སློབ་མའི་སྦྱངས་རྩོམ་འོས་སྦྱོར།
རྩོམ་པ་པོ།:མཁར་མོ་ཐར། སྙིང་མོ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-07
ཀློག་གྲངས།:
ངའི་ཕ་ཡུལ་སུམ་རྩེན་ལྷ་ཡི་ཡུལ།
དགུ་གསུམ་འཛིན་གྲྭ། མཁར་མོ་ཐར།
སྔོ་ལྗང་མཛེས་སྡུག་གིས་བརྒྱན་པའི་གངས་ཀྱི་ར་བའི་མུ་ཁྱུད་ལྗོངས་ན་བརྗིད་ཆགས་ཤིང་ཉམས་དགའ་བའི་རབ་དཀར་མདངས་སུ་བཀྲ་བའི་ས་འཛིན་མངོན་པར་མཐོ་ལ། ལྷད་མེད་དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་མ་ལྷོད་ཀྱིས་བཞུར་ཞིང་། ས་ལ་དགེ་བཅུ་ཚང་བའི་ཡུལ་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་ནི་བདག་གི་ཕ་ཕུལ་སྟེ། ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་ཁོངས་གཏོགས་རྐང་ཚ་ཕྱུག་མོ་རེད། ང་རང་ས་འདི་གའི་མེ་ཏོག་གི་ཚལ་ལས་ལུས་ཀྱི་ལྟེ་ཁྲག་ས་ལ་འཕོས་པ་ཡིན། དྲང་མོར་བཤད་ན། ཡུལ་འདི་ནས་འཚར་ལོངས་བྱུང་བ་ནི་རང་ཉིད་ཀྱི་བསོད་ནམས་ཡིན་སྙམ་པའི་ཚོར་སྣང་ཞིག་རང་ཤུགས་སུ་སྐྱེས་ཡོང་། ས་འདི་ཡི་ཕྱི་སྣོད་ཀྱི་འཇིག་རྟེན་ཡིད་དུ་འོང་ཞིང་། ཡིད་ཀྱི་དབང་བོ་དབང་མེད་དུ་འཕྲོག་པ་དང་། གནས་དེར་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་པས་མ་ཡིན་ནམ། སྔོ་ལྗང་རྩྭ་ཐང་གི་མཛེས་སྡུག་དང་། མཐོ་ཞིང་བརྗིད་ལ་ཀྲོང་ངེར་འགྱིང་བའི་རྫ་དམར་ལུང་བའི་གཡའ་མའི་དཀན་གཟར། འབྲུག་མོའི་མེ་ལོང་ལྟ་བུའི་ངོ་མཚར་གྱི་རྫ་དམར་གཡུ་མཚོ་བཅས་ཀྱི་གཟི་ཉམས་དང་མཛེས་ཉམས་ནི་རི་མོ་བའི་པིར་རྩལ་ལས་ཐོན་པ་ཇི་བཞིན་སྣང་ལ། འབྱམས་ཀླས་པའི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་ནི་སྔོ་མདོག་གི་ཁ་གདན་སྟེང་དུ་མུ་ཏིག་དང་གཟི་ཡི་ཕྲེང་བ་གཏོར་བ་དང་གཉིས་སུ་མེད་ལ། གང་ས་གང་དུ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཡོད་པའི་སྟབས་ཀྱིས། རྨ་བྱ་སྔོན་མོའི་སྒྲོ་གུར་ཕུབ་པ་དང་འདྲ་བར་ཀུན་གྱི་ཁྲ་ཆུང་མིག་གི་ལོངས་སྤྱོད་ཀྱི་དཔལ་དུ་སྨིན་ཡོད།
སྔོ་ལྗང་གི་མྱུ་གུ་འབུས་མགོ་རྩོམ་དུས། ཆུ་ཕྲན་གྱ་གྱུ་དེ་ཡང་འཁྱགས་རོམ་གྱི་གུར་ནས་བུད་དེ་ལྷང་ལྷང་གི་བཞུར་སྒྲ་སྒྲོག་བཞིན་འཛིན་མའི་ཁྱོན་ལ་མཛེས་སྡུག་གི་འཕྱོར་ལྭ་མནབས་ནས་ཕེབས་ཡོང་ལ། ལྷོ་ལ་བཞུད་པའི་ཁུ་བྱུག་གིས་ཀྱང་སྙན་འཇེབས་གླུ་དབྱངས་ཀྱི་འབུལ་བ་ཁྱེར་ནས་ཐོན་བྱུང་།
དབྱར་སྐྱེས་རྔ་གསང་ཕྱོགས་བཞིར་གྲགས་པ་དང་ཆབས་ཅིག་ཏུ་སྦྲང་ཆར་ཟིམ་ཟིམ་དུ་འབབ་པ་ནི་དར་ཟབ་ཀྱི་སྐུད་པ་ནམ་མཁའ་ནས་ཐུར་དུ་དཔྱངས་པ་དང་འདྲ་ལ། དེ་དུས་ཀྱི་ཡུལ་ལྗོངས་ནི་ཅི་འདྲའི་མཛེས་སྡུག་ལྡན་ལ་ཡིད་དབང་འཕྲོག་པ་ཞིག་རེད་ཨང་། སྔོ་ཞིང་ལྗང་བའི་སྤང་ལྗོངས་ཀྱི་ངོགས་སུ་ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་ནི་བཀྲ་ཤིས་པའི་ལྷ་དར་དཀར་པོས་མཛེས་ལྗོངས་ལ་དགའ་བསུ་ཞུ་བ་དང་གཉིས་སུ་མེད་ལ། ཆུ་ཕྲན་གྱི་འགྲམ་དུ་སྨན་ཆུང་བུ་མོ་རྣམས་ཀྱིས་ཀུ་རེ་དང་རྩེད་འཇོ། བཞད་གད་དང་བསྡེབས་ཏེ་གོས་བཀྲུའི་ལས་ལ་རོལ་ཞིང་། གངས་དཀར་ཨ་མའི་པང་ནས་དགོ་དགོ་དབྱངས་རྟ་སྙན་མོ་ངག་ལ་འགུགས་བཞིན་གཡང་གི་འབྲི་མོ་བཞོ་བར་བྲེལ། དུས་དེར་ན་སོ་དར་ལ་བབས་པའི་སྟག་ཤར་གཞོན་ནུ་རྣམས་ཀྱིས་རང་རང་དགའ་བའི་རྟ་མཆོག་ལ་ཕྱིའི་མཛེས་རྒྱན་སྣ་ཚོགས་སྤྲས་ཏེ། ལོ་གཅིག་དུས་གཅིག་གི་རྟ་རྒྱུག་འགྲན་སྡུར་ལ་གཡུར་དུ་ཟ་བའི་འབྲས་བཟང་འཐོབ་པའི་ཆེད་དུ་གྲ་སྒྲིག་གང་ལེགས་བྱེད་བཞིན་མཆིས་ལ། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་ཏེ་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་ཞིང་། སྤང་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཁྲོད་ན་སྦྲང་མའི་ཚོགས་ཀྱིས་གླུ་ལེན་གར་རྩེད་བྱེད་པའི་མཛེས་སྡུག་གི་ཡུལ་ལྗོངས་འདི་ལ་ནམ་མཁའི་ལྷ་མོ་ཡང་སེམས་ཀྱི་སྨོན་པ་འཆོར་སྲིད།
སྟོན་དུས་སུ་སླེབས་ཚེ་མུ་མཐའ་མེད་པའི་ས་གཞིའི་སྟེང་དུ་ནས་དང་གྲོ། སྲན་མ། མ་རྨོས་ལོ་ཏོག་སོགས་འབྲུ་སྣ་ཕུན་སུམ་ཚོགས་པ་སྨིན་ཞིང་། མཛེས་ལྡན་གྱི་ལྗོན་ཤིང་ལ་མངར་ཞིང་སྐྱུར་བའི་འབྲས་བུ་གཡུར་དུ་ཟ་བ་སྨིན་ཞིང་། ཁོ་ར་ཁོར་ཡུག་ཀུན་ཏུ་སེར་ལམ་ལམ་བྱེད་བཞིན་པ་དེ་ནི་ལྷ་ཡུལ་ནས་རིན་ཆེན་སྣ་ཚོགས་ཀྱི་རྡོག་པོ་མི་ཡུལ་དུ་གཏོར་བ་དང་འདྲ། དུས་དེར་མི་རྣམས་ཀྱིས་དགའ་བའི་དགོད་སྒྲ་དང་སྐྱིད་པའི་གླུ་ལེན་བཞིན་ལོ་ཏོག་བསྡུ་བའི་ལས་ལ་བྲེལ་གྱིན་ཡོད།
ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་དུས་ཀྱི་རྣམ་པ་ནི་དེ་བས་ཀྱང་མཛེས་སྡུག་ལྡན་པ་ཞིག་མ་ཡིན་ནམ། དུས་འདིར་དབྱིག་འཛིན་བུ་མོས་སྲབ་ལ་འཇམ་པའི་རབ་དཀར་གོས་བཟང་བཀླུབས་ཏེ། ན་ཆུང་གི་བྱིས་པ་ཚོར་དགའ་སྐྱིད་ཀྱི་ཁོར་ཡུག་བཟང་བོ་ཞིག་ལེགས་སྐྱེས་སུ་ཕུལ་བ་དང་འདྲ་བར། ག་ས་གང་དུ་དངུལ་མདོག་གི་དར་གོས་ཀྱིས་ཁ་བ་རི་བོ་མཛེས་པར་བརྒྱན་བྱུང་། དུས་འདིར་ང་དང་འདྲ་བའི་བྱིས་པ་རྣམས་ལ་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་དེ་སླེབས་འདུག་པ་དང་འདྲ་བར་ཕན་ཚུན་ལ་ཁང་རྡོག་གིས་རྒྱབ་ནས་རྩེད་མོ་རྩེ་བ་ཡིན། དེ་དུས་ང་ཚོ་བྱིས་པ་རྣམས་ཀྱི་རྩེད་མོ་རྩེ་བའི་ལག་ཆ་གཙོ་བོ་ནི། ལག་ཤུབས་ཆ་གཅིག་དང་། རྡོ་ཆུང་ཆུང་འགའ། གངས་བླུགས་སྣོད་གཅིག་བཅས་ཡིན། ང་ཚོ་བྱིས་པ་རྣམས་ཀྱིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་མཐུན་སྒྲིལ་མཉམ་ལས་ཀྱི་སྒོ་ནས་ཁ་བ་རྒྱུ་ཆ་བྱས་ཏེ་རྒན་པོ་གཟུགས་ཆུང་ཞིང་སྤྲོ་སྣང་ལྡན་པའི་གཟུགས་བརྙན་ཡ་མཚར་ཅན་གྱི་གངས་མི་སྣ་ཚོགས་གསར་བཞེངས་བྱས་པ་ཡིན། དེ་མ་ཟད་བྱིས་པ་འགའ་རེ་དམག་རྩལ་ལ་རོལ་བ་དང་ལ་ལས་ཤིང་ལེབ་དང་ལྕགས་ལེབ་སོགས་བཀོལ་ནས་ཁངས་ཤུད་གློད་པའི་རྩེ་མོར་རོལ་བཞིན་ཡོད། དུས་ཚོད་དེ་ནི་ང་ཚོ་བྱིས་པ་དག་གི་ཐད་ནས་བཤད་ན་ཆེས་སྤྲོ་སྣང་ལྡན་པའི་དུས་ཚིགས་ཤིག་ཡིན་ལ་གསེར་ལས་ལྷག་པའི་དུས་ཚོད་ཀྱང་ཡིན།
ཕ་ཡུལ། ཁུ་སིམ་པོའི་ས་སྒང་རིལ་བོ། ཁྱོད་ཀྱིས་ང་ལ་རྫོགས་མཐའ་མེད་པའི་བདེ་སྐྱིད་དང་བརྗེད་པར་དཀའ་བའི་བག་ཆགས་བཞག་ཡོད་པར་མ་ཟད། མཛེས་སྡུག་ལྡན་པའི་ཁོར་ཡུག་གི་གྲུ་ཁ་རེ་རེ་ན་བཤད་མི་ཚར་བའི་གཏམ་རྒྱུད་མང་ལ། ཁྱེད་ཀྱི་སྤྲོ་སྣང་ལྡན་པའི་བྱིས་དུས་ཀྱི་གསེར་ལས་ལྷག་པའི་དུས་ཚོད་དེར་རྗེས་དྲན་བྱེད་སའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བདག་གི་དྲན་པའི་མེ་ལོང་ངོས་སུ་མཐོ་ཞིང་བརྗིད་པར་བསྐྲུན་ཡོད། ཁྱེད་ནི་མཛེས་སྡུག་རྣམ་པར་བཀྲ་བའི་སུམ་རྩེན་དག་པའི་གནས་ཡིན་ལ། མངའ་ཐང་དར་ཞིང་འཕེལ་རྒྱས་ཀྱི་གོམ་སྟབས་ཡར་ངོས་ཟླ་ལྟར་འཕེལ་བའི་ཞིང་ས་གཤིན་པོ་དེ་ཡིན།
__________________________________________________________________________________________________________
བཀའ་དྲིན་གཞལ་དུ་མེད་པའི་ཨ་མ།
དགུ་གསུམ་འཛིན་གྲྭ། སྙིང་མོ་བྱམས།
ང་རང་ཨ་མའི་མངལ་ལས་ངུ་ངག་གི་དབྱངས་རྟ་དང་པོ་དང་ལྷན་དུ་འཇིག་རྟེན་འདིར་མགྲོན་དུ་འཕོས་པའི་ཉིན་དང་པོ་ནས་བཟུང་སྟེ། ང་རང་སྙིང་གི་ནོར་བུ་བཞིན་བསླུ་བ་མེད་པའི་དྭངས་གཙང་གི་འཇིག་རྟེན་འདིར་ལྷག་བསམ་ཟོལ་མེད་ཀྱིས་བསྐྱངས་པའི་མི་དེ་ནི་བཀའ་དྲིན་གཞལ་དུ་མེད་པའི་ཨ་མ་ཡིན།
རེད་དེ། དང་ཐོག་ང་རང་ཆ་རྒྱུས་མེད་པའི་འཇིག་རྟེན་མི་ཡུལ་དུ་མགོ་འབུས་པ་ནས་ངུ་ངག་གི་དབྱངས་རྟ་ཐོག་མར་འཐེན་པ་ན། ང་ནི་ཅི་ཡང་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་ཡིན་ཞིང་། ནམ་རྒྱུན་ངུ་བ་ལས་དོན་དག་གཅིག་ཀྱང་བསྒྲུབ་མི་ཐུབ། སྐབས་དེར་ཨ་མས་ང་རང་དུང་བས་བསྐྱངས་ཤིང་། དཀར་གསུམ་མངར་གསུམ་བྱིན་ནས་ལུས་པོ་གསོས་ལ། སྣ་མང་གོས་འཇམ་བསྐོན་ནས་ལུས་པོ་གསོས། ནར་སོན་ནས་འགྲོ་ཐུབ་པ་ཙམ་གྱི་དུས་ནས་བཟུང་། ལྭ་བ་གྱོན་སྲོལ་དང་། མཐུ་བ་བསྣོལ་སྲོལ། ལྷམ་སྒྲོག་མདུད་སྲོལ། སྐ་རགས་བཅིངས་སྲོལ་སོགས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ང་ལ་ཁྲིད་པས་ད་གཟོད་ང་རང་ལུས་བདེ་སེམས་སྐྱིད་ངང་འཚར་ལོངས་བྱུང་། རྗེས་སུ་ང་རང་སློབ་གྲྭར་འགྲོ་རན་པའི་དུས་ཚོད་ལ་ཐོན་པ་ནས་བཟུང་། ཨ་མས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་བཙལ་བའི་ནོར་གྱིས་ང་རང་སློབ་གྲྭར་འགྲིམས་སུ་བཅུག་པས། ང་ལ་སློབ་སྦྱོང་ཡག་པོ་བྱེད་པའི་སྐལ་བ་ལྡན་སོང་། ང་རང་རིག་པའི་སློབ་གླིང་དུ་འགྲིམས་པའི་ཉིན་ནས་བཟུང་ཨ་མས་ནམ་རྒྱུན་ང་ལ་སློབ་སྦྱོང་བཟང་བོ་བྱས་ཏེ་མ་འོངས་པར་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐོགས་པའི་མི་ཞིག་བྱེད་དགོས་པར་མ་ཟད། སློབ་རའི་ནང་དུ་སོང་ན་སློབ་གྲོགས་ཕན་ཚུན་བར་ཆེ་བཀུར་ཆུང་བྱམས་དང་། དགེ་རྒན་དམ་པའི་བཀའ་གསུང་དང་དུ་ལེན་དགོས་པའི་བསླབ་བྱ་གནང་། དོན་དག་མང་པོ་ཞིག་ཆུ་བོའི་རྒྱུན་བཞིན་བཞུར་ཟིན་མོད། འོན་ཀྱང་ངའི་དྲན་པའི་མེ་ལོང་ངོས་སུ་ད་དུང་གསལ་ལེར་ཤར་འདུག་པ་དེ་ནི། ཐེངས་ཤིག་ལ་ང་རང་ཁྱིམ་མཚེས་ཚང་ལ་རྩེ་རུ་ཕྱིན་ཏེ། ཕྱི་དྲོར་སླེབས་རག་བར་དུ་ཁྱིམ་དུ་མ་ལོག ཕྱིར་ཁྱིམ་ལ་ལོག་པའི་སྐབས་སུ། གློ་བུར་དུ་ནམ་མཁའ་ནས་སྤྲིན་ནག་ལང་ལོང་འཁྲིགས་ཤིང་འབྲུག་སྒྲ་ལྡི་རུ་རུ་གྲགས་ཏེ། བསམ་དབང་དྲན་དབང་མེད་པར་དྲག་ཆར་བབས་བྱུང་། དེ་མ་ཐག་ངའི་ལུས་པོ་ཆར་གྱིས་སྦངས་ཏེ་གྲང་འདར་བརྒྱབ། དུས་དེར་ང་རང་ནམ་རྒྱུན་དུ་ངལ་གསོ་སའི་ལམ་འགྲམ་གྱི་སྡོང་རྒན་འོག་ཏུ་སོང་ནས་ཆར་གཞའ་བྱས། ཅུང་ཙམ་འགོར་རྗེས་ཆར་བ་འབབ་མཚམས་བཞག སྐམས་དེར་ཉི་མའང་ནུབ་ལ་ཉེ་བས། ངས་ཨ་མས་སེམས་ཁུར་བྱེད་བཞིན་ཡོད་འདོད་ནས་ཁྱིམ་ལ་ལོག ཁྱིམ་ལ་ཐོན་དུས་ཨ་མ་ཁྱིམ་དུ་མི་འདུག ངས་ཆར་གྱིས་སྦངས་པའི་ལྭ་བ་ཕུད་དེ་ལྭ་བ་གཞན་ཞིག་གྱོན་པའི་སྐབས་སུ་ཨ་མ་ཐོན་བྱུང་། མོའི་ལུས་པོའང་ཆར་གྱིས་སྦངས་འདུག མོས་ང་མཐོང་རྗེས་མྱུར་དུ་ང་ལ་ཁྱོད་ཆར་ནང་དུ་མ་ལུས་སམ། ཆམ་པ་ཕོག་ཡོད་དམ་ཞེས་དྲིས་བྱུང་། ངས་ང་ལ་སྐྱོན་མེད་ཅེས་བཤད་པ་ན། ཨ་མའི་གདོང་ལ་དགའ་བའི་མཛུམ་ཞིག་རྒྱས་བྱུང་། མ་གཞི་ཨ་མ་ང་རང་བཙལ་དུ་སོང་བ་ཡིན་འདུག དགོང་ཇ་འཐུང་བའི་དུས་ལ་སླེབས་ཚེ་ང་ལ་ཚ་རྒྱས་ཤིང་གློ་ལུ་བརྒྱབ་ནས་མཚམས་མ་བཞག་པས་ཨ་མས་ང་ལ་སྨན་ཁང་དུ་འགྲོ་ཟེར། ངས་མཚན་མོར་སྨན་ཁང་གི་སྒོ་ཕྱེ་མེད་པར་མ་ཟད། ལམ་ཐག་ཀྱང་ཧ་ཅང་རིང་ལ། ཨ་ཕའང་མེད་པས་འགྲོ་མི་དགོས་ཞེས་བཤད་ཀྱང་། མོས་ང་རང་བཙན་དུ་སྨན་ཁང་ལ་ཁྲིད་ནས་སོང་། ལམ་བར་དུ་གླ་གཏོང་རླངས་འཁོར་ལའང་མ་འཕྲད་པས་ཨ་མས་ང་རང་ཁུར་ནས་སྨན་ཁང་ལ་སོང་བ་ཡིན། སྨན་ཁང་ལ་ཐོན་པ་ནས་བཟུང་ཨ་མས་ཞག་གང་བོར་ང་རང་སྲུང་ནས་བསྡད། ང་ལ་འདི་འདྲའི་ཆམ་པ་ཆུང་ཆུང་ཞིག་ཕོག་ནའང་ཨ་མས་ང་ལ་དེ་འདྲའི་སེམས་ཁུར་ཆེན་པོ་ཞིག་བྱས་ཏེ་དཀའ་སྡུག་གང་མང་མྱངས་ནས་ང་རང་སྨན་ཁང་དུ་བསྐྱལ་ནས་ནད་གསོ་བྱས། ཨ་མ་ལགས། ངས་ཁྱེད་ཀྱི་བྱམས་བརྩེ་དང་གཅེས་སྐྱོང་ལ་ཕྱིར་དྲན་ཞིག་བྱས་ན། ཁྱེད་ཀྱི་བཀའ་དྲིན་ནི་ངས་ཚེ་འདིར་འཇལ་མི་ཚར་ལ། སྐྱེ་བ་ཕྱི་མར་ཡང་འཇལ་ཚར་བ་ཞིག་གཏན་ནས་མིན།
ཨ་མ་ལགས། ཁྱེད་ནི་ངའི་ལམ་སྟོན་གྱི་སྒྲོན་མེ་དང་། ངའི་སེམས་ཀྱི་ཡལ་བ་མེད་པའི་དྲོད་འཇམ་གྱི་ཉི་མ། ཉམས་པ་མེད་པའི་མཛེས་སྡུག་གི་མེ་ཏོག་ལྟ་བུ་ཡིན། ཁྱེད་ཀྱི་ལྷག་བསམ་དང་བྱམས་བརྩེ་ཡི་འོག་ནས་ང་རང་གཉོམ་ལག་རྒྱས་ལ། ང་ལ་མདུན་བསྐྱོད་ཀྱི་སྤོབས་པ་བསྩལ། ཨ་མ་ལགས། ངས་མི་ཚེ་གང་བོར་བརྗེད་མི་སྲིད་པ་ནི་ཁྱོད་ཀྱི་བྱམས་བརྩེ་ཡིན་ལ། ཆེས་འཇལ་དཀའ་བའང་ཁྱོད་ཀྱི་དྲིན་ལན་ཡིན། ཨ་མ་ལགས། ང་རང་ཁྱེད་ལ་དགའ་ཞིང་ཁྱོད་ལ་དུངས།
__________________________________________________________________________________________________________
སློབ་རའི་རྩོམ་པ་པོ་གཉིས་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།