གསེར་ཆེན་རྫོང་མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མའི་སྦྱངས་རྩོམ་ཆེད་བཀོད། ཁག་གཉིས་པ།
རྩོམ་པ་པོ།:ཕག་མོ་དར་མཚོ་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-27
ཀློག་གྲངས།:
མག་མོག་གི་རྐང་རྗེས།
དགུ་ལྔ་འཛིན་གྲྭ། ཕག་མོ་དར་མཚོ།
མཛུབ་སྟོན་དགེ་རྒན། སྙིང་དཔལ་རྒྱལ།
མཛུབ་སྟོན་དགེ་རྒན། སྙིང་དཔལ་རྒྱལ།
འཇིག་རྟེན་གྱི་མི་སུ་ཞིག་ཡིན་རུང་། དགའ་སྐྱོ་འདྲེས་མའི་བྱ་བ་བགྲང་ལས་འདས་པ་ཞིག་ཡོད་ངེས། ང་ཡང་དེ་ལས་མ་འདས་ཏེ། འཚར་ལོངས་བྱུང་བའི་ལོ་ཟླ་མང་བོའི་ཁྲོད་དགའ་སྐྱོད་ཆགས་སྡང་གིས་ཟིན་པའི་དོན་ཆེ་མ་ཆུང་གསུམ་གང་རུང་ལ་འཕྲད་མྱོང་། དེ་དག་ལས་ང་ལ་བག་ཆགས་ཆེས་ཟབ་པ་ནི་བྱམས་བརྩེ་ལྡན་པའི་ཨ་མའི་མག་མོག་གི་རྐང་རྗེས་དེ་ཡིན་ལ། བུ་མོ་ངས་དུས་ནམ་ཡང་བརྗེད་ཐབས་བྲལ་བའི་དྲན་ཤིང་ཞིག་ཀྱང་ཅི་ལ་མིན།
ཨ་མ། སྨྲ་བའི་སྒོ་མོ་ལས་ཆེས་བརྗོད་བདེ་བའི་ཐ་སྙད་ཅིག རྣ་བའི་བུ་ག་ལ་ཆེས་སྙན་པའི་འབོད་མིང་ཞིག སེམས་པའི་གཏིང་རིམ་ལ་ཆེས་འཆར་སླ་བའི་ངོ་གདོང་ཞིག དྲན་པའི་གཞི་མོ་ལ་ཆེས་དྲན་སླ་བའི་མིག་འདངས་ཤིག མདོར་ན། གནས་གང་དུ་བསྡད་ཀྱང་། དོན་ཅི་ཞིག་བསྒྲུབས་ཀྱང་ཨ་མ་ཞེས་པའི་རྒྱབ་རི་བཀན་མོ་ཞིག
ང་ནི་ཨ་མའི་གཏམ་རྒྱུད་དག་ལ་མཉན་ནས་ནར་སོན་པ་དང་། ཨ་མའི་གླུ་སྐད་ལ་རོལ་ནས་འཚར་ལོངས་བྱུང་། ཨ་མའི་ངག་ལ་དྲངས་པའི་ཡིག་དྲུག་གི་དབྱངས་རྟ་ལས་སྟོན་པའི་རྗེས་འཇུག་པ་ཞིག་གི་སེམས་ཚོར་བྱུང་། ཁ་ཏ་དང་སློབ་གསོ་ལས་མི་གཞི་ལེགས་པོ་ཞིག་འཁྱོངས། ཞིམ་མངར་ལྡན་ལ་འཚོ་བཅུད་འཛོམས་པའི་ལག་ཟས་ལས་ཁོ་ལག་རྫོགས། འདི་དག་ཡོད་ཚད་རྫོགས་མཐའ་བྲལ་བའི་ཁྱིམ་ལས་ཙག་ཙིག་གི་ཀློང་ནས་བུ་མོ་ང་ལ་གནང་བའི་བརྩེ་བ་ལྷག་མ་ཞིག
ཨ་མ་ལགས། ཁྱེད་ཀྱི་མག་མོག་གི་རྐང་རྗེས་རེ་རེ་ལུག་ཁྱུའི་རྗེས་ན་ཡོད། ལྷས་རའི་འདབ་ན་ཡོད། རྫ་རིའི་འགག་ན་ཡོད། བྲག་རིའི་འཕྲེང་ན་ཡོད། སྒོའི་ཕྱི་ཁྱིམ་བར་ན་ཡོད། ཁ་བའི་སྟེང་ན་ཡོད། ཆར་བའི་ཀློང་ན་ཡོད། སློབ་རའི་མཚམས་ན་ཡོད། ཙག་གི་ནང་ན་ཡོད། ཚ་བའི་ཁྲོད་ན་ཡོད། མདོར་ན། ཡོད་ཚད་བུ་མོའི་དོན་དུ་ཡོད།
ཨ་མ་ལགས། ཁྱེད་ཀྱིས་བུ་མོ་ངའི་དོན་དུ་བཞག་པའི་རྐང་རྗེས་ཡོད་ཚད་བུ་མོ་ངའི་སེམས་ན་རྡོ་བརྐོས་རི་མོ་བཞིན་ལྷང་ངེར་ཡོད་དོ། །
སློབ་མ་ཕག་མོ་དར་མཚོ།
ཁྱི་གུ་རྒྱ་དམར།
བརྒྱད་ལྔ་འཛིན་གྲྭ། ཕག་མོ་ཟླ་སྒྲོན།
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
ཁྱི་གུ་རྒྱ་དམར་ནི་ངེད་ཚང་གི་ཨ་ནེ་ཡིས་ང་ལ་བྱིན་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་ཞིང་། ཁོའི་སྤུ་མདོག་ནི་རྒྱ་རྒྱ་དང་དམར་དམར་གཉིས་ལས་གྲུབ་པས་ཁོ་ལ་རྒྱ་དམར་ཞེས་པའི་མིང་དེ་ཐོགས། ཁྲ་ལམ་ལམ་དུ་འཚེར་བའི་ཕྲ་ཆུང་མིག་གཉིས་ལས་ཁོ་ལ་སྤྱང་གྲུང་ལྡན་ཞིང་གཡོ་སྒྱུ་མེད་པ་གསལ་བོར་ཤེས་ཐུབ། ཁོའི་ལུས་པོ་ནི་ཧ་ཅང་རྒྱགས་པ་ཞིག་ཡིན་ཀྱང་ལྡེམ་མྱུར་དང་ལུས་ཟོར་ཡང་བ་ཞིག་ཡིན། རྣ་ཅོག་ནི་རི་བོང་དང་འདྲ་བར་ནམ་རྒྱུན་གྱེན་དུ་བསླངས་པ་ནི་ཁོས་ནམ་ནམ་ཞར་ཞར་བློ་དང་རིག་པ་བསྒྲིམས་ནས་དོགས་ཟོན་དང་ལྟ་རྟོག་བྱེད་པའི་རྐྱེན་ཡིན། ད་དུང་ཁོ་ལ་རིང་ཞིང་རྣོ་བའི་མཆེ་བ་ཞིག་དང་རྣོ་ཞིང་སྐྱེན་པའི་ཚོར་བ་ཞིག་ཀྱང་ཡོད།
ང་དང་ཁྱི་གུ་རྒྱ་དམར་ངེད་གཉིས་ཀྱི་བར་དུ་དགོད་སྤྲོ་བ་དང་ངུ་སྤྲོ་བའི་གཏམ་རྒྱུད་གང་མང་ཞིག་བྱུང་མོད། དེ་དག་ལས་ངས་ཆེས་བརྗེད་ཐབས་མེད་པ་ནི་དང་ཐོག་ཨ་ནེ་ཡིས་ཁོ་རང་ང་ལ་སྟེར་སྐབས། ཁོའི་ལུས་པོ་ཆུང་ཞིང་གོམ་འགྲོས་ཀྱང་འཁྱ་འཁྱོར་བྱེད་པར་མ་ཟད། ལྟོའང་ལེགས་པོ་ཞིག་འཐུང་མི་ཤེས། ཉིན་དེ་ནས་བཟུང་ཁྱི་གུ་རྒྱ་དམར་དང་ངེད་གཉིས་ཀྱི་བར་ལ་བརྩེ་བ་དང་དུང་པ་ཟབ་མོ་ཞིག་ཆགས་འོང་སྟེ། ཉིན་ཞིག་ལ་སློབ་གྲྭ་གྲོལ་ནས། ང་རང་རེ་བ་དང་བཅས་ལམ་ཐག་རིང་པོ་བརྒྱུད་ནས་ཡུལ་ལ་ལོག་དུས། སྙིང་དུ་སྡུག་པའི་ཁྱི་གུ་རྒྱ་དམར་དེ་ཡུལ་དུ་མི་འདུག ངས་མྱུར་མོར་དཔེ་ཁུག་དང་ལ་བ་སོགས་ཕར་གཡུགས་ཏེ་སྒོ་ཕྱི་ནང་དང་ཉེ་འགྲམ་གྱི་ས་ཆ་ཡོངས་སུ་ཐེངས་འགའ་སྐོར་བ་བརྒྱབ་ཏེ་བཙལ་ཀྱང་མ་རྙེད་པས། ཡིད་སེམས་ཕངས་ཏེ་མིག་མཐར་མཆི་མས་བརླན། སྐབས་དེར་ནམ་མཁར་སྤྲིན་ནག་འཁྲུགས་ཏེ་འབྲུག་སྒྲ་ལྡིར་བཞིན་ཆར་བ་ཇེ་ཆེ་ནས་ཇེ་ཆེར་སོང་པས། ངའི་སེམས་ལྷག་ཏུ་སྡུག་པ་དང་རེ་ཐག་ཆད་དེ་སྐྱོ་བའི་མཆི་མ་འདོན་བཞིན་མུ་མཐུད་མདུན་དུ་སོང་། གློ་བུར་དུ་ངའི་རྣ་ལམ་དུ་ཐག་རིང་ཐག་རིང་ཞིག་ནས་ཉམ་ཐག་པའི་སྒྲ་ཞིག་གྲགས་བྱུང་། རེ་བ་དང་བཅས་ཏེ་ཕར་རྒྱུགས་ནས་བལྟས་པ་ན་ཏག་ཏག་དེ་ནི་ངེད་ཚང་གི་ཁྱི་གུ་རྒྱ་དམར་རེད། མ་གཞི་ཁོས་ང་རང་སློབ་གྲྭ་སོང་བ་མ་ཤེས་པར་ཕྱི་རོལ་ལ་འཆམ་འཆམ་དུ་སོང་བར་སྙམ་ནས་སྒོ་ཕྱི་རུ་ང་བཙལ་དུ་སོང་བ་རེད། ང་རང་མ་བུ་ངོ་འཕྲད་པ་ལྟར་དགའ་བའི་ངང་ནས་ཁྱི་གུ་པང་སྟེ་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན།
ཁྱི་གུ་རྒྱ་དམར་ནི་འདི་འདྲའི་སྙིང་རྗེ་བོ་ཞིག་ཡིན་ལ། ཁོ་ནི་ངའི་འཇིག་རྟེན་འདིར་མེད་དུ་མི་རུང་བའི་ཆ་ཤས་ཤིག་སྟེ། ངའི་སེམས་ཁོང་ལ་དྲོད་ཁོལ་སྦྱིན་མཁན་དང་ངའི་དགྲ་འགོག་གི་མཚོན་ཆ་རྣོ་ངར་ཡང་དེ་ཡིན་ཞིང་། ངའི་སྙིང་གི་གཅེས་ནོར་ཆུང་ཆུང་ཡང་ཁོ་ཡིན་པར་མ་ཟད། ཁོ་ནི་ང་དང་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་ཆུང་ཆུང་ཡང་ཡིན། དེ་བས་ང་ཚོས་འདི་ལྟ་བུའི་གྲོགས་པོ་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་མི་འོས་སམ།
སློབ་མ་ཕག་མོ་ཟླ་སྒྲོན།
ངེད་ཚང་གི་མ་མོ་མགོ་ནག་མ།
བདུན་གཉིས་འཛིན་གྲྭ། ཕག་མོ་ཕྱུག་འཚོ།
མཛུབ་སྟོན་དགེ་རྒན། དཔལ་བཟང་ཐར།
ངེད་ཚང་ལ་མ་མོ་གཡུང་མོ་ཞིག་ཡོད་དེ། དེའི་མིང་ལ་མ་མོ་མགོ་ནག་མ་ཟེར། མགོ་ནག་མ་ཞེས་ཐོགས་དོན་ནི་ངེད་ཚང་གི་མ་མོ་དེའི་མགོའི་སྤུ་མདོག་ནག་པོ་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན།མཛུབ་སྟོན་དགེ་རྒན། དཔལ་བཟང་ཐར།
ངེད་ཚང་གི་མ་མོ་མགོ་ནག་མ་དེ་ཆུང་དུས་ནས་ཨ་མ་མེད་པས། ངའི་ཨ་མས་བདག་སྐྱོང་བྱས་པ་ཡིན། མ་མོ་དེ་ཆུང་དུས་རྩེ་བར་ཧ་ཅང་དགའ། རྒྱུ་མཚན་གང་ཡིན་མི་ཤེས་མོད། ནར་སོན་དུས་མ་མོ་མགོ་ནག་མ་གཉོམ་ཞིང་ཧ་ཅང་གཡུང་མོ་ཞིག་ཏུ་གྱུར་ཡོད། མ་མོ་མགོ་ནག་མ་ཧ་ཅང་གཉོམ་པས་ང་ཚོའི་སྡེ་བའི་བྱིས་པ་ཚོ་ཡོང་ནས་མ་མོ་མགོ་ནག་མ་ལ་ཞོན་པ་དང་། ཡང་ན་མ་མོའི་གདོང་ལ་ཚོན་མདོག་སྣ་ཚོགས་ཀྱིས་རི་མོ་སྣ་ཚོགས་བྲིས་པས། ང་ཁོང་ཁྲོ་ལངས་ནས་ཁོ་ཚོ་ལ་སྡིགས་མོ་བྱས། དུས་དེར་ཨ་ཕས་ངས་བྱིས་པ་ཚོ་ལ་སྡིགས་མོ་བྱེད་པ་མཐོང་ནས། ང་ལ་འགྲམ་ལྕག་ཅིག་ཀྱང་གཞུས་སོང་། ང་ངུ་བཞིན་དུ་མ་མོ་མགོ་ནག་མ་ཁྲིད་ནས་ཆུ་ཁར་སོང་བ་ཡིན། ངུ་མཚམས་བཞག་རྗེས་ངས་མ་མོ་མགོ་ནག་མའི་གདོང་གི་རི་མོ་སྣ་ཚོགས་ཆུ་ཡིས་བཀྲུས་པ་ཡིན།
དགུན་ཁར་ཐོན་རྗེས་ངེད་ཚང་གི་མ་མོ་མགོ་ནག་མས་ལུ་གུ་ཆུང་ཆུང་ཞིག་བཙས་བྱུང་། ཡ་མཚར་བ་ཞིག་ནི་ལུ་གུ་དེའང་ཁོའི་ཨ་མ་དང་འདྲ་བར་རྩེ་རྒྱུར་ཧ་ཅང་དགའ། དེ་བས་ངས་ལུ་གུ་དེ་ལ་ལུ་གུ་རྩེད་དགའ་ཞེས་མིང་ཞིག་བཏགས་པ་ཡིན། མ་མོ་མགོ་ནག་མས་ལུ་གུ་རྩེད་དགའ་ལ་ཧ་ཅང་གཅེས། གལ་ཏེ་མི་སུ་ཞིག་ལུ་གུ་རྩེད་དགའི་ཉེ་སར་སོང་བའམ་ལག་པས་རེག་ཚེ། མ་མོ་མགོ་ནག་མ་ཁྲོས་ཏེ་ཐེ་ཚོམ་མེད་པར་དེ་ལ་གདོང་ཐུག་རྒྱག་ངེས་ཡིན། གང་ལྟར་ལུ་གུ་རྩེད་དགའ་ཡོད་པ་ནས་བཟུང་མ་མོ་མགོ་ནག་མ་བཙན་པོ་ཞིག་ཏུ་གྱུར་འདུག
མདོར་ན། ཇི་ལྟར་འགྱུར་རུང་ངའི་སེམས་སུ་མ་མོ་མགོ་ནག་མ་ནི་ཆེས་རླབས་ཆེན་གྱི་ལུ་གུ་རྩེད་དགའི་ཨ་མ་དེ་ཡིན་ལ། གཡང་དཀར་ལུག་ཁྱུའི་ཁྲོད་ནས་ང་རང་ཆེས་དགའ་ས་དེ་ཡིན།
སློབ་མ་ཕག་མོ་ཕྱུག་འཚོ།
སློབ་གྲོགས་དོན་འགྲུབ།
བརྒྱད་གཅིག་འཛིན་གྲྭའི་ཕག་མོ་སྒྲོལ་མ།
མཛུབ་སྟོན་དགེ་རྒན། རྒྱ་མཚོ།
བརྒྱད་གཅིག་འཛིན་གྲྭའི་ཕག་མོ་སྒྲོལ་མ།
མཛུབ་སྟོན་དགེ་རྒན། རྒྱ་མཚོ།
གནའ་མིའི་གཏམ་དཔེ་ལ། བུ་རེ་བ་ཅན་ལ་རེ་ལྟོས། །གོས་རི་མོ་ཅན་ལ་རྒྱང་ལྟོས། །ཟེར་བ་ཇི་བཞིན། གཤམ་ནས་ངས་ཚང་མར་ངེད་འཛིན་གྲྭའི་སློབ་གྲོགས་དོན་འགྲུབ་ཁྱེད་རྣམ་པར་མཚམས་སྦྱོར་ཞིག་བྱེད།
ནམ་མཁའ་ནི་སྔོ་ཞིང་གཡའ་དག་ལ། ཁྲི་གདུགས་ཉི་མའི་འཛུམ་ཟེར་སློབ་གྲྭའི་ར་སྐོར་དུ་འཕྲོས། དེ་རིང་ནི་དཀྱིལ་རྒྱུགས་ལེན་པའི་ཉིན་དང་པོ་ཡིན་ལ། ཕོ་ལོ་བཅོ་ལྔར་སོན་པའི་སློབ་གྲོགས་དོན་འགྲུབ་ཡང་ནམ་རྒྱུན་དང་འདྲ་བར་གདོང་ན་ཡིད་ཆེས་དང་སྤོབས་པའི་ཁེངས་བཞིན་ཡང་ཟོར་ལྡན་པའི་སྒོ་ནས་དཀྱིལ་རྒྱུགས་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་མཆིས། ངེད་གཉིས་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ་གྲལ་མཚེས་ཡིན་སྟབས། ཁ་ཁོག་པའི་བར་ནས་གསང་ས་ཞིག་དང་གློ་རྒྱུ་མས་བར་ན་བསྐུང་ས་ཞིག་མེད་པ་ནི། ངེད་གཉིས་ཀྱིས་འདས་ཟིན་པའི་ལོ་ཟླའི་ནང་ངུ་མ་དགོད་ཀྱིས་ཨ་མ་དྲན་པའི་སྐྱོ་གླུ་བླངས་མྱོང་བའི་མགོ་རྔ་མི་ཚང་བའི་གཏམ་རྒྱུ་དག་ལས་མཚོན། ད་ལྟ་བསམ་ན། དེ་དག་གིས་ཨ་ཕྱིས་བཤད་པའི་མནའ་བཅད་ལྟ་བུའི་འགྱུར་མེད་ཀྱི་བརྩེ་བ་ཟབ་མོ་དེ་སྐྱེད་པ་གོར་མ་ཆག ད་ལྟ་ལོ་རིམ་བརྒྱད་པ་འཕར་བའི་ངེད་གཉིས། སྔར་ལས་ཕན་ཚུན་ལ་རྟིང་སྐུལ་དང་རོགས་རེས་བྱེད་བཞིན་མཛའ་ཞིང་མཐུན། དེ་རིང་ཡང་། ནམ་རྒྱུན་ལྟར་ཁོས་ང་ལ་དགེ་རྒན་དང་ཕ་མའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཟེར་བཞིན་ངེད་གཉིས་རྒྱུགས་རར་ཞུགས། རྒྱུགས་བླངས་ཚར་རྗེས་ང་ཚོས་རྒྱུགས་འབྲས་སམ་ཨང་རིམ་ལ་སྒུག་ནས་བསྡད། ཕྱི་ཉིན་ཞོགས་པར་འཛིན་བདག་ཡོང་ནས་ཐེངས་འདིའི་དཀྱིལ་རྒྱུགས་ཀྱི་སྤྱིའི་ཐོབ་སྐར་དང་ཨང་རིམ་བཤད་པ་ན། སློབ་གྲོགས་དོན་འགྲུབ་ཀྱིས་ལོ་རིམ་ཁག་ནས་བསྟུན་མར་ཐེངས་གསུམ་ལ་ཨང་དང་པོ་བླངས་པས། སློབ་གྲྭའི་དགེ་སློབ་ཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
དུས་དེ་ནས་བཟུང་སློབ་གྲོགས་དོན་འགྲུབ་ཀྱི་ཀུན་མཐུན་གྱི་རང་གཤིས་དང་། སློབ་ལ་བརྩོན་པའི་ཆོད་སེམས་དང་བཅས་ཀྱིས། སློབ་བུ་འདིའི་མིང་ནས་གླེང་ཚེ། སློབ་གྲྭའི་ར་བའི་ནང་དུ་མི་ཤེས་ཟེར་མཁན་ཞིག་ཧ་ལམ་མེད་པར་གྱུར། དེ་ནི་ཁོས་དྲིན་ཆེན་ཕ་མ་དང་བཀའ་དྲིན་ཅན་གྱི་དགེ་རྒན་དག་གི་ངག་བཞིན་དུས་རྒྱུན་སློབ་སྦྱོང་ལ་ནན་ཏན་སྒོས་ཧུར་བརྩོན་བྱས་ཤིང་། བསླབ་བྱ་སོ་སོར་རིས་མེད་སྒོས་ཐོས་བསམ་བྱས་པའི་དན་རྟགས་ཤིག་རེད་སྙམ། ལྷག་པར་ཁོའི་ལུས་སྟེང་དུ་སློབ་གྲོགས་གཞན་དང་མི་མཚུངས་བའི་མཛེས་ཆོས་ཤིག་ཡོད་པ་ནི། སློབ་གྲོགས་སུ་དང་གང་ལའང་ལྷག་བསམ་ཟོལ་མེད་ཀྱིས་རོགས་བྱེད་པ་དེ་ལགས། འདི་ནི་སྤྱང་གྲུང་འཛོམས་པའི་སློབ་བུ་འདི་ལ་མཚོན་ན། ལུས་དང་མཐུན་པའི་གོས་དང་གོས་དང་མཐུན་པའི་རྒྱན་དུ་མཆིས། དེ་བཞིན་དུ་ངེད་འཛིན་གྲྭས་སྒྲིག་སྲོལ་ཡག་པོ་ཞིག་འཛུགས་པ་དང་སློབ་སྦྱོང་གི་མཁའ་དབུགས་གཙང་མ་ཞིག་བསྐྲུན་པར་ཁོས་ནི་ག་དུས་ཡིན་ཡང་ཁས་ལེན་གྱི་ཐོག་མ་དང་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་ཐོན་གྱིན་ཡོད་པས། ཆེ་བཀུར་ཆུང་བྱམས་ལྡན་པའི་སློབ་གྲོགས་དོན་འགྲུབ་ནི་ང་ཚོའི་འཛིན་གྲྭ་ཡོངས་ཀྱི་མིག་དཔེ་བྱ་ཡུལ་དུ་གྱུར་ཡོད།
འདི་ནི་ངའི་གཟུགས་རིང་ཞིང་ཤ་རིད་ལ། གདོང་ཅུང་ཙམ་དམར་ནག་ཅིག་ཡིན་པའི་སློབ་གྲོགས་དོན་འགྲུབ་ལགས།
སློབ་མ་ཕག་མོ་སྒྲོལ་མ།
སྡེ་འདབས་ཀྱི་ཆུ་ཕྲན།
བརྒྱད་དྲུག་འཛིན་གྲྭའི་ཆོས་འཚོ་སྐྱིད།B
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
བརྒྱད་དྲུག་འཛིན་གྲྭའི་ཆོས་འཚོ་སྐྱིད།B
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
སྡེ་འདབས་ཀྱི་ཆུ་ཕྲན་ཞེས་པའི་མིང་དེ་ཐོག་མར་ཐོས་ཚེ། ང་ཚོའི་བློ་ལ་དྭངས་ཤིང་གཙང་བའི་ཆུ་ཕྲན་དེ་ཝ་ལེར་དྲན་བྱུང་ངོ་། །
རབ་དཀར་མདངས་སུ་བཀྲ་བའི་ས་འཛིན་གྱི་ཁྱོན་ལ་རྩེ་མོ་དབྱིངས་སུ་ཀེར་བའི་གངས་དཀར་གྱི་ལྷུན་པོ་དང་། གོས་ལྗང་ཐང་ལ་བཏིང་འདྲའི་སྤང་ཐང་། གཡང་དཀར་ལུག་ཁྱུ་སྐར་ཚོགས་བཞིན་དུ་བཀྲ་བའི་ཕ་ས་ཕྱུག་མོ་འདིའི་ཕང་བ་རུ། ཡུལ་གྲུ་འདིའི་བརྒྱན་དུ་མཆིས་པའི་ཆུ་ཕྲན་སྔོན་མོ་འདི་ལྷུང་ལྷུང་གི་བཞུར་སྒྲ་དང་བསྡོངས་ནས་མི་ཡུལ་ལ་བདེ་སྐྱིད་ཀྱི་དཔལ་ཡོན་བསུ་བར་བྲེལ།
ང་ཚོའི་སྡེ་བའི་ནང་གི་མི་ཐམས་ཅད་ཀྱིས་སྡེ་འདབས་ཀྱི་ཆུ་ཕྲན་ནི་དབུགས་ཀྱི་རྒྱུ་བ་སྲིང་བའི་བཟའ་བཏུང་གི་གྲུབ་ཆ་གཙོ་བོར་འཛིན་ཞིང་། དེས་ང་ཚོའི་ཕྱུགས་ཟོག་དང་མི་ཐམས་ཅད་ཀྱི་སྐོམ་པའི་གདུང་བ་སེལ་བར་མ་ཟད། ང་ཚོ་ལ་བརྩོན་པའི་རྒྱུན་སྐྱོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། ང་ནམ་ཡང་སློབ་གྲྭ་ལ་འགྲོ་བའི་དུས་སུ་སྡེ་འདབས་ཀྱི་ཆུ་ཕྲན་བརྒལ་ནས་སོང་བ་ཡིན་ཞིང་། མངར་སྐྱུར་བསྐ་གསུམ་གྱི་སྐྱོ་བའི་དོན་གང་ཞིག་ཡོད་ཀྱང་དེས་སྐྱོ་བའི་སྨུག་པ་སངས་ཞིང་སྐྱིད་པའི་འཛུམ་མདངས་རྒྱས་པར་བྱེད།
ང་རང་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་འགྲོ་དུས་ཆུ་ཕྲན་ཆུང་ཆུང་གི་སྒྲ་དེ་ཐོས་འཛིན་སྣ་བར་གསལ་ལེར་མཆེད། ངས་ཉན་གྱིན་ཉན་གྱིན་ང་རང་རྨི་ལམ་གྱི་ཞིང་ཁམས་ལ་བསྐྱལ། དུས་དེར་ངས་འདས་ཟིན་པའི་རྨོ་བོ་རྨི་ལམ་དུ་རྨིས། རྨོ་བས་ང་ལ་“སློབ་སྦྱོང་བྱས་པ་ཅི་འདྲ་ཡིན”ཞེས་བརྩེ་བའི་ངག་གིས་དྲིས། ངས་རྨོ་བོ་དྲན་པའི་མིག་ཆུ་རང་དབང་མེད་པར་ཤམ་ཤམ་དུ་བཞུར་བ་ཆབས་ཅིག་ང་རང་གཉིད་ལས་བསླངས། གཉིད་མ་སད་ཀྱི་ང་རང་གིས། དེའི་ལན་དུ་སྐད་ཆ་ཅི་ཞིག་བཤད་དགོས་པའང་མ་ཤེས་པར། བཤད་འདོད་ཀྱང་དེ་ནི་རྨི་ལམ་ཡིན་པས་ཐབས་བཀོད་གཞན་མེད།
སྡེ་འདབས་ཀྱི་ཆུ་ཕྲན་དེ་འཐུང་ན་སྐོམ་པའི་གདུང་གི་མུན་པ་སེལ་ཞིང་། དེའི་ང་དང་འདྲ་བའི་མི་མང་བོ་ཞིག་གི་སེམས་གཡེང་བའི་ཞིང་ཁམས་སུ་གྱུར་ཡོད། ང་རང་ནང་ཡང་སློབ་སྦྱོང་ལ་དགའ་བའི་འདུན་པ་སྤུ་ཙམ་ཡང་མེད་མོད། ང་ཚོས་ཤེས་གསལ་ལྟར་སློབ་སྦྱོང་ནི་ཆུ་ཕྲན་དང་ཆུ་བོ་བཞིན་རྒྱུན་ཆད་མེད་པར་བརྩོན་པ་བསྐྱེད་ན་ད་གཟོད་དོན་དག་དང་བྱ་བ་ཡོངས་སུ་འགྲུབ།
ང་ཚོའི་དུས་ནམ་ཡང་ཁོར་ཡུག་སོགས་ལ་གཙང་སྦྲ་བྱས་ན་ད་གཟོད་སའི་གོ་ལའི་ཟུངས་ཁྲག་ཏུ་གྱུར་བའི་ཆུ་ཕྲན་གྱི་བྲོ་བ་མངར་མོ་དེའི་རོ་མྱོང་ཐུབ་ལ། ད་དུང་ངོ་མཚར་ཆེ་བའི་རང་བྱུང་ཁོར་ཡུག་གི་མཛེས་པའང་ཉམས་སུ་མྱོང་ཐུབ།
ངས་ནམ་ཡང་སྡེ་འདབས་ཀྱི་ཆུ་ཕྲན་ལ་སློབ་སྦྱོང་བྱས་ཏེ་བརྩོན་པའི་རྒྱུན་བསྐྱངས་ནས་དུས་གཏན་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་ངེས།
སློབ་མ་ཆོས་འཚོ་སྐྱིད།B
འབྲེལ་ཡོད་འོས་སྦྱོར།