྱིད་མཚོ།

        སྐྱེ་བོ་སུ་དང་སུ་ཞིག་ཡིན་རུང་འཇིག་རྟེན་འདིའི་སྟེང་དུ་ཡོང་ཚེ་བཀའ་དྲིན་གཞལ་དུ་མེད་པའི་ཨ་མ་ཞིག་ཡོད། ང་ལའང་རང་ཉིད་ཆེས་འདང་ཆེ་བའི་ཨ་མ་ཞིག་ཡོད། 
        ངའི་ཨ་མའི་གཟུགས་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད། མཁུར་ཚོས་དམར་བ་དང་།སྣའི་གཟེངས་མཐོ་བ། སྐྲ་ཡི་ལན་བུ་གནག་པ། ལུས་ཀྱི་སྐྱེས་གཟུགས་ཕྲ་བ། ངང་རྒྱུད་འཇམ་ཞིང་སྤྱོད་ལམ་བཟང་བ། ཁྲེལ་དང་ངོ་ཚ་ལྡན་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན། མོ་ལ་གསེར་ལས་ལྷག་པའི་ཡོན་ཏན་མེད་ལ། མཛོད་ལ་ཁེངས་པའི་རྒྱུ་ནོར་ཡང་མེད། འོན་ཀྱང་མོས་ང་ཚོའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པ་ཡིན།
        ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་དག་ལ། ཨ་སྔོན་དབྱིངས་སུ་སྤྲིན་བྱིའུ་མགོ་ཙམ་ཡང་མེད་པའི་དབྱར་ཁའི་ཉིན་ཞིག་གི་ཞོགས་པར་ངས་ཨ་མ་ལ་ནོར་འཚོ་རུ་འགྲོ་བའི་རེ་བ་ཞུས། མོས་ང་ལ་ཁྱོད་ཀྱིས་ཆར་གདུགས་འཁྱེར་ནས་སོང་ན་བཟང་ཟེར་ཡང། ངས་ཕྱིར་ཨ་མར་དེ་རིང་གི་ནམ་ཟླ་ནི་ཅི་འདྲའི་བཟང་བ་ལ། ངས་ཆར་གདུགས་མི་འཁྱེར་ཞེས་བཤད་པ་ཡིན། དེ་ནས་ང་མེ་ཏོག་སྣ་བརྒྱ་ཁྲ་ལམ་མེར་བཞད་པའི་རྩྭ་ཐང་སྟེང་དུ་སོང་བ་ན། ནམ་མཁའ་ནི་སྔོ་ཞིང་དྭངས་ལ་ཉི་འོད་ནི་དྲོ་ཞིང་འཇམ། ཕྱུགས་ཟོག་རྣམས་ཀྱང་ཕྱོགས་བཞིར་བཀྲམས་ནས་རྩྭ་ཆུའི་དཔལ་ལ་རོལ་ནས་བསྡད་ཡོད། དེ་ནས་ཅུང་ཙམ་འགོར་རྗེས། འབྲུག་སྒྲ་ལྡི་རི་རི་གྲགས་པ་དང་གློག་དམར་འཁྱུག་པ་ཡིན། ང་སྐྲག་ནས་སྐད་ཆ་གཅིག་ཀྱང་བཤད་མ་ཐུབ། སྐབས་དེར་དྲག་ཆར་བབས་ནས་ངའི་ལུས་ཡོངས་སྦངས་པར་བྱས། ང་རང་འདར་སིག་སིག་ཆར་ནང་དུ་བསྡད་ཡོད་པའི་སྐབས་དེར་རྒྱང་རིང་ན་མི་ཞིག་ངའི་ཕྱོགས་སུ་ཡོང་བ་དང་མཚུངས། ངས་མིག་ཕུར་ཕུར་ཙམ་བྱས་རྗེས་ཡང་བསྐྱར་བལྟས་པ་ན། དེ་ནི་ངའི་དྲིན་ཆེན་མ་ལོ་ཡིན་པ་འདྲ། ང་ངུ་ཞོར་དུ་མོའི་ཕྱོགས་སུ་རྒྱུགས་པ་ན་མོས་ང་རང་པང་ནས་ཁྱིམ་གྱི་ཕྱོགས་སུ་རྒྱུགས་སོང་། སྐབས་དེར་ང་ལ་ཆམ་པ་ཕོག་ནས་ཚའང་རྒྱས་འདུག མ་ཡུམ་བློ་མ་བདེ་བར་སེམས་ཁྲལ་བྱེད་ཅིང་སྐྲག་ནས་སོའང་འདར་བཞིན་ཡོད། དེ་ནས་ཨ་མས་ང་ལ་སྨན་བླུད་ནས་ཚ་བ་དྲག་ཏུ་བཅུག་པ་ཡིན།
        ང་རང་སད་ནས་ཐོག་དང་པོར་མཐོང་བ་ནི་ངའི་དྲིན་ཆེན་མ་ལོ་ཡིན། མོ་ཞག་གང་བོར་མ་གཉིད་པར་ང་རང་སྲུང་ནས་བསྡད་པ་རེད། རེད་ཡ་འདི་ནི་ངའི་བཀའ་དྲིན་གཞལ་དུ་མེད་པའི་ཨ་མ་ཡིན། མོས་ང་ཚོར་ལྟོགས་ན་ཟས་དང་སྐོམ་ན་ཆུ་སྟེར་བ་དང་། ད་དུང་ང་ཚོར་ཚ་དུས་བསིལ་དང་གྲང་དུས་དྲོད་ཁོལ་གནང་བཞིན་ཡོད། མོས་ང་ལ་དཀར་གསུམ་མངར་གསུམ་བྱིན་ནས་ལུས་པོ་གསོས་ལ་སྣ་མང་གོས་འཇམ་བསྐོན་ནས་དྲོད་ཁོལ་སྦྱིན། ངའི་ཨ་མས་ང་རང་མུན་ནག་གི་འཇིག་རྟེན་ཞིག་ནས་དཀར་གསལ་གྱི་གོ་ལ་ཞིག་གི་སྟེང་དུ་ཁྲིད་ནས་འོངས།
        ཨ་མ་ལགས། ཁྱོད་ཀྱིས་ང་རང་ཟླ་དགུ་ཞག་བཅུར་ཁོག་ཏུ་ཁུར་བ་བཀའ་དྲིན་ཆེ། ངས་ད་ནས་བཟུང་ཁྱོད་ལ་སྲི་ཞུ་དགའ་ཞིག་བསྒྲུབ་རྒྱུ་ཡིན། ནམ་ཞིག་ཁྱོད་ཚོ་རྒས་སོང་དུས། དུང་བུས་ན་རྣ་ཡིས་མི་གོ་དུས། རི་འགུལ་ན་མིག་གིས་མི་རིག་དུས། ཟས་མངར་མོ་ལྕེ་ཡིས་མི་ཚོར་དུས། ཁོ་ཚོས་ཆུང་དུས་ང་ཚོར་གཉོར་སྐྱོང་བྱས་པ་ཇི་བཞིན་ང་ཚོས་ཕ་མ་རྣམས་ལ་དེ་ལྟར་གཉོར་སྐྱོང་བྱེད་དགོས། ང་ཚོས་ཕ་མར་སྲི་ཞུ་བསྒྲུབ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ནོ། །
        ཀྱེ། ཨ་མ་ལགས། ང་ཐོག་དང་པོར་དཀའ་ཁག་ལ་འཕྲད་པའི་དུས་སུ། ཁྱོད་ཀྱི་བྱམས་བརྩེ་དང་འཇམ་བག་གི་ཞལ་རས་ཀྱིས་ང་ལ་སྡུག་རུས་བསྐྱེད་དུ་འཇུག་ཐུབ། མ་ཡུམ་གྱི་བརྩེ་བ་ནི་མིའི་རིགས་ཀྱི་ཆེས་བླ་ན་མེད་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དེ་ཡིན་ལ། ངའི་སེམས་ཀྱི་དྭངས་གཙང་གི་གངས་ཆབ་སྔོན་མོ་དང་། ཕྱོགས་རིས་མེད་པར་འཇིག་རྟེན་དྲིན་གྱིས་སྐྱོང་བའི་དྲོད་འཇམ་གྱི་ཉི་མ་དང་། ཉམས་པ་མེད་པའི་མཛེས་སྡུག་གི་མེ་ཏོག་དེ་ཡིན་ནོ། །
        འདི་ནི་ངའི་བཀའ་དྲིན་གཞལ་དུ་མེད་པ་དང་། ང་ལ་སྤོབས་པ་བསྐྱེད་དུ་འཇུག་ཐུབ་པའི་དྲིན་ཆེན་མ་ལོ་ཡིན། ཨ་མ་ལགས། མཚམས་འདི་ནས་ངས་ཁྱོད་ལ་གླུ་ཞིག་ལེན་འདོད། སྔ་ལངས་འཕྱི་ཉལ་ཁྱིམ་གྱི་དོན་དུ་ཕུལ། །ལག་ཟས་གཙང་མས་བཟའ་ཚང་འཛུམ་གྱིས་གསོ། །ནུ་ཞོ་ཞིམ་པོས་གཅེས་ཕྲུག་བྱམས་ཀྱིས་བསྐྱངས། །གཡང་ཁྱིམ་དྲོན་མོར་སྐྱིད་ཀྱི་ཉི་མ་ཤར། །
        རེད་ཡ། ཨ་མ་ཡོད་པས་ང་ལ་དེ་རིང་དང་དེ་རིང་ལྟ་བུའི་བདེ་ཞིང་སྐྱིད་པའི་ཉི་མ་ཡོད་ལ། མ་འོངས་པའི་ལམ་ཁ་ཡག་པོ་དང་རྨི་ལམ་ཡག་པོ་ཞིག་ཀྱང་ཡོད་དེ། མ་ཡུམ་ནི་བདག་གི་ལམ་སྟོན་གྱི་སྒྲོན་མེ་འདྲེན་པར་བྱེད་པའི་གསེར་གྱི་སྐོང་བུ་དེ་ཡིན། ང་རང་དཀའ་སྡུག་གི་མེ་འོབས་སུ་ལྷུང་ནས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། རོགས་རམ་གྱི་ཕྱག་ཟུང་བསྲིངས་ནས་སྐྱོར་མཁན་དེ་ཡང་ག་ལ་མིན། འཇིག་རྟེན་འདི་ན་ཨ་མ་བཟང་ཟེར་བའི་དཔེ་དེ་བཞིན་ང་རང་ནམ་ཡང་རང་གི་ཨ་མ་ལ་དགའ།
རྩོམ་པ་པོ་བྱམས་སྐྱིད་མཚོ་ནི་བརྒྱད་གསུམ་འཛིན་གྲྭའི་ཡིན།

སྐྱུག་བྲོ་བའི་ང་།
སྙིང་མོ་བྱམས།

ཞོགས་པའི་ཉི་གཞོན་མལ་ཁྲིའི་སྟེང་དུ་འཕྲོ་དུས།།
སྐྱུག་བྲོའི་ང་རང་གཉིད་ཀྱི་ལམ་དུ་འཁྱམས་སོང་།།
དྲིན་ཆེན་ཕ་མའི་ཤ་ཚའི་གསེར་གྱི་འབོད་སྒྲ༎
གསལ་ལ་མི་གསལ་ཐོས་འཛིན་ལམ་ལ་གྲགས་ཡོང་།།

ཉིན་གུང་ཁྲི་གདུགས་བཤུལ་གྱི་འཇིངས་སུ་རྒྱུག་དུས།།
སྐྱུག་བྲོའི་ང་རང་གཉིད་ཀྱི་ཞིང་ལ་ཤོར་སོང་༎
བྱིའུ་ཆུང་ཅ་ཅོའི་འཛེར་སྒྲ་དེ་དག་ཐོས་པས།།
ཤི་མ་གསོན་གྱིས་དལ་མོར་མལ་ལས་ལངས་བྱུང་།།

ཕྱི་དྲོར་ཉི་མ་ནུབ་རིའི་ཡུལ་དུ་ལོག་དུས།།
སྐྱུག་བྲོའི་ང་རང་བརྙན་འཕྲིན་ཁོ་ནར་ཧད་སོང་།།
ཁྲ་ཆུང་མིག་ལས་མི་བཟོད་ཆུ་ཐིགས་ཐིགས་ཀྱང་༎
ཤེས་མེད་ཚོར་མེད་དེ་ཡི་ནང་དུ་འཛུལ་ལོ༎

མཚན་མོར་ནམ་ཟླ་འཁྱག་འཁྱག་སིབ་སིབ་བྱེད་དུས།།
སྐྱུག་བྲོའི་ང་རང་གནས་དེར་འདར་འདར་སིག་སིག།
སེམས་སུ་སང་ཉིན་སློབ་གྲྭ་ཚོགས་རྒྱུ་དྲན་རྗེས།།
བྱ་རྒོད་འཕུར་འཕུར་རྒྱུག་ནས་ལས་བྱ་བྲིས་སོང་།།
     
ཕྱི་ཉིན་ཉི་རྩེ་འཛིན་མའི་གཞི་ལ་འཕྲོ་དུས།། 
ཁྲེལ་མེད་ང་རང་གློ་བུར་གཉིད་ལངས་བརྒྱབ་བྱུང་༎
འདས་ཟིན་སྐར་མ་རེ་རེ་འཚོལ་བར་རྒྱུགས་ཀྱང་༎
ཕྱིར་ཡོང་མེད་པས་ཅི་བྱ་གཏོད་མེད་གྱུར་སོང་༎

དེ་ཡང་ཉིན་གུང་ཆུ་ཚོད་བཅུ་གཉིས་སོང་རྗེས༎
སྐྱུག་བྲོའི་ང་རང་ད་གཟོད་སློབ་གྲྭར་འབྱོར་སོང་༎
སྙིང་ཡང་དེ་དང་རིམ་བཞིན་སྟོད་ལ་འཚང་བཞིན༎
བྲེལ་བྲེལ་འཚུབ་འཚུབ་སློབ་ཁང་ཕྱོགས་སུ་རྒྱུག་སོང་། །

སྐྲག་སྐྲག་འདར་འདར་སློབ་ཁང་སྒོ་རུ་སླེབས་ཚེ༎
སྐྱུག་བྲོའི་ང་ལ་ཚོར་བ་ངན་པ་བྱུང་སོང་།།
ལེ་ལོའི་དབང་གིས་ལས་བྱ་ཡོངས་འགྲུབ་མིན་པས༎
འཇིགས་པ་ཆེན་པོ་མགོ་རུ་ཡོང་ངེས་བསམས་བྱུང་༎

སྤོབས་པ་བསྐྱེད་དེ་སྒོ་གླེགས་ངང་གིས་ཕྱེས་ཚེ༎
སློབ་གྲོགས་ཚོ་ཡིས་ལས་བྱ་ཡར་ལ་སྤྲད་དེ༎
རྒན་གྱིས་ཞིབ་བཤེར་ནན་གྱིས་བྱེད་པ་མཐོང་བྱུང་༎
སྐབས་དེའི་ང་རང་འགྲོ་སའི་འགྲོ་ཁུང་མི་འདུག།

སྐྲག་སྐྲག་འཚུབ་འཚུབ་རང་གི་གནས་ལ་བཅར་ནས༎
ཚུལ་དང་མཐུན་པའི་རྫིག་ཉམས་རྫུན་མ་བསྟན་ཏེ༎
བྲེལ་དང་དུལ་བའི་རང་ཚུགས་དོ་མཉམ་ངང་ནས༎
ལས་བྱ་འགྲུབ་ཡོད་བཞིན་དུ་རྒན་ལ་སྤྲད་སོང་༎

རྒན་གྱིས་བལྟས་རྗེས་རང་གི་གམ་ལ་སླེབས་ཏེ༎
ལས་བྱའི་གནས་ཚུལ་ཇི་བཞིན་གསལ་བཤད་གནང་རྗེས༎
ཆད་པ་ལྕི་མོ་རང་གི་སྡུག་གྱོང་ཡིན་ཞེས༎
མི་བཟོད་རྡུང་རྡེག་ལན་ཆགས་སྡུག་བསྔལ་མྱངས་སོང་༎
རྩོམ་པ་པོ་སྙིང་མོ་བྱམས་ནི་བརྒྱད་གསུམ་འཛིན་གྲྭའི་ཡིན།
རྩོམ་ཡིག་མཁོ་འདོན་བྱེད་མཁན་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འཇམ་མགོན་སྐྱབས་ཡིན།
འབྲེལ་ཡོད་འོས་སྦྱོར།