སློབ་མའི་སྦྱངས་རྩོམ་བདམས་བཀོད།
རྩོམ་པ་པོ།:འོད་ལྡན་འཚོ་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-09
ཀློག་གྲངས།:
ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མའི་རྩོམ་ཡིག་བདམས་བཀོད།
ངའི་གཅེས་སུ་འོས་པའི་ཕ་ཡུལ།
བདུན་གཅིག་འཛིན་དྲུག་གི་འོད་ལྡན་འཚོ།
ངའི་ཕ་ཡུལ་ནི་ཕྱུགས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ས་དང་རྣང་ཞིང་གྲུ་བཞིར་ལོ་ལེགས་འབྱུང་བའི་ས་མ་འབྲོག་གི་ཇོ་སར་སྡེ་བ་ཡིན། རྣང་མ་དཔེ་ཆ་བརྩེགས་འདྲ་དང་། སྤངས་ལྗོངས་མར་ཁུ་འཁྱིལ་བ། ནེའུ་གསིང་གཡུ་ཡི་ཞུན་མ། དྭངས་གསལ་བདུད་རྩིའི་ཆབ་རྒྱུན། རྩྭ་ཆུ་འཇོམས་པའི་ཕ་ཡུལ་འདི་ནི་ཧ་ཅང་མཇེས་སྡུག་ལྡན་པ་ཞིག་ཡིན།ཕ་ཡུལ་གྱི་རི་བོ་ཐམས་ཅད་ནི་བརྗིད་ཆགས་ཤིང་ངོས་གཟར་བ་དང་། རི་བོའི་ཕུ་ནས་བཞུར་བའི་ཆུ་མིག་ནི་དངུལ་དཀར་གྱི་མཆོད་པ་བཤམས་པ་ལྟར་ལུང་བའི་མདོ་ཡི་ཆུ་ཕྲན་གྱི་ཕྱོགས་སུ་རྒྱུགས་པས། འདི་ནི་སའི་དགེ་བཅུ་འཛོམས་ཤིང་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་པའི་སྦས་ཡུལ་ཉམས་དགའ་བ་ཞིག་ཡིན།
རི་ལུང་ཐང་གསུམ་ན་རྟ་ནོར་ལུག་གསུམ་ཐང་མར་བརྡལ་ཞིང་རང་རང་གི་མོས་འདུན་ལྟར་སྐོར་དང་ཁྱུ་བྱས་ཏེ་གང་སར་འཐོར་ནས་བསྡད་ཡོད། རྫི་བོ་བུ་དང་བུ་མོ་ཚོས་དགའ་མགུ་དང་འདོད་མོས་ཀྱི་གླུ་དབྱངས་སྣ་ཚོགས་ལེན་བཞིན་ཕྱུགས་འཚོ་སྐྱོང་གི་ལས་ལ་འབད་བཞིན་པ་ནི་ཅི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་།
དགུན་དུས་སུ་ཕ་ཡུལ་གྱི་རི་ཀློང་ཐང་གསུམ་ཁ་བས་གཡོགས་ན། ངའི་ཕ་ཡུལ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ་ལ། དེའི་སྟེང་དུ་གསེར་མདོག་གི་ཉི་འོད་འཕྲོས་ཚེ་འོད་ལམ་ལམ་བྱེད་པས་མིག་ཀྱང་འབྱེད་དཀའ་བ་ཞིག་ཡིན། རི་བོའི་འདབ་ཏུ་རྒྱང་ལ་བསྲིངས་པའི་གཞུང་ལམ་དེ་ནི་རི་རྐེད་ལ་སྐ་རགས་རིང་པོ་ཞིག་བཅིངས་པ་དང་གཉིས་སུ་མ་མཆིས།
ད་ལྟ་དགུན་རྒྱ་སྟག་འདྲ་མོ་ཕར་བཞུད་ཤུལ་ན། དཔྱིད་ཀྱི་དཔལ་མོ་སོས་དལ་བག་ཕེབས་ངང་མི་ཡུལ་དུ་འཕྱོར་སྒེག་གི་ལང་ཚོ་ངོམ་བཞིན་ཕེབས་བྱུང་ལ། གནམ་གཤིས་ནི་ཉིན་རེ་ནས་ཉིན་རེར་ཇེ་དྲོ་རུ་སོང་བ་དང་། སྐམ་ཞིང་རུལ་པའི་འཇག་མའི་གསེབ་ན་ལྗང་སྨྱུག་གི་མགོ་བོ་འབུས་བཞིན་ཡོད། དྲོད་འཇམ་གྱི་ཉི་འོད་ཀྱིས་རི་སུལ་གྱི་ཁ་བ་མཐུག་པོ་དང་ལུང་ཀྱོག་གི་འཁྱགས་དར་བཞུས་པ་དང་། བཞུས་པའི་ཆུ་བོ་ལྷུང་ལྷུང་དུ་བཞུར་ཏེ་གཤིན་པའི་ས་ཞིང་དུ་དྲངས་ཚེ། རྣང་ཞིང་གྲུ་བཞིར་ལྗང་བུ་རེ་རེ་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་དང་། ནོར་འཛིན་སྒེག་མོས་ལྗང་མདོག་གི་འཕྱོར་ལྭ་བཀླུབས་བྱུང་།
དབྱར་ཁ་སླེབ་ཚེ། ཕ་ཡུལ་གྱི་སྔོ་ལྗང་ལྗང་བྱེད་པའི་རྩྭ་ཐང་ནི་བཟོ་བ་སྟོང་གིས་བཏགས་པའི་ས་གདན་སྔོན་མོ་ཡུགས་གཅིག་འདྲ་ལ། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་བརྒྱ་སྐར་ཚོགས་བཞིན་འཛུམ་པ་ནི་ལྷ་ཡུལ་ཁམས་དང་གཉིས་སུ་མཆིས། ད་དུང་ཆར་རྗེས་ཀྱི་ཤ་མོ་ནི་ཐོ་རངས་སྐར་ཆེན་བཞིན་གང་སར་དཀར་ཆེམ་ཆེམ་བྱེད་པར་མ་ཟད། ཟོས་ན་བྲོ་བ་ཞིམ་ཞིང་བཙོང་ན་རིན་གོང་ཁུག
སྟོན་ཁར་ཕ་ཡུལ་དུ་ལོ་ལེགས་བྱུང་ཚེ། སྡེ་བའི་སོ་ནམ་པ་རྣམས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལོ་ཏོག་འབྲེག་ཅིང་གཡུལ་ཁ་བཅག་ནས་དཀའ་སྡུག་ཅི་ཙམ་མྱངས་ཀྱང་དགའ་སྤྲོའི་འཛུམ་མདངས་ལྷུག་པར་གྲོལ་ནས་ཁོ་ར་ཁོར་ཡུག་དགོད་སྒྲ་དང་གླུ་སྐད་ཀྱིས་ཁྱབ་འགྲོ།
རེད་ཡ། མཛེས་སྡུག་ཡིད་དུ་འོང་བ་དང་འབྱོར་ཕྱུག་ལྡན་པའི་ཕ་ས་ཕ་ཡུལ། ངའི་གཅེས་སུ་འོས་པའི་ཕ་ཡུལ་ལགས། དེང་རབས་ཅན་བཞིའི་བགྲོད་ལམ་སྟེང་དུ་ཁྱོད་ཀྱིས་རང་གི་མཛེས་པ་ཡོད་ཚད་རྩལ་དུ་སྤྲུགས་ཏེ། ང་ཚོར་བདེ་སྐྱིད་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པར་བཀའ་དྲིན་ཆེ།
ངའི་རྩིས་རིག་དགེ་རྒན།
བདུན་བཞི་འཛིན་གྲྭའི་ཕག་མོ་ཚེ་གཟུངས།
ངའི་རྩིས་རིག་དགེ་རྒན་ནི་གཟུགས་ཅུང་ཐུང་བ་དང་། ངོ་གདོང་རིལ་ཞིང་ཟླུམ་པ། སྐུ་ཡང་ཅུང་ཙམ་རྒྱགས་པ། མིག་སྒོར་ལ་ཧ་ཅང་ཆེ། ད་དུང་སློབ་ཁྲིད་ལ་ཡོང་དུས་མིག་ཤེལ་ཡུ་བ་དམར་པོ་ཅན་ཞིག་བརྒྱབ་སྟེ་དཔེ་དེབ་མཆན་ལ་བཙུར་ནས་ཁྲིད་སྟེགས་སུ་འབྱོར་ན། སྐྲ་ནག་ཀྲིག་ཀྲིག་འོད་འཚེར་བས་མིག་གིས་ལྟ་མི་བཟོད་པ་ཞིག་ཡིན། ངའི་རྩིས་རིག་དགེ་རྒན་ནི་གཞན་གྱི་མིག་ལམ་དུ་མོ་ཡག་ཅིག་ཡིན་ཟེར་དཀའ་མོད། མོ་ལ་འདྲིས་ཤིང་མོའི་བཟང་སྤྱོད་ལ་གོམས་པའི་སློབ་གྲོགས་ཚོའི་མིག་ལམ་དུ་བྱམས་ལྡན་གྱི་མ་ལོ་བཞིན་སྙིང་དུ་སྡུག་ཅིང་བློ་འབབ་ཅིག་ཡིན་པ་གདོན་མི་ཟ།མོ་ནི་ངའི་རྩིས་རིག་དགེ་རྒན་ཡིན་ལ། འཛིན་བདག་དང་ཨ་ནེ་ཡང་ཡིན། ནམ་རྒྱུན་ངའི་གྲངས་རིག་མ་ཤེས་པའི་སྐབས་སུ། ང་ལ་ངོ་ནག་ནག་བྱས་ཏེ་ང་ལ་རྩིས་རིག་རྩིས་རྒྱག་ཏུ་བཅུག་པར་མ་ཟད། བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་བསླབ་བྱ་རིས་མེད་དུ་སློབ་སྦྱོང་བྱེད་དུ་འཇུག དེའི་རྐྱེན་གྱིས་ངའི་རྒྱུགས་འབྲས་ཧ་ཅང་བཟང་། ད་ལྟ་ང་རང་སློབ་འབྲིང་དུ་སླེབས་རྗེས། རྩིས་རིག་དགེ་རྒན་ངའི་གམ་དུ་མེད་ནའང་། ང་ལ་སློབ་སྦྱོང་གི་གོམས་གཤིས་བཟང་བོ་ལོབས་ཡོད་པས་སྐར་འབྲས་བཟང་བོ་ལོན་པར་ནམ་ཡང་སྟ་གོན་བྱས་ཡོད་མོད། ངའི་ཞེ་གཏིང་ནས་བདེ་མོ་ཞིག་ཡིན་པར་རྩིས་རིག་དགེ་རྒན་ཡིད་ལ་ཡང་ཡང་འཁོར། ངའི་དྲན་འཛིན་གྱི་ཡོལ་ངོས་ན་ནམ་ཡང་བསུབ་ཏུ་མེད་པ་ནི། ངས་དྲི་བ་ཞིག་མ་ཤེས་པར་ངོ་ནག་ཅིང་སེམས་སྡུག་པའི་སྐབས་སུ་རྩིས་རིག་དགེ་རྒན་ནི་འཕྲུལ་གྱི་ལྷ་བཙན་པོ་ཞིག་དང་འདྲ་བའི་ངའི་མདུན་ནས་གློ་བུར་དུ་མངོན་ཡོང་། ཁོ་མོས་ང་ལ་མི་ཚེ་ལ་མོ་ཀྱག་ཀྱོག་ཆེ་ལ། སྡུག་ན་རིང་ཞིང་སྐྱིད་ན་ཐུང་བས་ཁྱོད་རང་འདི་ལྟར་ཉིན་རྒྱུན་དཀའ་ཁག་ཅིག་ལ་འཕྲད་ན་སེམས་མི་སྐྱིད་པར་བསྡད་ན་ཉིན་གཅིག་ཀྱང་འཁྱོལ་དཀའ་བར་འདུག་ཟེར་ནས་དཀའ་ཁག་སེལ་ཐབས་ཀྱི་བསླབ་བྱ་མང་པོ་གནང་བ་རེད། སྐད་ཆ་དེ་དག་ནི་ནི་ཧ་ལས་པ་ཧང་སང་པ་ཞིག་མིན་རུང་། ང་ལ་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་ཅིང་ངའི་སེམས་ལ་འགྲོ་བ་ཞིག་ཡིན་པས་ང་ལ་ཁྲིད་སྟོན་མང་པོ་བྱས་པ་རེད། ད་ལྟ་ཁོ་མོ་ངའི་གམ་དུ་མེད་ན་ང་ལ་ཁེར་རྐྱང་གི་མྱ་ངན་ཞིག་རང་དབང་མེད་པར་འཁོར་ཡོང་། རྩིས་རིག་དགེ་རྒན་གྱིས་དོན་དག་ཅི་ཞིག་བསྒྲུབས་ཀྱང་ཚང་མ་འདྲ་མཉམ་ཡིན་མོད། ང་ལ་ཧ་ཅང་གཟབ་ནན་བྱེད་པ་ལས་གུ་ཡངས་གཏན་ནས་མི་བྱེད་ནའང་ངས་སྔར་བཞིན་ཁོ་མོ་དྲན་པ་པ་མ་ཟད། ཁོ་མོས་ནམ་རྒྱུན་མི་ཚེ་ནི་ཤོག་དཀར་ཞིག་དང་འདྲ་ལ། སྐྱོན་ནི་ཤོག་དཀར་ངོས་ཀྱི་ནག་ཐིག་དེ་ཡིན་ཟེར། ཤོག་དཀར་གྱི་ཁ་ཞེང་ཅི་ལྟར་ཆེ་ཡང་ནག་ཐིག་ལྷང་ཡིན་པས། སྐྱོན་ཆ་མི་བཟོ་བ་གལ་ཆེ་ཟེར་བ་ནམ་ཡང་ངའི་རྣ་ལམ་དུ་གཤགས་ནས་འདུག
ངའི་ཨ་ཕ་གསར་བ།
བདུན་བཞི་འཛིན་གྲྭའི་བཀྲ་ཤིས་སྒྲོལ་མ།
ང་ལ་ཨ་ཕ་གསར་བ་ཞིག་ཡོད། དེ་ནི་ད་སྐབས་ཀྱི་ཨ་ཕ་ཡིན། ངའི་ཨ་ཕ་ངོ་མས་ངེད་མ་སྨད་ཚོ་བསྐྱུར་ནས་ཡུལ་ཁམས་གཞན་ཞིག་ལ་མག་པ་བུད་སོང་ཟེར།ཨ་ཕ་གསར་བ་དེ་གཟུགས་ཅུང་ཙམ་ཐུང་བས་ངེད་གཉིས་བར་ལ་སོར་གང་དོ་ལས་མི་ཁྱད། ཁོའི་སྐྲ་ཐུང་གྱེན་ལ་གཟེངས་ཤིང་མིག་ནི་སྐར་ཆེན་བཞིན་ཆེ་རུ་བགྲད་ནས་ལྟ་བར་དགའ། ཤ་རྩ་སྨུག་ལ་ཞལ་མདངས་ནག ཁོའི་ངང་རྒྱུད་བལ་ལས་འཇམ་པ་དང་རང་བཞིན་མདའ་ལས་དྲང་བའི་གཤིས་ཀ་དེས་ངེད་མ་སྨད་ཚོ་ཤིན་ཏུ་གཅེས།
དེ་ཡང་ཨ་ཕ་ཞེས་འབོད་ས་མེད་པའི་ཉིན་ཞིག་ལ། ཨ་མས་གློ་རྡེག་ཏུ་ང་དང་ནུ་བོ་གཉིས་ལ་ཨ་ཕ་གསར་བ་ཞིག་ཁྲིད་ཡོང་ཟེར། ང་དང་ནུ་བོ་གཉིས་ཀྱིས་གཏམ་དེ་ཐོས་འཕྲལ་གནམ་ལྡིང་ས་ལྡིང་བྱས་ཏེ་དགའ་འབོད་ཡང་ཡང་བྱས་པ་ཡིན། དེ་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག་ལ་ཨ་མས་ནུ་བོ་འཁྲིད་དེ་ཨ་ཕ་གསར་བ་བསུ་རུ་སོང་། ང་དང་ཨ་ཕྱི་གཉིས་ཀྱིས་དབྱར་ས་ནས་ཟ་མ་ཞིམ་པོ་བསྐོལ་ནས་ཨ་ཕ་གསར་བ་ནམ་ཡོང་ལ་རེ་ཞིང་བསྒུག་པ་ཡིན། ཏག་ཏག་ཨ་ཕ་གསར་ཡོང་བའི་ཉིན་མོ་དེ་འཛམ་གླིང་ཨ་ཕའི་དུས་ཆེན་ལ་འཁེལ་འདུག་སྐད།
ཨ་མས་ཁ་པར་ཡོང་ནས་ང་དང་ཨ་ཕྱི་གཉིས་དགུན་སར་ཤོག་དང་ཨ་ཕ་གསར་བ་དགུན་སར་ཐོན་ཡོད་ཟེར། དེ་ནས་ཨ་ཕྱིས་ངེད་ཚང་གི་ནོར་ལུག་ཁྱིམ་མཚེས་ལ་བཅོལ་རྗེས། ངེད་གཉིས་རྟབ་རྟབ་པོར་ལམ་ལ་ཆས་དུས། ཨ་ཁུ་བཀྲ་ཤིས་ཚང་གི་རླངས་འཁོར་འགྲོ་བར་སྟབས་འགྲིག་སྟེ་དགུན་སར་ཡོང་བ་ཡིན། ལམ་བར་དུ་ངས་ཨ་ཕ་གསར་བ་ནི་ཅི་འདྲ་ཞིག་ཡིན་པར་བློས་བསླངས་གང་མང་བྱས་པ་ཡིན། ང་ཁྱིམ་ལ་འཛུལ་ནས་ལྟ་དུས་ལྕགས་ཀྱི་སྒྱེད་པུའི་གམ་དུ་ཁ་ཐུམ་རྒྱག་པའི་མི་ཆ་མེད་ཅིག་འདུག་པ་དེ་ནི་ངེད་དང་ནུ་བོ་གཉིས་ཀྱི་ཨ་ཕ་གསར་བ་རེད། ཁོས་དཀར་ཞིང་གཙང་བའི་ཁ་ཐུམ་མར་ཕུད་ཞོར་འཛུམ་དམུལ་དམུལ་གྱིས་ང་ལ་བཀྲ་ཤིས་ཞེས་བོས་བྱུང་། སྐབས་དེར་ང་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་བརྟས་ཤིང་ཡ་མཚར་བའི་སྒོ་ནས་ཨ་ལན་ཡང་སྟེར་མི་ཐུབ་པར་ལུས། ངས་བསམས་པར་ཁོས་ངའི་མིང་ཇི་ལྟར་ཤེས་པ་ཡིན་ནམ་སྙམ། བཤད་ཡོང་ན་ཨ་ཕ་གསར་བས་སྔ་མོ་ནས་ངེད་མ་སྨད་ཚོ་རྒྱུས་ལོན་ཡག་པོ་བྱས་ཡོད་ས་རེད། ཨ་ཕས་ཟ་མ་ཟས་ཚར་རྗེས་ནུ་བོ་ལ་སྐད་ཡིག་ལས་བྱ་འཁྲིད་བཞིན་ཡོད། ང་ཨ་མའི་གམ་དུ་སོང་སྟེ། ཨ་ཕ་གསར་བའི་མིང་ལ་ཅི་ཟེར་དྲིས་ན། ཨ་མས་ངས་ཀྱང་མི་ཤེས། ཁྱོད་རང་གིས་དྲིས་ན་བཟང་ཞེས་ཀུ་རེ་རྩེས་པ་རེད།
ཨ་ཕ་གསར་བ་ཞོགས་པར་སྔ་མོ་ནས་ལངས་ཏེ་ནུ་བོ་དང་ངེད་གཉིས་ལ་སྐད་ཡིག་བློར་འཛིན་བྱེད་དུ་འཇུག་ཅིང་། ཁོ་ལ་བོད་ཡིག་གི་འདྲི་ཚིག་ཅི་ཞིག་དྲིས་ཀྱང་ཐོགས་རྒྱུ་མེད་པར་ཁ་གསལ་གོ་བདེ་ཡི་སྒོ་ནས་ངེད་གཉིས་ལ་འཁྲིད་པ་རེད། དེ་ནས་བཟུང་ནུ་བོ་དང་ངེད་གཉིས་ཀྱིས་ཨ་ཕའི་བརྩེ་བ་ཐོག་མར་ཁ་རེག་པ་ཡིན་ལ། སྐད་ཡིག་གི་དགེ་རྒན་ཙ་ཡ་ཞིག་ཡོད་པས་ངེད་གཉིས་ཀྱི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ངོ་།།
དྲིན་ཆེན་ཕ་མ།
བདུན་དྲུག་འཛིན་གྲྭའི་གནམ་མཚོ་སྒྲོལ་མ།
དྲིན་ཆེན་ཕ་མས་ཀྱག་ཀྱོག་གི་ལམ་བུ་གང་མང་བརྒྱུད་ནས་ང་རང་འཇིག་རྟེན་འདིར་འཁྲིད་ཡོང་ཞིང་གཅེས་སྐྱོང་གང་ལེགས་གནང་སྟེ་ལོ་བཅོ་ལྔར་སོན་དུ་བཅུག ངས་ཀྱང་མི་ཡུལ་འདིར་དྲིན་ཆེན་ཕ་མ་དང་བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་གྱི་དྲིན་ལན་ཡང་ཡང་དྲན་བཞིན་ཡོད།ང་རང་ཆུང་དུས་སུ་བྱིས་པ་ཡ་རབས་ཤིག་ཡིན་ཟེར། ཕ་མ་གཉིས་ཀྱི་ཁ་ལེན་ཚིག་བརྩི་བྱེད་ཅིང་སེམས་ཁུར་མི་གཏོད་ཟེར། བདག་གི་དྲིན་ཆེན་ཕ་མ་གཉིས་ནི་ཆུང་དུས་སུ་སློབ་གྲྭ་འགྲིམས་པའི་བསྐལ་བ་མ་ལྡན་པས་ཀ་ཁའི་ཡིག་ངོ་ཙམ་ཡང་མི་ཤེས་ནའང་། ཡི་གེ་དང་དང་རིག་གནས་ལ་སྨོན་མཁན་ཡིན་པས། ང་རང་ཤེས་རིག་ནོར་བུ་ལེན་དུ་སློབ་གྲྭར་བསྐྱལ་བ་རེད།
ང་རང་ཕ་མ་གཉིས་ལས་ཆེས་འདང་ཆེ་བ་ནི་ཨ་མ་ཡིན་ལ། ཨ་མས་དུས་རྒྱུན་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སོས་དལ་མེད་པར་ཁྱིམ་ལས་སྒྲུབ་བཞིན་ཡོད། ནམ་ཞར་དྲིན་ཆེན་ཕ་མས་ཤ་ཁྲག་མཆེད་པའི་རང་གི་བྱིས་པ་རྣམས་ལ་སེམས་གཏིང་ནས་བརྩེ་བས་བསྐྱངས་ཤིང་ཡིད་ཆེས་གནང་བ་དྲན་ཐེངས་རེར། ངས་ཉི་མ་འཁྱོལ་ཐུབ་ཀྱི་བྱ་བྱེད་ཙག་ཙིག་ལ་གཡེང་བར་འགྱོད་སེམས་ཆེ་ལ། སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་བདག་གི་ལུས་ཀྱི་ཆ་ཤས་སོ་སོ་ནས་བསྡམས་ཀིན་འདུག
ཨ་ཕ་ནི་གཟུགས་ཅུང་ཙམ་རིང་ལ་ཤ་སྐམ་ཞིང་རུད་པ་ཞིག་ཡིན། ཡིན་ནའང་ལྷག་བསམ་དུང་ལྟར་དཀར་ལ་གཞུང་རྒྱུད་མདའ་ལྟར་དྲང་། ཨ་ཕས་ང་རང་སློབ་གྲྭར་སྐྱེལ་ཐེངས་རེ་རེར། སློབ་སྦྱོང་ལ་ཧུར་བརྩོན་གྱིས། གཅེས་ཕྲུག་མ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཟེར་ནས་ཉིན་རྒྱུན་ཁྱོད་ཀྱིས་བློར་འཛིན་པ་མ་ཡིན། ཁ་བཤད་ཆུ་ཡི་ཝུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ནང་བཞིན་ལག་ལེན་དུ་འཁྱོལ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལ། བསྒྲུབ་མི་ཤེས་པའི་བྱ་བའམ་རྩིས་མི་ཤེས་པའི་རྩིས་ཕྲེང་ཅི་འདྲ་ཞིག་ཡིན་ཡང་། དེ་ལ་སྒྲུབ་ཐབས་ཤིག་དང་འགྲོལ་ཐབས་ཤིག་ཡོད་ངེས་རེད་ཟེར། བདག་གི་དྲིན་ཆེན་ཕ་མ་གཉིས་ཀྱིས་ཀ་ཁའི་མགོ་རྔ་མི་ཤེས་ཀྱང་གནས་ལུགས་ཆེན་པོ་བཤད་ཤེས་པ་ཞིག་ཡིན་ལ། ང་རང་སློབ་གྲྭ་ནས་ཁྱིམ་དུ་ལོག་ཡོང་ན་ཨ་མར་ལས་རོགས་བྱེད་ན་འདོད་མོད། ཨ་མས་ཁྱོད་རང་ཉིད་ཀྱིས་ལས་བྱ་ཕྲིས། དཔེ་ཆ་ལྟོས་ཟེར་ནས་ལས་ཀ་ཅུང་ཙམ་ཡང་ལས་སུ་མི་འཇུག་པར་མ་ཟད། དུས་རྒྱུན་དུ་ཟ་མ་ཞིམ་པོ་གཡོ་སྐོལ་བྱས་ཏེ་ཟ་རྐྱང་འཐུང་རྐྱང་གིས་དུས་ཚོད་དམ་འཛིན་དང་ནུས་ཤུགས་ཡོད་དགུས་སློབ་སྦྱོང་མཐུན་རྐྱེན་གང་ལེགས་བསྐྲུན་པ་ཡིན།
ང་རང་མ་ཟད་བྱིས་པ་ཚང་མ་འདི་འདྲ་ཡིན་པས། ང་ཚོས་ཆུང་དུས་ནས་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་རིག་པའི་གནས་ལ་ལེགས་པར་སྦྱངས་ཏེ་ཕ་མའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུ་ནི་ཕ་མར་དྲིན་ལན་འཇལ་སྟངས་ཤིག་ཡིན་པར་འདོད་ལ། ས་ཆེན་གྱི་ཕ་མ་ནི་གུས་པར་འོས་ཤིང་བརྗེད་དུ་མེད་པའི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཡིན། བདག་གིས་རྒན་བཀུར་ཆུང་བྱམས་ཀྱི་རྒྱན་ཆ་ལུས་ལ་སྤྲས་ཤིང་རིག་གནས་ཤེས་བྱའི་དཔལ་འབར་ལག་ཏུ་ཐོགས་ཏེ་དྲིན་ཆེན་ཕ་མའི་དྲིན་ག་དུས་འཇལ་ནུས་སམ།
འཇིག་རྟེན་ན་ཆེས་ཡིད་དུ་འོང་པ་ནི་ཕ་མའི་བྱམས་བརྩེ་ཡིན་ལ། ཆེས་འཇལ་བར་དཀའ་བའང་ཕ་མའི་དྲིན་ལན་ཡིན། ང་ཚོའི་གཟི་བརྗིད་ཡོད་ཚད་ཕ་མའི་ལྷག་བསམ་གྱིས་བསྐྱོར་ཡོད།
ཨ་མའི་ཞལ་རས།
བདུན་དྲུག་འཛིན་གྲྭའི་དབྱངས་ཅན་མཚོ་མོ།
འཇིག་རྟེན་འདི་རུ་ཨ་མ་གཅིག་པུ་བཟང་ཞེས་པའི་སྙན་འཇེབས་ཀྱི་འགྱུར་ཁུགས་འདི་ངའི་རྣ་བར་ལྟུང་ཐེངས་རེར། ཨ་མའི་བྱམས་བརྩེའི་ཞལ་རས་ངའི་ཡིད་ལ་དབང་མེད་དུ་འཁོར་ཞིང་། ནམ་ཡང་འཇལ་ཐབས་མེད་པའི་ཨ་མའི་གཅེས་སྐྱོང་དང་ཐུགས་ཁུར་དེ་ཝ་ལེར་དྲན་བྱུང་།བདག་གི་ཨ་མ་ནི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན། ད་ལ་ལོ་སོ་བརྒྱད་ལས་སོན་མེད་ནའང་། མོའི་གདོང་ལ་གཉེར་མ་ཟབ་མོ་མང་པོ་བབས་ཡོད། ཁོ་མོའི་སྨྱུག་མའི་ཚུགས་དྲུག་ལྟར་དྲང་ཞིང་ཕྲ་བའི་གཟུགས་པོའང་ཅུང་ཡོན་པོར་འགྲོ་བའི་སྣང་བ་སྟེར། ངའི་མིག་ལམ་དུ་ཨ་མའི་བཞིན་རས་ཟླ་བའི་དཀྱིལ་འཁོར་ལ་བྱམས་བརྩེའི་འཛུམ་མདངས་རྒྱས་ཤིང་། ཁོ་མོའི་བྱ་རྒོད་ཀྱི་གཤོག་པ་བརྐྱངས་པ་ལྟ་བུའི་སྨིན་མའི་ལོག་ནས་ཁྲ་ཆུང་མིག་གཉིས་འཛུམ་དམུལ་དམུལ་བྱེད་ཅིང་། ཡིད་ཆེས་དང་རེ་ལྟོས་ཀྱི་མིག་ཟུང་ཀེམ་ཀེམ་དུ་གཡོ།
ངའི་ཨ་མ་ནི་སྤྱི་བཏང་གི་བུད་མེད་བཟོ་བ་ཞིག་ཡིན། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་བཟོ་བྱེད་པ་ནི་མོས་འོས་འགན་དུ་བརྩིས་ཏེ། སྔ་མོ་དུས་ཚོད་ལྔ་དང་དགོང་མོར་དུས་ཚོད་གཉིས་དང་ཕྱེད་ཀ་བར་ལས་ལ་བརྩོན་པ་ཡིན། འདི་ལས་ངས་མཛངས་མའི་ཡོན་ཏན་བརྒྱད་ལས། ལས་ལ་བརྩོན་ཞིང་ལས་འབྲས་བཟང་བ་ཞེས་པ་དེ་ཉམས་སུ་མྱོང་ཐུབ།
ང་སློབ་ཆུང་སློབ་རིམ་དྲུག་པ་ཡིན་པའི་སྐབས་ཀྱི་ཉིན་ཞིག་ལ། ཨ་ཕ་རྫོང་ལ་ལ་སོང་ནས་ཅ་ལག་མང་པོ་ཉོས་ཡོད་པ་་མ་ཟད། ཕུ་བོ་དང་ཨ་ཅེ། ང་ཚོར་ཚི་ལེན་རེ་ཉོས་ཡོང་མོད། འོན་ཀྱང་ང་རང་གྱོན་ཆས་དང་ཟ་རྒྱུ་ལ་དེ་འདྲ་སྤྲོ་བ་མེད་པས། ངས་ཨ་ཕ་ལགས། ཁྱོད་ཀྱིས་ང་ལ་སློབ་སྦྱོང་གི་མཁོ་ཆས་ཏེ། སྨྱུག་སྒམ་དང་དཔེ་ཁུག་བློ་འབབ་ཅིག་ཉོས་ན་ཅི་མ་རུང་ཞེས་བཤད་པ་ན། ཨ་ཕ་ཁ་ཁུ་སིམ་མར་ཅང་མི་སྨྲ་བར་ལུས་མོད། ཨ་མས་གཞི་ནས་དོན་ཞིག་གི་ཧ་གོ་སོང་བ་ལྟར་གཅེས་ཕྲུག་ཨ་མ་རྫོང་ལ་འགྲོ་དུས་ཉོ་ངེས་ཡིན་ཟེར། ངས་རྒྱུན་དུ་ཨ་མ་རྗོང་ལ་འགྲོ་བར་རེ་སྒུག་མང་དུ་བྱས་མོད། ཨ་མ་ནར་མར་ཁྱིམ་ལས་ཙག་ཙིག་དང་བཟོ་ལས་སྣ་ཚོགས་ལ་མགོ་འཁོར་ནས་ཡུན་རིང་ལུས། ཟླ་གནང་བཏང་བའི་ཉིན་དེར་ཨ་མ་སློབ་གྲྭའི་སྒོ་འགྲམ་དུ་འཛུམ་ཤིག་ཤིག་གིས་ལག་ལ་དཔེ་ཁུག་གློ་དམར་ཞིག་བཟུང་ནས་ང་ལ་སྒུག་འདུག་ལ། ད་དུང་སྨྱུག་སྒམ་དང་ཟིན་བྲིས་སོགས་མང་རབས་བཤད་དུས། ང་རང་རི་དྭགས་ཀྱིས་སྒྲ་སྙན་ཐོས་པ་དང་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུའི་དགའ་འབོད་དང་གནམ་ལྡིང་ས་ལྡིང་བྱེད་ཞོར་ཡུལ་ལ་ལོག་པ་ཡིན།
མི་ཚང་མས་བཤད་ན། ཨ་མའི་བྱམས་བརྩེ་ནི་ཉི་མའི་དྲོད་ཁོལ་དང་འདྲ་ཟེར་བ་ནི་བདེན་པ་བདེན་དྲང་གི་སྐད་ཆ་ཞིག་ཡིན་པ་ངས་ཚོར་བས་མྱོང་ཐུབ། ཨ་མའི་ཞལ་རས་ཉི་མའི་དཀྱིལ་འཁོར་ནས་བྱམས་བརྩེ་ཡི་ཟེགས་མ་འཇོ་བས་ངའི་སློབ་སྦྱོང་གི་དཀའ་སྡུག་དང་གྲང་འཁྱགས་ཀྱི་སྡུག་བསྔལ་རྩ་ནས་འཇོམས་འགྲོ་ལ། ཨ་མའི་ཞལ་རས་ཟླ་བའི་དཀྱིལ་འཁོར་ནས་སེམས་གསོ་དང་རེ་འབོད་ཀྱི་བསིལ་ཟེར་ལྟུང་བས་ང་ལ་སྔར་ལས་བློ་སྤོབས་དང་ཡིད་ཆེས་ཀྱི་སྙིང་སྟོབས་བསྩོལ།
ངའི་བསམ་པའི་བརྩེ་དུངས་ཀྱི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོ་སྟེ—ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པ་ནི་ཨ་མའི་ཞལ་རས་རེད་ཨང་།
ཨ་ཁུ་ཚང་གི་ར་མ་སྔོ་རིས་མ།
བདུན་བཞི་འཛིན་གྲྭའི་གཡང་མཚོ་སྒྲོལ་མ།
ང་ཨ་ཁུ་ཚང་གི་ར་སྐོར་ནང་ལ་འཛུལ་མ་ཐག་ཏུ་ར་མ་སྔོ་རིས་མས་འབའ་འབའ་ཞེས་ང་བོས་བྱུང་། ངས་ལག་ལ་རྩྭ་སྔོན་སླེ་བོ་གང་བཟུང་ནས་ར་མ་སྔོ་རིས་མ་ལ་བྱིན་པ་ཡིན།ལོ་འགའི་སྔོན་ལ་ཨ་ཁུས་རེབ་གོང་ནས་ར་མ་བཅུ་དྲུག་ཉོས་ཡོང་བ་རེད། ར་མ་དེ་དག་གིས་ལོ་རེར་རེའུ་ཕྲུག་རེ་བཙས་པས་ད་ལྟ་ར་མ་དགུ་བཅུ་ལྷག་ཏུ་འཕེལ་ཡོད། ར་མ་དེ་དག་ལས་ང་རང་ཆེས་དགའ་བ་ནི་ཁ་མདོག་སྔོ་ཞིང་ཐོད་པ་ན་དཀར་ཐིག་ཆེན་པོ་ཡོད་པའི་ར་མ་སྔོ་རིས་མ་དེ་ཡིན། མོའི་མགོ་ན་ར་ཅོ་རྣོན་པོ་གཉིས་ཡོད་ལ། ཡ་མགལ་ཆེ་ལ་མ་མགལ་ཆུང་། ལུས་ཡོངས་སུ་རྩིད་པ་སྔོ་སྐྱ་སྐྱེས་ཡོད་པས། སྡེ་བའི་ར་མ་གཞན་དང་མི་འདྲ་ཞེས་བརྗོད་ཆོག
མཚམས་རེར་ངའི་ནུ་བོས་ཀྱང་ངའི་ར་མ་འདང་ཆེན་དེར་གཟན་རྩྭ་སྟེར་གྱིན་ཡོད། ངའི་སེམས་ལའང་འཆར་མ་མྱོང་བ་ནི་ར་མ་སྔོ་རིས་མས་ནུ་བོས་མོ་ལ་བྱིན་པའི་གཟན་རྩྭ་དེ་ལ་མིག་གིས་ལྟ་ཙམ་ཡང་མི་བྱེད། འོན་ཀྱང་ར་མ་གཞན་རྣམས་ཀྱིས་ཁ་ནང་དུ་གཟན་ཅི་ཡང་མ་ཡོང་བ་ལྟར་དེའི་མཐའ་རུབ་ནས་འབའ་ཞིང་འཚང་ཁ་ཤིག་ཤིག་གིས་གཟན་རྩྭ་འཕྲོག་རེས་བྱེད། སྐབས་དེར་ངས་སླེ་བོའི་ནང་དུ་རྩྭ་སྔོན་ཅུང་ཙམ་བཅུས་ཏེ་ར་ཁང་དུ་ཐར་ཐོར་དུ་གཏོར་ཅིང་། རྩྭ་སྔོན་སླེ་བོ་གང་བཟུང་ནས་ངའི་ར་མ་སྔོ་རིས་མ་ལ་བྱིན་པ་ན། ར་མ་སྔོ་རིས་མས་རྩྭ་སྔོན་ཟས་ཚར་རྗེས་ང་ལ་བལྟས་ཏེ་འབའ་བཞིན་མགོ་བོ་ཡར་དགྱེ་མར་སྒུར་བྱེད་པའི་ཚུགས་ཀ་ནི་ར་མ་སྔོ་རིས་མས་ང་ལ་བཀའ་དྲིན་ཆེ་ཞུ་བ་དང་གཉིས་སུ་མ་མཆིས།
སྐབས་དེར་ར་རྒན་མགོ་ཆེ་ཞིག་ཚུར་རྒྱུག་ཡོང་ནས་ར་མ་སྔོ་རིས་མའི་མདུན་ལ་ཐོན་མ་ཐག་གནམ་ལ་ལྡིང་ནས་བརྡུང་རྩིས་བྱས། ར་མ་སྔོ་རིས་མས་ལམ་སང་ངོ་ཡ་བྱས་ཏེ་གདོང་གཏུགས་ནས་ཕར་འདེད་ཚུར་འདེད་ཡུད་ཙམ་བྱས་ཀྱང་རྒྱལ་ཕམ་འབྱེད་མ་ཐུབ། ར་མ་སྔོ་རིས་མ་གློ་རྡེག་ཏུ་ཕྱིར་བསྣུར་བྱས་ཏེ་ར་རྒན་མགོ་ཆེ་ལ་འགའ་བརྡུངས་པ་ན། ར་རྒན་མགོ་ཆེ་སྐྲག་ནས་ར་མ་གཞན་གྱི་གྲས་སུ་བྲོས་སོང་། འདི་ནི་དུད་འགྲོའི་བར་གྱི་རྭ་འཛིང་ཞིག་ཡིན་ནའང་། མི་དང་མིའི་བར་ལ་ཕྱོགས་རིས་དང་འཐེན་འཁྱེར་གྱིས་བསླངས་པའི་ཀླན་ཀ་ཞིག་དང་ཀུན་ནས་མཚུངས་ཨང་། ང་རང་ལོ་ན་ཧ་ཅང་ཕྲ་ཡང་ར་མ་འཚོ་བར་དགའ་བས་ཨ་ཁུས་ནམ་ཞར་ང་ལ་མི་ཞིག་ཡོད་ན་ཁྱི་ལས་དགའ་ཟེར། ངའི་སེམས་སུ་སྐྱེ་བ་མི་ལུས་ལངས་ཀྱང་མིའི་འགྲོ་ལུགས་མི་ཤེས་པའི་མི་ལས་ར་མ་སྔོ་རིས་མ་བཟང་བར་སེམས།
ཉིན་འགའ་འགོར་རྗེས། ར་མ་སྔོ་རིས་མས་ར་ཁུལ་བརྗེ་ནས་སྤུ་མདོག་སྔོ་ཞིང་ནག་ལ་འོད་འཁྱུག་པ་ཞིག་ཏུ་གྱུར་བས་ལག་པས་བྱིལ་བྱིལ་བྱས་ན་སྙིང་རྗེ་བོ་ཞིག་རེད། ང་རང་ར་རྫིར་འགྲོ་དུས་ཞོགས་པ་ནས་ར་མ་དེད་ནས་རི་སྒང་དུ་སོང་ན། ར་མ་སྔོ་རིས་མ་དང་མཉམ་དུ་རྩེད་ནས་ཕྱི་དྲོ་ཉི་མ་ནུབ་ཁར་ཡུལ་ལ་ལོག་པ་ཡིན། སྟག་མོ་ནགས་ལ་ཤོར་བ་དང་ར་མ་བྲག་ལ་ཤོར་བཞིན་ར་ཁྱུ་བྲག་ལ་འགོས་ཀྱང་ར་མ་སྔོ་རིས་མས་མགོ་ཁྲིད་དེ་ཕྱིར་ས་གཙང་ས་དང་ཐང་བདེ་སར་འཁོར་ཡོང་། ར་མ་སྔོ་རིས་མས་མི་སྐད་མི་ཤོད་ཀྱང་མི་སེམས་ཤེས་པར་ང་རང་ཧ་ཅང་ཡིད་ཆེས་ཡོད།
བདག་གི་ཨ་མ།
བདུན་གཅིག་འཛིན་བཞིའི་རིག་འཛིན་སྒྲོལ་མ།
སྐྱེ་བོ་སུ་དང་སུ་ཡིན་རུང་། རང་ཉིད་ལ་གཅེས་ཤིང་བྱམས་པའི་དྲིན་ཆེན་ཕ་མ་ཡོད་ལ། ཨ་མ་ནི་རང་ཉིད་ཀྱི་མི་ཚེའི་དགེ་རྒན་དང་པོ་ཡིན། ང་རང་མ་ལོའི་བྱམས་བརྩེའི་དྲོད་ཁོལ་གྱིས་བསྐྱངས་ཤིང་བརྩེ་བའི་བདུད་རྩིས་གསོས་པ་ཡིན།ངའི་ཨ་མའི་གདོང་ནི་ཚེས་པ་བཅོ་ལྔའི་དུང་ཟླ་ལྟར་དཀར་ཞིང་། སྨིན་མ་ནི་རྒྱ་ལྕང་ལོ་མ་ལྟར་ཕྲ། ཁོ་མོའི་སྐྲ་ནི་ནག་ཅིང་རིང་ལ་སྟོད་རྒྱབ་ཁེབས་ཡོད། མིག་གཉིས་ནི་རྒུན་འབྲུམ་ནག་པོ་གཉིས་དང་འདྲ་བར་གོར་ཞིང་ནག་ཀྲིག་ཀྲིག་བྱེད་ལ། ལག་པའི་སེར་ཀ་དང་ཐོད་པའི་རྒས་གཉེར་ནི་ཆགས་མེད་ཀྱི་ཁྱིམ་ལས་ཙག་ཙིག་དང་འཁོར་བའི་ངལ་དུབ་ཀྱིས་བགོས་པའི་འཚོ་བའི་རི་མོ་དང་ཁ་དོག་ཡིན་པར་འདུག སྒོས་སུ་བུ་མོ་ང་ལ་སེམས་ཁུར་ ་དང་གཉོར་སྐྱོང་གི་དཀའ་བ་ཁྱད་དུ་བསད་ནས་བདེ་ཐང་ངང་ནར་སོན་དུ་འཇུག་པའི་ཆེད་ཡིན།
ནམ་རྒྱུན་ངེད་བཟའ་མི་གང་བོས་ནངས་ཇ་འཐུང་སྐབས། ཨ་མས་ང་ཚོ་ལ་ཁ་ཏ་སློབ་གསོ་གནས་ལུགས་ཅན་མང་པོ་བཤད་སྲོལ་ཡོད། ངས་བསམ་པར་ཨ་མས་སློབ་གྲྭ་འདོན་མ་ཐུབ་པ་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། གལ་ཏེ་མོ་འདི་འདྲའི་རིག་པ་རྒོད་པོ་དང་བསམ་པ་ཡག་པོ་ཡོད་པ་ཞིག་གིས་སློབ་གྲྭ་བཏོན་ཡོད་ཚེ་མི་འཇོན་ཐང་ཅན་དུ་གྱུར་ཡོད་པ་གདོན་མི་ཟ་བར་བསམས།
ཨ་མས་ང་ལ་ནམ་ཞར་ཁྱོད་ནར་སོན་ན། མི་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེ། བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ནི་ང་ཚོའི་རྒྱན་ཆ་ཡིན་ཟེར་ལ། མོས་བཤད་པའི་གནའ་གཏམ་ཚང་མ་དྲང་བདེན་དང་ལས་འབྲས་བརྩི་དགོས་ཚུལ་ཏག་ཏག་ཡིན།
ཉིན་ཞིག་ལ། ཨ་མས་ཁྱིམ་རའི་ནང་ཕྱགས་བཞིན་འདུག ངས་ཨ་མ་ལ་ལས་རོགས་བྱེད་ཨེ་དགོས་ཞེས་དྲིས་པར། ཨ་མས་དེ་འདྲི་དགོས་སམ་ཁྱིམ་ཕྱགས་རྒྱུ་ནི་ང་ཁོ་ནའི་འགན་ཁུར་མིན། མི་སུ་ཞིག་ཡིན་རུང་རང་གི་རྐང་ལག་ལ་བརྟེན་ནས་བྱ་བ་བསྒྲུབ་དགོས། གལ་ཏེ་ངལ་རྩོལ་མ་བྱས་ན་འཚོ་བ་རོལ་མི་ཐུབ་ལ། ངལ་རྩོལ་ལ་མ་དགའ་ན་དབུལ་བོར་ཆགས་འགྲོ་ཟེར། དགེ་རྒན་གྱིས་ཀྱང་བྱ་དངོས་མང་པོ་ཞིག་ངལ་རྩོལ་ལས་བྱུང་བར་བཤད་པ་ངས་ངོ་མ་བདེན་པར་སེམས།
ངའི་ཨ་མ་ནི་ངལ་རྩོལ་ལ་ཤིན་ཏུ་དགའ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཁྱིམ་ལས་ཚགས་སུ་ཆུད་པར་བྱེད་ལ། སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པར་མ་ཟད། ད་དུང་ང་རང་སློབ་གྲྭར་ཡར་སྐྱེལ་མར་ལེན་བྱེད།
ད་ལྟ་ང་རང་ལག་ཆགས་ནས་དམའ་འབྲིང་སློབ་མ་ཞིག་ཏུ་གྱུར་ཡོད་པས། བུ་མོ་ངས་ཨ་མའི་བསླབ་བྱ་ཡིད་ལ་དམ་པོར་བཅངས་ཏེ་རེ་བ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་བཞིན་མཆིས།
བདག་གི་ཕ་ཡུལ་བྲག་དཀར།
བདུན་དྲུག་འཛིན་གྲྭའི་ཚེ་བརྟན་སྒྲོལ་མ།
བདག་གི་ཕ་ཡུལ་ནི་བྲག་དཀར་སྡེ་བ་ཡིན། བདག་གི་ཕ་ཡུལ་དུ་རི་ཆུ་ནགས་གསུམ་འཛོམས་པར་མ་ཟད། ད་དུང་རྟ་ནོར་ལུག་གསུམ་གྱིས་རྩྭ་ཐང་གང་ཡོད།བདག་གི་ཕ་ཡུལ་དུ་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པའི་དུས་སུ་སྐྱེ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ལུས་ལ་མཛེས་པའི་གོས་གྱོན་ཞིང་། གླུ་གར་གཞས་གསུམ་གཏོང་བའི་རྩེད་འཇོ་ལ་རོལ་བ་དང་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་བཞིན་ལོ་གསར་ལ་འགྲོ། རྫི་བོ་རྣས་ཀྱིས་དུང་ལྟར་དཀར་བའི་རས་གུར་མང་པོ་ཕུབ་ནས་ཕྱུགས་འཚོ་སྐྱོང་གི་ལས་ལ་འབད་བཞིན་ཡོད།
ཨ་མྱེས་བྲག་དཀར་སྤུན་གསུམ་གྱི་རི་མགོ་ཁ་བས་གཡོགས་པ་ནི་ཨ་མྱེས་ཀྱིས་ཕྱང་ལྭ་བྱོན་པ་དང་འདྲ་ལ། རི་ཤོད་དུ་ལྡིང་ཁང་ཚོམ་བུ་དང་ཚོམ་བུ་བྱས་ནས་ཕུབ་ཡོད། དབྱར་ཁར་ལྡིང་ཁང་གི་ཁོར་ར་ཁོར་ཡུག་ལ་མེ་ཏོག་སྣ་བརྒྱ་བཞད་ཅིང་། ལྗོན་ཤིང་སྣ་ཚོགས་ཀྱི་རྩེ་ན་བྱ་རིགས་མང་པོས་སྐད་སྙན་སྒྲོག་པ་ནི་འཇམ་སྙན་རོལ་དབྱངས་ཞིག་དང་འདྲ་བར་ཡིད་ཀྱི་དྭངས་པ་དབང་མེད་དུ་འདྲེན་པ་ཞིག་ཡིན། ད་དུང་དྭངས་གསལ་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པའི་སྒྲ་དང་བསིལ་རླུང་འཇམ་པོ་ཤུར་ཤུར་དུ་ལྡང་བའི་དབྱངས་རྟ། དེ་བཞིན་འདོ་རིགས་རྟ་ཕོས་འཚེར་སྐད་དང་ནོར་གནག་གི་ངུར་སྒྲ། ལུག་ཁྱུའི་འབའ་སྒྲ་སོགས་ཐམས་ཅད་མཉམ་སྒྲོག་རོལ་མོ་ཞིག་དང་མཚུངས་པར་རྩྭ་ཐང་གི་ལྷིང་འཇགས་འུར་གྱིས་དཀྲོགས་ཤིང་། སྐྱེ་དགུའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད།
དུས་ཚོད་ནི་མིག་རྡེབ་དབང་ཙམ་གྱིས་བར་ནས་འཛད་བཞིན་ཡོད། ང་རང་སློབ་འབྲིང་དུ་འགྲོ་རན་ནས་ཕ་ཡུལ་དང་རྒྱང་དུ་གྱེས་ཏེ། ཕ་ཡུལ་ལ་ལོག་པ་ཇེ་ཉུང་དུ་སོང་བ་དང་། སློབ་འབྲིང་མཐར་ཕྱིན་ན་རང་རང་གི་ཕུགས་བསམ་གྱི་ཆེད་དུ་ཆ་རྒྱུས་མེད་པའི་གཞན་ཡུལ་འགྲིམ་དགོས་པས། ངས་ད་ལྟ་ནས་རྟ་ཕོ་ཞིག་གིས་རྩྭ་ཐང་དྲན་པ་ནང་བཞིན་བརྩེ་བའི་ཕ་ཡུལ་དྲན་པ་བཟོད་ཐབས་མི་འདུག
ལྷག་པར་དུ་བརྗེད་དུ་མེད་པ་ནི་བོད་རྩིས་ཀྱི་ཟླ་ལྔ་བའི་ཚེས་བཅོ་ལྔའི་དགའ་སྟོན་དེ་ཡིན། དུས་དེར་སྡེ་མི་ཚང་མས་རང་གི་རྟ་མཆོག་ཁྲིད་ནས་རྟ་རྒྱུགས་འགྲན་སྡུར་བྱེད་པ་དང་སྐྱེ་ཕོ་མོ་མང་པོ་འདུས་ཏེ་ཐག་འཐེན་དང་གླུ་གར་གཞས་གསུམ་གཏོང་བ། རྟ་རྒྱུགས་འགྲན་ཚོགས་ལ་ཚོང་བ་མང་པོ་ཡོང་ཡོད་པས་བྱིས་པ་རྣམས་ཀྱིས་ཞོར་ཟས་སྣ་ཚོགས་ཉོ་བ་དང་མཉམ་དུ་རྩེད་པ་རེད། ན་གཞོན་ཚོ་སྐོར་དང་སྐོར་བྱས་ཏེ་འདོད་མོས་ཀྱི་རྩེད་རིགས་སྣ་ཚོགས་རོལ་བ་དེ་ཡིན།
མཛུབ་སྟོན་དགེ་རྒན། བསེ་ཀུན་དོང་།
འབྲེལ་ཡོད་འོས་སྦྱོར།
-
ང་ཚོའི་སློབ་ཁང་། རྡོ་རྗེ་ཚེ་རིང་།མང་རྫོང་མི་རིགས་ས...