ཀན་སུའུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་སྦྱངས་རྩོམ་ཆེད་བཀོད། ཁག་གཉིས་པ།
རྩོམ་པ་པོ།:ཟླ་བ་ལྷ་མོ་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-24
ཀློག་གྲངས།:
ངའི་ཕ་ཡུལ་གྱི་ཡུལ་ལྗོངས།
ཟླ་བ་ལྷ་མོ། དམའ་གཅིག་འཛིན་དགུ།
ཕ་ཡུལ་ཞེས་པ་ནི། རང་བཞིན་གྱི་མིང་ཞིག་མ་ཡིན་ཏེ། དེའི་ནང་དུ་ས་གཞི་དང་། རི་ཆུ། རིག་གནས། མི་རིགས། གཉེན་ཉེ། བརྩེ་བ་སོགས་དོན་བྱ་མང་པོ་མང་པོ་ཞིག་འདུས་ཡོད།
བདག་གི་ཕ་ཡུལ་གངས་ཅན་ཁ་བའི་ལྗོངས་ན་མཛེས་སྡུག་གི་རྩྭ་ཐང་དང་། རིན་ཐང་བྲལ་བའི་ཤུལ་བཞག་རིག་དངོས། ངོ་མཚར་བའི་རི་ཆུ་མཚོ་གསུམ་བཅས་ཡུལ་ལྗོངས་ཧ་ཅང་མཛེས་སོ། །
བདག་གི་ཕ་ཡུལ་ནི་མདོ་དབུས་མཐོ་སྒང་དུ་གནས་ཀྱང་། བདག་ཆུང་དུས་ནས་དེ་རུ་ནར་སོན་པ་སྟེ་འཚར་ལོངས་བྱུང་བས་དེར་ཆ་རྒྱུས་མི་ཉུང་བ་ཞིག་ཡོད། ངའི་ཕ་ཡུལ་ན་རི་བོ་མཐོན་པོ་ཞིག་ཡོད་པ་དེ་ལ་ངས་མིང་ཞིག་བཏགས་ཡོད་དེ། མིང་ལ་ལྷ་རི་སྤུན་གསུམ་ཟེར། རི་བོ་དེ་ནི་བྲག་དམར་ནམ་མཁའི་དབྱིངས་སུ་ཟུག་ཅིང་རི་འདབས་ཆུ་བོའི་རྒྱུན་ལ་འདྲེས་ཡོད་པའི་རི་ཧ་ཅང་མཐོན་པོ་ཞིག་ཡིན། རི་བོ་དེའི་རྩེ་ན་བྲག་རྡོ་ཆེན་པོ་ཡོད་པ་དེ་རུ་སྤྱང་ཚང་ཆེན་པོ་ཞིག་ཡོད། དེ་ནས་མར་བབས་ན་སྨན་རྩྭའི་ཐང་ཞིག་ཡོད་པ་དེ་ལྕགས་རས་བསྐོར་ནས་ནང་དུ་ནོར་ལུག་བརྒལ་མི་ཐུབ་པར་བྱས་ཡོད། དེར་དབྱར་རྩྭ་དགུན་འབུའི་གཙོ་བྱས་ནས་སྨན་སྣ་མང་པོ་སྐྱེས་ཡོད་པ་དང་། ལོ་རེའི་དབྱར་ཁར་ང་དང་ཨ་མ་གཉིས་སྨན་རྩྭ་བརྐོ་རུ་སོང་བ་ཡིན། རི་འདབས་དེ་ནི་ད་གཟོད་ནོར་ལུག་འཚོ་ས་ཡིན། རི་འདབས་ཀྱི་ཆུ་བོ་ནི་དྭངས་ཤིང་གཙང་ལ། འཐུང་ནའང་བསིལ་བ་སོགས་ཡོན་ཏན་བརྒྱད་དང་ལྡན་པས་ན་ཡང་ཡང་འཐུང་འདོད་པ་ཞིག་ཡིན། ཕ་ཡུལ་གྱི་རྩྭ་ཐང་ནི་དེ་བས་ཀྱང་མཛེས། རྩྭ་ནི་མཚམས་རེར་ཡུན་རིང་ལ་ནོར་ལུག་གིས་མ་ཟོས་པས་རིང་པོ་སྐྱེས་འདུག སྐབས་རེར་རླུང་གཡུག་ན་རྩྭ་གཡོ་འགུལ་བྱེད་པའི་རྣམ་པ་ནི་མཚོ་ངོས་ན་རྦ་རླབས་འཕྱུར་བཞིན་པ་དང་གཉིས་སུ་མ་མཆིས།
བདག་གི་སེམས་ཁོངས་ན་གནས་པའི་ཕ་ཡུལ་ནི་ལྷ་ཡུལ་ལས་མཛེས་པ་ཞིག་ཡིན་པས། ང་རང་འཛམ་གླིང་ཡུལ་གྲུ་ཀུན་ལས་དེ་ལ་དགའ་ཞིང་རང་ཉིད་བོད་ཡུལ་གངས་ལྗོངས་འདིར་སྐྱེས་པ་ནི་རང་གི་གཟི་བརྗིད་དུ་སྒོམ་ཡོད།
ངའི་ཕ་ཡུལ་གྱི་སྟོན་ཁ།
བཀྲ་ཤིས་ཚེ་རིང་། དམའ་གཅིག་འཛིན་བརྒྱད།
སླེབས་བྱུང་། སླེབས་བྱུང་། ང་ཡིས་ཡུན་རིང་རེ་སྒུག་བྱས་པའི་སྟོན་ཁ་སླེབས་བྱུང་། སྟོན་ཁ་སླེབས་པ་ན་དབྱར་ཁ་ལྟ་བུའི་སྔོ་ལྗང་དང་གསོན་ཤུགས་མེད་ན་ཡང་། ང་རང་ཕ་ཡུལ་གྱི་སྟོན་ཁ་ལ་ཤིན་ཏུ་དགའ། རྒྱུ་མཚན་ནི་སྟོན་ཁ་སླེབས་པ་ན་ནོར་འཛིན་མས་གསེར་གྱི་ལྭ་བ་ཞིག་གྱོན་པ་དང་འདྲ་བས་ཡིད་དུ་འོང་བ་ཞིག་རེད།
རླུང་བུ་དལ་གྱིས་ལྡང་བཞིན་ཡོད་ལ། ནམ་ཟླ་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་མོད། གཡའ་དག་པའི་ནམ་མཁའ་རུ་བྱ་བྱེའུ་ཁྱུ་དང་ཁྱུ་བྱས་ནས་ལྷོ་ཕྱོགས་ཚ་བའི་ཁུལ་དུ་འཕུར་བཞིན་ཡོད་ལ། འདབ་ཆགས་གཞན་དག་གིས་དགུན་ཉལ་བྱེད་པར་གྲ་སྒྲིག་བྱེད་ཀྱིན་ཡོད།
སྟོན་ཁ་སླེབས་པ་ན། ཕ་ཡུལ་གྱི་ཨ་ཁུ་དང་ཨ་ནེ་ཚོས་གཡུར་ཟའི་འབྲས་བུ་སྨིན་པའི་ཞིང་ཁ་རུ་འཛུམ་གྱི་མེ་ཏོག་བཞད་ནས་དགའ་སྤྲོའི་སྣང་བ་ཡིས་ཁེངས་པ་དང་། ད་དུང་འབྲོག་པ་རྣམས་ཀྱི་ནོར་ལུག་ལ་འཕེལ་ཁ་རྒྱས་ཤིང་ཤ་ཤེད་རྒྱས་པས་གདོང་ལ་འཛུམ་གྱིས་ཕྱུག་ཡོད།
ང་རང་སྟོན་ཁ་ལ་དགའ་བའི་རྒྱུ་མཚན་གཞན་ཞིག་ནི་སྟོན་ཁ་སླེབས་པ་ན། ང་རང་དགའ་སའི་སིལ་ཏོག་སྣ་ཚོགས་ཡོད་དེ། འབྲི་སེའུ་དང་། ཁམ་བུ། རྒུན་འབྲུམ་སོགས་ཡོད་པས་ཡིན། དེ་བཞིན་སྟོན་ཁའི་དུས་སུ་ཕ་ཡུལ་གྱི་ཡུལ་མི་ཀུན་ཞིང་ཁ་རུ་མཉམ་དུ་འཛོམས་ཤིང་དགའ་སྤྲོའི་སྣང་བ་ཡིས་ཁེངས་ཡོད།
ངའི་ཕ་ཡུལ་གྱི་སྟོན་ཁ་ནི་སུམ་རྩེན་གནས་དང་འདྲ་བས་ཡུལ་གང་དུའང་བསྒྲུན་དུ་མེད། དེ་བས། ང་རང་ཕ་ཡུལ་གྱི་སྟོན་ཁ་ལ་དགའ།
ཉིན་དེའི་ཞོགས་པ།
གཡང་དཀར་ལྷ་མོ། དམའ་གཅིག་འཛིན་བཞི།
ཉིན་དེའི་ཞོགས་པར་ངས་སྔར་བཞིན་དཔེ་ཆ་ཁྱེར་ནས་ཕྱི་རོལ་ཏུ་ཀློག་འདོན་ལ་ཕྱིན་པ་ཡིན། ངའི་རང་དབང་གི་ཁོར་ཡུག་ཆུང་ཆུང་སྟེ་ངེད་ཚང་གི་སྒོ་རའི་ཕྱི་ནང་ཀུན་དཀར་མདོག་གི་ཁ་བས་བརྒྱན་འདུག་པས་ངས་ཀྱང་གོམ་ཆུང་གི་འདེགས་འཇོག་ཕྱིར་ལ་མི་འཐེན་ག་མེད་བྱུང་། དེ་ནི་མཛེས་སྡུག་གི་རྣམ་པ་འདི་བརླག་པར་དོགས་པས་ཡིན།
ཨ་ཨ། མ་གཞི་མདང་ནུབ་ཁ་བ་བབས་འདུག
ང་དང་ནུ་བོ་ངེད་གཉིས་ཀྱིས་དཔེ་ཀློག་མཚམས་བྱས་ནས་ཨ་མས་ཁ་བ་ཕྱགས་སུ་འབོད་པར་རེ་ཞིང་སྒུག་སྡོད་པའི་སྐབས་དེར་རྨ་བྱས་འབྲུག་སྒྲ་ཐོས་པའི་དཔེ་ལྟར་བསམ་ཐོག་ལ་རྟ་རྒྱུགས་བྱུང་། ནུ་བོ་ངའི་མགྱོགས་རེད། ཁོ་ནི་ང་ལས་ཀྱང་དགའ་སྣང་ཆེ་བར་འདུག དེ་ནས་ངེད་གཉིས་ཀྱིས་ཨ་མར་རོགས་བྱས་ནས་འགྲོ་ལམ་ཐོག་དང་ར་བའི་ནང་གི་ཁ་བ་ཚང་མ་ཕྱགས་པ་མ་ཟད། རྒྱལ་སྒོའི་ཁར་ཁུར་བ་ཡིན། ངས་སླེ་བོ་རེ་རེ་བཞིན་རྔུལ་ཆུ་བཞུར་ཞོར་མགྱོགས་པོར་ཚར་བར་བསམ་ནས་འཁུར་བ་ཡིན། འོན་ཀྱང་ནུ་བོས་དེ་ལས་ལྡོག་སྟེ་ངས་ཁ་སྤུང་བརྒྱབ་ཡོད་སར་སོང་ནས་རྩེ་བཞིན་འདུག དང་ཐོག་ང་རང་སྤོ་ལངས་ནས་ཁོ་ལ་ལེ་བདའ་བྱས་མོད། ཁོས་ང་ལ་ཞུ་བ་བྱེད་ཞོར་དུ་ངས་ཁ་བས་ཨ་ཅེ་ཁྱོད་ཀྱི་གཟུགས་བརྙན་ཇི་མ་ཇི་བཞིན་དུ་འདུག་པ་ཞིག་བཟོས་ཡོང་ཟེར། དེ་ནས་ངས་ཀྱང་འགྲིག་པར་འདོད་ནས་ཁོའི་བསམ་ཐོག་ལ་བཞག་པ་ཡིན། ད་དུང་ཁོ་ལ་ལེགས་པོ་ཞིག་བཟོ་དགོས་པའི་བླང་བྱ་བཏོན་ནས་ཁོ་ལ་རྒྱུ་ཆ་སྐོར་ཞིག་འདོན་སྤྲོད་བྱས་པ་ཡིན།
ངས་སྔར་བཞིན་ཨ་མས་སྤུང་བཞིན་པའི་ཁ་བ་འཁུར་ནས་རྒྱུག་འདུར་བྱས་པ་ཡིན། ཁྱོད་ཚོས་བལྟས་ན་ང་ཅི་ཞིག་ལ་འཚབ་ཡོད་དམ། ངས་མ་བཤད་ན་ཁྱོད་ཚོས་ཤེས་གསལ་རེད། ནུ་བོས་མ་སྐུལ་དང་བླངས་སྒོས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག་པའི་ངང་ཚུལ་དེར་བལྟས་ན་ང་རང་ལྷག་ཏུ་འཚབ་འགྲོ། ཡིན་ཡང་ཁ་བ་མཐུག་པས་ལས་སླ་མོའི་ངང་འཁུར་མི་ཚར་བས་ཨ་མས་ང་ལ་འཁུར་རོགས་བྱས་སོང་། དེ་ལྟར་ཆུ་ཚོད་གཅིག་ལྷག་གི་རིང་ལ་ལས་ཀ་ཀུན་ཡོངས་སུ་འགྲུབ་ནས་ང་དང་ནུ་བོ་ངེད་གཉིས་ཀྱི་རང་དབང་གི་རྩེ་རར་ཞུགས་ཆོག་པའི་དུས་ལ་བབས་སོང་། ང་ནུ་བོའི་སར་རྒྱུགས་ནས་སོང་བ་ན་ཁོས་ལས་ཡོད་པའི་ཁ་བའི་མི་ནི་གཟུགས་ཟླུམ་པོ་ཞིག་དང་ངོ་དབྱིབས་གོར་གོར། མིག་ཅུང་ཟུམ་པ་ཞིག་རེད། ནུ་བོ་ཁོ་ཁོང་དགོད་ཞིག་ཤོར་ཞོར་ཁ་བའི་མི་ལ་རྒྱན་འདོགས་བཞིན་འདུག ངས་རིག་མ་ཐག་ཏུ་ཅུང་མ་དགའ་མོད་ཞིབ་ཏུ་བལྟས་པ་ན་སྙིང་རྗེ་བོ་ཞིག་ཀྱང་འདུག དེ་བས་ནུ་བོར་དགའ་མདོག་བསྟན་པ་ན་ཁོ་རང་དགའ་ནས་ཨ་ཅེ་འདི་ཁྱོད་དང་ཨ་ན་མ་ན་རེད་ཟེར་ཞོར་གྲང་ནས་དམར་ནག་ཏུ་གྱུར་འདུག་པའི་ལག་པ་གཉིས་ཁ་རླངས་ཀྱིས་སྲོ་བཞིན་འདུག་པས། ང་རང་ཁོ་ལ་སྙིང་རྗེ་སྐྱེས་བྱུང་།
དེ་ལྟར་ཆུ་ཚོད་ཀྱང་ངེས་ཅན་འགོར་འདུག་པས་ངས་ཁོ་ཁྲིད་ནས་ཁྱིམ་ལ་ནངས་ཇ་འཐུང་གི་སོང་བ་ཡིན། ལམ་བར་ནས་ངས་ཁོ་ལ་ནངས་ཇ་མགྱོགས་པོར་འཐུང་ནས་ཁ་བའི་ནང་དུ་མཉམ་པར་རྒྱག་རྒྱུའི་ཁས་བླངས་ཡོད། པར་ཆས་ལ་ནུ་བོས་ཨ་ཕའི་ཁ་པར་གཡོར་རྒྱུ་ཁས་བླངས་ཡོད། འདི་ལྟར་རེ་བ་ཞིག་གིས་སྐུལ་ནས་ངེད་ཁྱིམ་མི་ཀུན་གྱིས་ནང་ཇ་འཐུང་ཚར་བ་ན་ངེད་གཉིས་ཀྱིས་བཟའ་མི་ཀུན་མཉམ་པར་བསྐྱོན་དུ་གདན་དྲངས་པ་ཡིན། ང་ཚོས་གོན་པ་སོ་མ་རེ་གོན་ནས་རེ་བཞག་དང་བཅས་ཁ་བའི་མི་ལས་ཡོད་སར་སོང་བ་ཡིན། ལམ་བར་དུ་སེམས་སུ་བཟའ་མི་དག་མཉམ་པར་རྒྱག་དུས་ཀྱི་འདུག་ཚུལ་སོགས་ལ་བསམ་བློ་བཏང་བ་ཡིན། ཉི་འོད་ཧ་ཅང་ཆེ་བས་མིག་ཆེར་འབྱེད་མི་ཐུབ་པས་པར་ངོས་སུ་མིག་ཆུང་བར་དོགས་པ་སོགས་ལ་སེམས་ཁུར་བྱུང་། ནུ་བོས་ཨ་ཕའི་ཁ་པར་སྔ་མོ་ནས་གཡར་ཡོད་པ་ཁྱེར་ནས་སྔོན་དུ་རྒྱུག་སོང་། ངས་ཀྱང་བཟའ་མི་ཚོ་ཁྲིད་ནས་མགྱོགས་པོར་སོང་བ་ཡིན། གློ་བུར་དུ་ནུ་བོས་སྐད་ཆེན་བརྒྱབ་སོང་། ང་མགྱོགས་པོར་རྒྱུག་ནས་སོང་བ་ན་ནུ་བོས་ངུ་མ་དགོད་ཀྱི་ངོ་གདོང་གིས་ང་ལ་བལྟས་ནས་འདུག མ་གཞི་ཁ་བ་ཞུ་སོང་། ཤུལ་དུ་ཕྱག་མ་གཉིས་དང་། ལ་སེར་གཅིག རྡོ་གོར་མ་གཉིས། རློན་པར་བཏང་བའི་མགོ་བཀྲིས་གཅིག་བཅས་ལས་ལྷག་མི་འདུག བཟའ་མི་ཚོས་ཧབ་ཆ་རྒྱག་ཤོར་ངེད་གཉིས་ལ་ལེ་བདའ་བྱས། ནུ་བོ་ངུས་བྱུང་། ང་ཡང་མི་སྐྱིད་པ་ཞིག་བྱུང་སོང་། དུས་དེར་ཨ་ཕ་སྔོན་དུ་རྒྱུགས་ཡོང་ནས་ངེད་གཉིས་ལ་དགོད་ཁ་སློང་ཞོར་གནས་ལུགས་བཤད།
རེད་ཡ། གནམ་གཤིས་ཀྱི་འགྱུར་ལྡོག་དང་དུས་ཚོད་ཀྱི་འདུ་ཤེས་དམ་འཛིན་མ་ཐུབ་པའི་ངེད་མིང་སྲིང་གཉིས་ལ་ཞོགས་པ་དེར་ཆག་སྒོ་ཆེན་པོ་ཞིག་བྱུང་སོང་། དེ་བས་ཉིན་དེའི་ཞོགས་པ་དེ་ངས་ནམ་ཡང་བརྗེད་ཐབས་མི་འདུག་གོ །
ནམ་ཡིན་བརྗེད་ཐབས་མི་འདུག
ཏཱ་རེ་སྐྱིད། དམའ་གཉིས་འཛིན་བདུན།
བྲལ་ནས་ཡུན་རིང་འགོར་བའི།།
བདག་གི་དྲིན་ཆེན་དགེ་རྒན།།
ཁྱེད་ཀྱི་ལྷག་བསམ་དཀར་པོ།།
ནམ་ཡང་བརྗེད་ཐབས་མི་འདུག།།
བྲལ་ནས་ཡུན་རིང་འགོར་བའི།།
བདག་གི་ན་མཉམ་སློབ་གྲོགས།།
ཁྱོད་ཚོའི་མཛའ་བརྩེ་ལྷད་མེད།།
ནམ་ཡང་བརྗེད་ཐབས་མི་འདུག།།
བྲལ་ནས་ཡུན་རིང་འགོར་བའི།།
བདག་གི་སློབ་ཁང་གྲུ་བཞི།།
ཁྱེད་ཀྱི་དྲོད་ཁོལ་ཚད་མེད།།
ནམ་ཡང་བརྗེད་ཐབས་མི་འདུག།།
བྲལ་ནས་ཡུན་རིང་འགོར་བའི།།
བདག་གི་མ་ཡུམ་སློབ་གྲྭ།།
ཁྱེད་ཀྱི་བྱམས་བརྩེའི་བདག་སྐྱོང།།
ནམ་ཡང་བརྗེད་ཐབས་མི་འདུག།།
བྲལ་ནས་ཡུན་རིང་འགོར་བའི།།
བདག་གི་སློབ་ཆུང་འཚོ་བ།།
ལོ་ཟླ་ག་འདྲ་འདས་རུང་།།
ནམ་ཡང་བརྗེད་ཐབས་མི་འདུག།
ནོར་ལུག་རྗེས་ཀྱི་ཨ་མ།
འཕགས་མོ་མེ་ཏོག དམའ་གཉིས་འཛིན་གསུམ།
བདག་གི་ཨ་མ་ནི་ནམ་ཡང་ནོར་ལུག་གི་རྗེས་ན་ཡོད་པའི་འབྲོག་མོ་ཞིག་ཡིན། ཆུང་དུས་ནས་བཟུང་སྟེ་འདོ་རིག་རྟ་ཕོའི་གོམ་སྒྲ་དང་། གཡང་དཀར་ལུག་གི་འབའ་སྒྲ། ཐུལ་དཀར་འབྲི་མོའི་ངུར་སྒྲ་སོགས་གྲོགས་སུ་བསྡེབས་ཏེ་འཚར་ལོངས་བྱུང་བའི་རྩྭ་ཐང་གི་མེ་ཏོག་རྐང་གཅིག་ཡིན། ཁོ་མོ་འཚར་ལོངས་བྱུང་སའི་མཐའ་ཡས་པའི་མཛེས་སྡུག་གི་རྩྭ་ཐང་ཇི་བཞིན་ས་དེ་གའི་སྐྱེ་འགྲོ་ཡོངས་ཀྱི་བློ་ཁོག་ནི་ཡངས་ཤིང་བྱམས་བརྩེ་ལྡན། ངའི་ཨ་མའང་དེ་ལས་མ་འདས།
བདག་གི་ཨ་མས་དབྱར་དྲུག་པའི་ཚ་བ་དང་དགུན་ཁ་བའི་གྲང་ངར་ལ་ཡེ་ནས་མི་འཛེམ་པར་དུས་བཞི་དབྱེར་མེད་དུ་ཁྱིམ་ལས་ཙག་ཙིག་ལ་འབད་བཞིན་ངལ་རྩོལ་གྱི་རྒྱུན་གཏན་ནས་ཆད་མ་མྱོང་། ཁོ་མོས་ཁྱིམ་གཞི་གོར་མོ་འདི་དང་བུ་ཕྲུག་ཚོའི་དོན་དུ་ཡོད་ཚད་ཕངས་སེམས་མེད་པར་འབུལ་གྱིན་ཡོད། ཐ་ན་རང་གི་བུ་ཕྲུག་གི་དོན་དུ་རིན་ཆེན་གསེར་ལས་ལྷག་པའི་ཚེ་སྲོག་ཀྱང་འབུལ་ངེས་པ་གདོན་མི་ཟ། དུས་རྒྱུན་ནོར་ལུག་གི་རྗེས་སུ་འགྲོ་དུས་ཀྱང་ལག་ཏུ་ཕྲེང་བ་འདྲེན་བཞིན་འགྲོ་བ་སེམས་ཅན་གྱི་བདེ་སྡུག་མཐའ་དག་སྐྱབས་བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་འདེབས་ཞུ།
ཁོ་མོར་བྱམས་དང་སྙིང་རྗེ་ལྡན། དཀའ་ངལ་ལ་མགོ་མི་སྒུར་བའི་དཔའ་སྤོབས་ཡོད། ལོ་ཟླ་རིང་མོའི་དགའ་སྐྱོ་ཡི་གཙུབ་བརྡར་ཁྲོད་ནས་ཁོ་མོའི་གདོང་ལ་གཉེར་མའི་རི་མོ་བྲིས་ཤིང་ལུས་པོ་རྒས་འཁོགས་སུ་གྱུར། འཇམ་མཉེན་གྱི་ཕྱག་ཟུང་ཡང་སྔར་ལས་རྩུབ་ཅིང་གདོང་གི་དམར་མདངས་ཡལ་ནའང་། བདག་གི་མིག་ལམ་ནས་ཁོ་མོ་ནི་གངས་ལྷ་མེ་ཏོག་ཇི་བཞིན་མཛེས་སྡུག་ལྡན། ད་དུང་ཁོ་མོས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་དང་འཛུམ་མདངས་དུས་གཏན་དུ་ཡལ་མ་མྱོང་།
ཁོ་མོ་ནི་ཆེས་སྤྱིར་བཏང་གི་བུད་མེད་ཅིག་ཡིན་ཡང་ངའི་སེམས་ཁོང་ནས་ནམ་ཡང་བོར་མ་མྱོང་། ཐ་ན་ང་རང་དུས་རྒྱུན་སློབ་གྲྭར་འགྲོ་བའི་སྐབས་སུའང་སློབ་གྲོགས་བར་མཐུན་སྒྲིལ་བྱེད་དགོས་ཚུལ་དང་དགེ་རྒན་གྱི་ཁ་ལ་ཉན་དགོས་ལུགས། སློབ་སྦྱོང་ལ་འབད་པ་བྱེད་དགོས་ལུགས་སོགས་ཀྱི་ཁ་ཏ་སློབ་གསོ་གནང་བ་བརྗོད་མི་ཚར་ལ། ཆེས་སྤྱིར་བཏང་གི་སྐད་ཆ་འདིས་ང་ཡི་སློབ་གཉེར་གྱི་ཐད་དུ་སྐུལ་ལྕག་ཐེབས་པ་ཐེངས་གཅིག་ག་ལ་ཡིན། ཐ་ན་ངའི་མི་ཚེ་ལ་ཁ་ཕྱོགས་བསྐྲུན་ཞིང་དམིགས་འབེན་རྙེད།
དེ་བས། ང་རང་རླབས་ཆེ་བའི་དྲིན་ཆེན་མ་ལོ་ལ་དགའ་ཞིང་ཁོ་མོའི་ཡིད་གཞུངས་ཤིང་ལས་ལ་བརྩོན་པའི་སྙིང་སྟོབས་ལ་དེ་བས་ཀྱང་དུངས། ཁོ་མོ་ནི་ཤེས་རིག་གི་སྒོ་ཐེམ་འགྲིམས་མ་མྱོང་བའི་ཡིག་རྨོངས་པ་ཞིག་ཡིན་ནའང་ངས་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་ཁོ་མོ་མེད་དུ་མི་རུང་། འདི་ལྟ་བུའི་ཨ་མ་ཞིག་ཡོད་པ་ནི་ངས་ང་རྒྱལ་ཞིག་ཏུ་ཅི་ལ་རྩིས་མ་ཆོག་ཨང་། ཁོ་མོ་ཡོད་པས་ང་སྔར་བཞིན་ཕྱུག་པོ་ཡིན། མཐར་གནམ་འོག་གི་དྲིན་ཆེན་མ་ལོ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བར་སྨོན།
མཛུབ་སྟོན་དགེ་རྒན། མགོ་ཚ་སྟག་ཐར་སྐྱབས།
འབྲེལ་ཡོད་འོས་སྦྱོར།