logo

གངས་དཀར་ལྷ་མོས་དབྱངས་གསལ་ལ་ཕུལ་བའི་འཕྲིན་ཡིག

རྩོམ་པ་པོ།:གངས་དཀར་ལྷ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-20 ཀློག་གྲངས།:
དབྱངས་གསལ་སོ་བཞི་ལ་ཕུལ་བའི་མཛའ་འཕྲིན།
གངས་དཀར་ལྷ་མོ།

དབྱངས་གསལ་སོ་བཞིའི་སྤྱན་ཟུང་པད་མ་གཡོ་བའི་ལྡིང་ཁང་དུ་འཕྲིན་ཆུང་ཕོ་ཉའི་གཤོག་འགྱུར་རྩེན་པ་དགེ།
       ཐོག་མར་ཁྱེད་ལ་ཁམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
       ང་ནི་ཁྱེད་ལ་འབྲེལ་འདྲིས་བྱས་ཏེ་མི་ལོ་བཅུ་ལྷག་འགོར་བའི་སློབ་མ་ཆུང་ཆུང་ཞིག་ཡིན་ལ། མི་ལོ་བཅུ་ལྷག་གི་རིང་ལ་ང་ཁྱེད་དང་ཁ་བྲལ་མ་མྱོང་ཞིང། ངས་ནམ་རྒྱུན་ཁྱེད་ཀྱི་མཛེས་སྡུག་གི་ཡིག་འབྲུ་རེ་རེར་བརྟེན་ནས་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ལ་རོལ་མྱོང་བྱེད་བཞིན་ཡོད། ཁྱེད་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིགས་ཀྱི་གཟི་བྱིན་ལམ་མེར་འཕྲོ་བའི་གངས་ཅན་གན་མཛོད་ཁྲོད་ཀྱི་རིན་ཆེན་གཅེས་ནོར་དེ་ཡིན་ལ། ངའི་སེམས་གཏིང་གི་གྲོགས་དམ་པ་ལགས།
       དེ་བས། དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཀྲ་བའི་མཛེས་སྡུག་གི་དུས་འདིར། ངས་ཁྱེད་ལ་འཕྲིན་ཡིག་ཅིག་འབྲི་བར་འདོད་དེ། ལོ་ངོ་སྟོང་ཕྲག་གི་སྔོན་དུ་ང་ཚོ་མཐོ་སྒང་གི་ཡུལ་འདིར། ཤེས་རིག་གི་ཉི་གཞོན་འཛུམ་མེད་པའི་དུས་དེར། ཁྱེད་ཀྱིས་བགྲོད་པར་དཀའ་བའི་ལམ་ཐག་རིང་བོའི་དཀའ་སྡུག་ཚད་མེད་ཁྱད་དུ་བསད་དེ་གངས་ཅན་པའི་སྐྱེ་བོ་རྣམས་ཀྱི་དབང་བོའི་ལམ་དུ་འབྱོར་བའི་བགྱི་བ་ནི་ལས་སླ་བོ་ཞིག་ག་ལ་ཡིན། སློབ་དཔོན་ཐོན་མིའི་སྦལ་ནག་ན་ལ་བགྲད་འདྲའི་ཡིག་གཟུགས་ནས་ཁྱུང་བོ་གཡུ་ཁྲིའི་ཕྱག་རྒྱུན་གྱི་མཛད་པ་ལེགས་པར་བསྐྱངས་ནས་ད་ལྟའི་བར་བོད་མི་བྱིངས་ནས་བཀོལ་ཅིང་སྤྱད་ལ། དར་ཞིང་རྒྱས། བོད་ལ་ཤེས་རིག་གི་སྒྲོན་མེ་སྦར་ནས་རྨོངས་པའི་མུན་པ་རྒྱང་དུ་བསྐྲད་ཅིང་ཕྱོགས་ཀུན་སེལ་བའི་ཉིན་བྱེད་ལྟ་བུར་གྱུར་བས་རྒྱུན་རིང་བའི་ལོ་རྒྱུས་ཀྱི་གླེགས་བམ་ནང་དུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་རྐང་གཅིག་ཀྱང་ཡིན།
       མི་ལོ་བཅུའི་ཡར་སྔོན་ནས། ངས་ཨ་མའི་ངག་ལས་ཁྱེད་ཀྱི་ངོ་བོ་ལས་གྲུབ་པའི་སྐད་གདངས་བསླབས་ཤིང་། ཨ་ཕའི་ཚིག་ལས་ཁྱེད་ཀྱི་རུས་རྐང་ལ་ཟུག་པའི་ང་རོ་བསླབས། དགེ་རྒན་གྱི་གསུང་ལས་ཁྱེད་ཀྱི་སྦྱོར་ཀློག་ལ་བརྒྱུས་བའི་འདེགས་འཇོག་བསླབས་པས། དུས་ད་ལྟ་ང་གནས་ཡུལ་གང་དུ་སོང་ཡང་ཁྱེད་ཀྱི་མཛེས་ཉམས་ཀྱིས་སྤུད་པའི་གཟུགས་རིས་མཐོང་ཚེ་ང་ལ་དེ་ལས་ལྷག་པའི་མིག་གི་ལོངས་སྤྱོད་མེད་ལ། ཁྱེད་རང་སྦྱོར་ཀློག་བྱེད་པའི་སྙན་དབྱངས་ཐོས་ཚེ་ངའི་རྣ་བའི་གསོས་སྨན་དུ་འགྱུར་ངེས། ཁྱེད་ནི་ངའི་ཡིད་ཀྱི་ཟབ་སར་འབུས་ཤིང་ངའི་རུས་པའི་རྐང་ལ་ཟུག་པས། ང་མུ་མཐུད་ནས་ཁྱེད་ལ་བརྟེན་ཞིང་ཁྱེད་ལ་ཁེན་དགོས།
       དབྱངས་གསལ་ལགས། ངའི་ཕ་སྐད་ཀྱི་གཞི་མ། ཁྱེད་ནི་རིགས་གཅིག་སྤུན་མཆེད་ཡོངས་ལ་མཚོན་ན་མེད་དུ་མི་རུང་བའི་ནོར་བུ་རྩ་ཆེན་དེ་ཡིན་པས། ངས་ནི་མུ་མཐུད་ནས་ཁྱེད་རང་གོང་འཕེལ་དུ་གཏོང་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ནས། ཁྱེད་ཀྱི་སྦྱོར་ཀློག་འབྲི་གསུམ་དང་། འཆད་ཉན་སྦྱོང་གསུམ་ཕྱོགས་ལ་འབད་པ་བླ་མེད་བྱེད་རྒྱུའི་དམ་བཅའ་སྙིང་ལ་བཅངས་ཡོད། དེ་བཞིན་དུ་ཁྱེད་ཀྱིས་ཀྱང་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་རང་གི་རྣམ་དཔྱོད་དང་སྙིང་རུས་ལ་བརྟེན་ནས་གངས་ཅན་ལྗོངས་སུ་དཔལ་ཡོན་གྱི་ཉི་མ་འཆར་དུ་བཅུག་ཡོད་ལ། ཁྱེད་ཀྱི་གཟུགས་རིས་དང་དབྱངས་འགྲོས་ལ་བརྟེན་ནས་བོད་མི་ཁྲི་ཕྲག་གི་ཉོན་མོངས་སེལ་ཡོད་པ་བསྙོན་མེད་རེད།
ཆ་འཕྲིན་ལག་རྩལ་གྱི་ཚ་བ་འབར་བའི་དེང་གི་ཆར་སྐད་རིགས་སྣ་ཚོགས་ལ་ཧུར་གྱིས་འཇུག་པ་ནི་མདུན་བསྐྱོད་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ཅི་ལ་མིན། ཡིན་ཡང་། དེང་གི་དུས་སུ་བོད་མི་ལ་ལས་བོད་ཡིག་བསླབ་ན་དགོས་པ་མེད་ཚུལ་སོགས་ཀྱི་གཏམ་ཡན་དེ་དག་གིས་བསྐྱེད་པའི་བསམ་བློ་ཡིས་མཐར་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་སོགས་ལ་ཤན་ཤུགས་ངན་པ་ཐེབས་ཀྱིན་འདུག དེ་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་སྟེ། སྔོན་བོད་རྒྱལ་སྲོང་བཙན་སྒམ་པོས་སྔ་དྲོ་རྣོ་ངར་རལ་གྲི་བཅིངས་ནས་ཕ་རོལ་དགྲ་བོ་ཟིལ་གྱིས་མནན། ཕྱི་དྲོ་ཆོས་ཀྱི་གླེགས་བམ་བསླབས་ཏེ་ཕ་རོལ་ཡི་གེ་བློ་ཡིས་དྲངས། རྒྱ་བཟའ་ཁབ་དུ་བཞེས་ནས་མི་རིགས་མཛའ་མཐུན་དམ་དུ་སྦྲེལ་ནས་ཕྱོགས་བཞི་གངས་ཀྱིས་བསྐོར་བའི་གངས་ཅན་ས་ལའི་སྨན་ལྗོངས་འདིར། རྨོངས་པའི་མུན་པ་རྒྱང་དུ་བསྐྲད་ཅིང་ཕྱོགས་ཀུན་སྣང་བའི་ཉིན་བྱེད་འཆར་དུ་བཅུག སློབ་དཔོན་ཐོན་མིས་རང་གི་བློ་དང་ཐུགས་ཀྱིས་མནོ་བསམ་ཞིབ་མོ་བཏང་སྟེ། ལུས་ཚ་གྲང་དང་བཀྲེས་སྐོམ་སོགས་ཀྱི་དཀའ་སྤྱད་རྡོ་རུས་ཐུག་པ་མཛད་དེ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་དེ་བོད་ཡིག་དབྱངས་གསལ་སོ་བཞིར་གཏན་ལ་ཕབ་པ་ནི། བོད་ལ་མུན་སེལ་གྱི་ཤེས་རིག་སྒྲོན་མེ་སྦར་ཏེ་ལམ་བུ་ཕྲ་མོ་གསལ་དུ་བསྟན་པ་ཡིན་ལ། འདི་འདྲའི་དཀའ་བ་ཁྱད་དུ་བསད་མཐར་ད་གཟོད་སྐད་དང་ཡི་གེ་འདི་བྱུང་བ་རེད། མི་རིགས་ཤིག་གི་སྐད་དང་ཡི་གེ་ནི་མེས་རྒྱལ་གྱི་ཤེས་རིག་གི་བང་མཛོད་ནང་གི་འོད་དུ་འཚེར་བའི་རིན་པོ་ཆེ་ཞིག་ཡིན་ལགས། ང་ཚོས་སྔོན་བྱོན་ལོ་པན་བཀའ་དྲིན་ཅན་རྣམས་ཀྱིས་སྐྲུན་པའི་ཤུལ་བཞག་རིག་གནས་རིན་ཐང་ཅན་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་དུ་གཏོང་བའི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་ལེན་དགོས་ན་ཐོག་མའི་དམ་བཅའ་ནི་ཡིད་ཆེས་བརྟན་པོའི་ངང་སློབ་སྦྱོང་ལ་དགའ་ཞེན་དང་བརྩོན་པ་བྱེད་རྒྱུ་ལས་གལ་ཆེ་བ་ཞིག་མེད་དོ་སྙམ། དེ་བས། ངས་དོ་ནུབ་རང་ལ་འདྲིས་ཆེ་ཞིང་དུང་བ་ཟབ་པའི་དབྱངས་གསལ་ཁྱེད་ལ་སེམས་གཏམ་ཞིག་བརྗོད་པ་ཡིན། ཁྱེད་ཀྱི་སྙན་ཞིང་འཇེབས་པའི་སྒྲ་དང་སྟངས་སྟབས་གར་ཉམས་ལྡན་པའི་གཟུགས། ད་རུང་བློ་ཡི་མུན་པ་སེལ་བའི་སྟོབས་སོགས་ནི་ང་ཚོ་རྗེས་རབས་པ་རེ་རེ་ནས་རྒྱུན་འཛིན་འོས་པའི་སང་ཉིན་གྱི་ལས་བྱ་ཡིན་ལ་མ་འོངས་པའི་རེ་བསྙེགས་སོ། །
       ངའི་རུས་ལ་འཐིམ་ཞིང་ངག་ལ་འཁྱིལ་བའི་དབྱངས་གསལ་ལགས། ང་ནམ་ཡང་ཁྱེད་ལ་དགའ་ཞིང་དུངས། སྐབས་སུ་བདེ་མོ། སླར་ཡང་མཇལ། 
མཛའ་གྲོགས་གངས་དཀར་ལྷ་མོ་ནས་ཟླ་ཚེས་བཟང་བོ་ལ་ཕུལ།

སློབ་རའི་རྩོམ་པ་པོ་པོ་ཆུང་ཆུང་གངས་དཀར་ལྷ་མོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྒྱད་བཅུ་འཛིན་གྲྭའི་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།