མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མའི་བརྩམས་ཆོས་ཆེད་བསྒྲིགས། ཁག་དང་པོ།
རྩོམ་པ་པོ།:བུན་ཁྲང་ཚེ་རིང་སོགས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-11-18
ཀློག་གྲངས།:
སེམས་ཀྱི་འབོད་པ།
མཐོ་གསུམ་བདུན་པ། བུན་ཁྲང་ཚེ་རིང་།
གོ་ལ་ཟླུམ་པོའི་རྩེ་རུ་མངོན་མཐོ་བའི། །གངས་རིའི་མུ་ཁྱུད་མཛེས་པའི་ཡུལ་གྲུ་འདིའི། །
རུས་ཆེན་བཞི་ལས་མཆེད་པའི་ན་གཞོན་ཚོ། །
གནམ་ས་བླ་འོག་བརྗེ་བའི་དེང་གི་དུས། །
འཚོ་བའི་འགྱུར་ལྡོག་གཡོ་བ་གློག་གི་གར། །
དར་རྒུད་རྟག་མེད་དངོས་པོའི་གཤིས་ལུགས་དང་། །
བཟང་ངན་བདེན་རྫུན་རིག་པས་དཔྱད་དགོས་བྱུང་། །
དང་པོ་ཆུང་དུས་བཀྲེས་སྐོམ་མ་མས་སེལ། །
བར་དུ་གཞོན་དུས་སློབ་ལ་ཨ་ཕས་བསྐྱལ། །
མཐའ་མར་ནར་སོན་གཉེན་ཉེ་ཕན་པར་རེ། །
ཡོད་ཚད་ཁྱོད་ལ་བཅངས་ཡོད་ན་གཞོན་ཚོ། །
མེས་པོའི་ཤུལ་བཞག་ནོར་བུའི་བདག་པོ་དང་། །
བུ་རབས་ཚ་རྒྱུད་མདུན་ལམ་ལེགས་སྐྲུན་དང་། །
གཞན་རིགས་ཡར་ཐོན་རྩ་བ་སློབ་སྦྱོང་སོགས། །
ཉེན་འགོག་དགེ་འཚོལ་ཕྲག་བབས་འོས་འགན་རེད། །
འབྲོག་པའི་ཕྱུགས་སྐྱོང་ཁོ་ནས་འགྲུབ་པ་དཀའ། །
རོང་བའི་ཞིང་འདེབས་ཁོ་ནས་འགྲུབ་པ་དཀའ། །
གསར་དར་བཟོ་ལས་ཕྱོགས་ལ་ཤུགས་བརྒྱབ་ན། །
རྗེས་ལུས་འཆིང་ཐག་ཆོད་འགྲོ་ན་གཞོན་ཚོ། །
བླུན་པོས་ཁུ་ཚུར་བཅངས་བའི་བླུན་རྟགས་དང་། །
གྲགས་ཚད་རྗེས་ལ་སྙེག་པའི་རྨོངས་པ་ལས། །
རང་རིགས་འཕེལ་བར་བྱེད་པའི་མདུན་ལམ་ཞིག །
བཙལ་ན་ཤེས་རིག་སྒྲོན་མེ་སྦར་བར་བརྩོན། །
རྣམ་གཡེང་ཕྱི་རོལ་རྩེ་མོ་ལ་མ་ཆགས། །
བསྙེན་བཀུར་དོན་མེད་ངལ་བ་ལ་མ་འཛེམ། །
མདུན་ལམ་བསྐྲུན་པ་ཤེས་རིག་ལ་བརྟེན་པས། །
བརྩོན་པའི་རྟ་ལ་ལྕག་གིས་བསྐུལ་ན་ལེགས། །
ཤེས་རིག་རྙིང་བས་ཡོད་ཚད་འགྲུབ་དཀའ་ཞིང་། །
ཤེས་རིག་གསར་པ་ཁོ་ནའང་དེ་བཞིན་ཉིད། །
དེས་ན་གསར་རྙིང་ཤེས་རིག་ཟུང་འབྲེལ་ན། །
ནམ་ཞིག་ཡར་ཐོན་འབྱུང་ངོ་ན་གཞོན་ཚོ། །
བཟང་ངན་བརྩད་ནས་དཔའ་བོར་འཇོག་པར་དཀའ། །
བརྩེ་བ་བརྩད་ནས་རྒྱལ་ཁ་ལེན་པ་དཀའ། །
མི་རིགས་ཡར་རྒྱས་ལས་ལ་བརྩོན་པ་ན། །
མ་ནོར་ལམ་བཟང་བསྟེན་ཅིག་ན་གཞོན་ཚོ། །
ཡབ་མེས་མཛད་རྗེས་བཞག་པ་དོན་ལྡན་དང་། །
ཕ་མའི་རེ་འདུན་མ་བརྗེད་བསྐང་འདོད་ན། །
ཕུ་ནུ་ནང་འཁྲུག་སློང་བར་དགོས་པ་མེད། །
མཐུན་སྒྲིལ་གོང་བུར་གྱིས་ཤིག་ན་གཞོན་ཚོ། །
རྒྱུས་མེད་རྒྱལ་ཁམས་བསྐོར་བའི་སྟོང་འདང་དང་། །
ངེས་མེད་གཅིག་པུར་སྡོད་པའི་གནས་སྐབས་སོགས། །
གང་དུ་ཕྱིན་ཡང་ལྷག་བསམ་དཀར་པོ་ཞིག །
ནམ་ཡང་སེམས་པའི་ཟབ་སར་རྐོས་ཤིག་ཨང་། །
གཞན་ཕན་ལྷག་བསམ་གྱིས་ནི་སྒུལ་བས་ན། །
ཐོལ་བྱུང་ངག་གི་བདུད་རྩིའི་ཟེགས་མ་ཉིད། །
ན་མཉམ་གཞོན་ནུའི་ཚོགས་ལ་ཨེ་ཕན་དུ། །
སྙམ་སྟེ་རིག་པའི་སྡིངས་ཀའི་གནས་ནས་ཕུལ། །
རྨོ་རྨོ་ལགས།
མཐོ་གསུམ་བཅུ་བདུན་པ། རིན་ཆེན་སྐྱིད།
ཁ་སང་གི་བྱུང་བ་དེ་དག
འཇའ་ཡལ་བ་བཞིན་ང་ཚོའི་ཉེ་འགྲམ་དང་གྱེས་དུས།
འཁྱར་འཁྱོར་དུ་འགྲོ་བའི་རྒྱབ་གཟུགས་ཆུང་ངུ་དེ།
ཁྱེད་ཀྱི་དྲན་ཤིང་གི་རྡོ་རིང་ལས་ཡལ་ཨེ་ཟིན།
རྨོ་རྨོ་ལགས།
དུས་ཀྱི་བརྒྱུད་རིམ་ལས་བརྒལ་ཏེ།
འཚོ་བའི་གོད་ཆག་ལ་འཐབ་བཞིན།
ཁ་སང་གི་བྱིས་པ་དེས།
གནའ་གཏམ་ལྕི་མོ་ཞིག་རྨི་ལམ་དུ་བསུས་ཤིང་།
གླུ་སྐད་འཇམ་པོ་ཞིག་སྔས་སུ་བྱས་ནས།
ཤེས་ཚོར་མེད་པའི་ངང་ནར་སོན་ཡོད།
རྨོ་རྨོ་ལགས།
དམིགས་བསལ་གྱི་དུས་ཤིག་ལ།
ཁྱེད་རང་ངའི་མདུན་དུ་གནས་ཤིང་།
ངས་ཁྱེད་ཀྱི་ངོ་གདོང་སྐྱ་བོ་དེ་རྩ་བ་ནས་རྒྱུས་མ་འཚལ།
མངར་སྐྱུར་གྱི་འཚོ་བའི་ཀློང་ནས།ངས་ཁྱེད་རང་བཙལ་ཞིང་།
ཁྱེད་ཉིད་སྙན་ངག་ཏུ་བྲིས་མྱོང་།
གློ་རྡེག་ཏུ། ང་འཆར་ཡན་གྱི་ཀློང་དུ་འཁྱམས།
ངས་ཁྱེད་རང་མིག་ལམ་དུ་མཐོང་བྱུང་།
འོན་ཀྱང་། དེ་ནི་ཁྱེད་རང་མ་ཡིན་པར།གཏན་དུ་འགྱུར་ཟིན་པའི་ཁྱེད་རང་ངོ་། །
རྨོ་རྨོ་ལགས།
ལོ་ཟླ་ཡིས་དེད་པའི་འོད་ཀྱི་ཕུང་པོ།
ཁྱེད་ཀྱི་ཁབ་རྩེ་ནས་ཡང་ཡང་ཕ་རོལ་ཏུ་བཞུད་དུས།
རས་སྐུད་ཀྱིས་བཟོས་པའི་མེ་ཏོག་དེ་ཉམས་རྒུད་དུ་སོང་ནས།
ཁ་སང་གི་བཀྲག་མདངས་རྩ་བ་ནས་བོར་ཟིན།
དེ་ནི་ཁྱེད་ཀྱི་མི་ཚེའི་མཚོན་པ་དང་།
ཁ་ཆེམས་མ་ཡིན་པའི་ཁ་ཆེམས་དེ་མ་ཡིན་ནམ།
རྒྱུན་པར།
ངས་ཁྱེད་རང་ཁྱམས་སྨད་དུ་གནས་པའི་སྣང་ཚུལ་དེ་མཐོང་ཐེངས་རེར།
ངས་ཁྱེད་ཀྱི་ཁ་བ་ལྟར་དཀར་བའི་དབུ་སྐྲའི་གསེབ་ནས།
དུར་དུ་སྦས་པའི་འདས་དོན་མང་པོ་ཞིག་མཐོང་སོང་།
ངས་ཁྱེད་ཀྱི་མིག་ལྕིབས་ཀྱི་གཉེར་མའི་གསེང་ནས།
ས་ལ་ཐིམ་པའི་སྡུག་བསྔལ་མང་པོ་ཞིག་རྙེད་བྱུང་།
རྨོ་རྨོ་ལགས།
བདེ་བར་གཟིམས་ཤིགའབྱུང་འགྱུར་ལ་ཞེ་འཁྲེང་མེད་པར།
འདས་ཟིན་པ་རྒྱང་ལ་བསྐྱུར་ནས།
ཁྱེད་རང་གཏན་དུ་བདེ་བར་གཟིམས་ཤིག
གྱེས་བྲལ།
མཐོ་གསུམ་བཅུ་གཅིག་པ། ཚེ་རིང་སྒྲོལ་དཀར།
གྱ་གྱུའི་ལམ་ཕྲན་བརྒྱུད་དེ་ཕ་ཡུལ་དུ་ལོག་ནས། །སྒོ་དར་རླུང་གིས་སྐྱོད་པའི་གཞིས་ཁྱིམ་དེ་མཐོང་དུས། །
བཅོས་མིན་སྙིང་ལ་བབས་པའི་གཟུར་མེད་ཀྱི་མདའ་མོས། །
ཤ་དང་རུས་པའི་གཏིང་ལ་ན་ཟུག་ཅིག་བསླངས་སོང་། །
མི་རྟག་འཇིག་རྟེན་གཡུལ་གྱི་དོ་ར་ན་རྩེན་པའི། །
མགོ་ནག་སྐྱིད་སྡུག་སྟོན་གསུམ་གནམ་ངོ་དང་མཚུངས་པས། །
སྡུག་གི་མི་བཟད་དྲག་ཆར་རང་སྟེང་དུ་འབབ་དུས། །
རེས་སྐྱིད་རེས་སྡུག་འཚོ་བའི་ཟུག་གཟེར་དེ་ཚོར་བྱུང་། །
སྐྱིད་པའི་ཉི་མ་གཞོན་ནུ་ཆུ་འཛིན་གྱིས་བསྒྲིབས་ཏེ། །
གོད་ཆག་འཇིག་པའི་ཐལ་སྤྲིན་ལང་ལོང་དུ་འཁྲིགས་པའི། །
ཆུ་བུར་མིག་དབང་རྒྱལ་མོའི་པད་འདབ་ཀྱི་རྩེ་ནས། །
མིག་ཆུའི་ཐིགས་པ་དྲོན་མོ་འགོག་མེད་དུ་འཛར་འོང་། །
དུད་སྤྲིན་རླུང་ནག་རྒོད་པོ་བར་མེད་དུ་གཡུག་སྟེ། །
ཞེ་ནག་ནད་གདོན་དུག་ཆུས་རང་དབང་ནི་འཕྲོག་པ། །
སྙིང་གི་རུས་པར་བརྡབས་པའི་ལྕགས་འཛེར་བཞིན་ཟུག་ནས། །
ཤ་པགས་སྐྱི་མོའི་གསེབ་ནས་ཡལ་ཐབས་རང་མི་འདུག །
གྲང་རེག་རྒོད་པའི་ཉིན་མཚན་དུས་དྲུག་གི་རིང་ལ། །
རང་མདངས་བཟང་བའི་ཞལ་རས་དྲོན་མོ་དེ་དྲན་འོང་། །
ཕ་གིའི་བུ་མོ་ང་རང་མཇལ་དུས་ཅུང་འཕྱིས་པས། །
སྡུག་ཡུས་འགྱོད་གདུང་ལུས་ཀྱི་བ་སྤུ་དང་འདྲེས་སོང་། །
བརྐམ་ཆགས་ཚིག་གི་རིས་འདི་ཤོག་དཀར་ལ་བཏབ་པས། །
ཚིམ་མེད་དྲན་པའི་གདུང་བ་བསྲན་ཐབས་རང་མི་འདུག །
ངུ་ངག་དབྱངས་ལ་འདྲེས་པའི་སེམས་གཅོང་གི་རྣམ་ཤེས། །
གངས་རིའི་འདབས་ནས་བོར་བའི་གདུང་སེམས་འདི་ལྕི་ཨང་། །
ཁ་ཕྱོགས་བོར་བའི་ང་ཚོ།
མཐོ་གསུམ་དང་པོ། གནམ་བྱམས་སྒྲོལ་མ།
ལོ་དང་ཟླ་བའི་འཁོར་སྐྱོད་བར་ནས་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ། །
སེམས་དང་བསམ་པ་གཅིག་ཏུ་མ་གནས་རྣམ་རིག་གྲུང་པོ་རྟ་རྒོད་བཞིན། །
ཕྱི་རོལ་ལྟད་མོར་ལྟ་བཞིན་ལྟ་བཞིན་བདག་ཡིད་སྐྱོ་བའི་རྒྱ་རུ་ཚུད། །
ཀྱི་ཧུད་འཇིག་རྟེན་སྐམ་པོ་འདི་ན་བདེ་བའི་གནས་སྐབས་ཉག་རེ་ཕྲ། །
ལྷགས་རླུང་བཙན་པོའི་བུ་ཡུག་ཁྲོད་ན་འུ་ཅག་སྐྲག་བཞིན་མར་ལ་ནུར། །
འཕེལ་རྒྱས་ཆེ་བའི་གྲོང་ཁྱིམ་དབུས་ན་འུ་ཅག་སྨོན་བཞིན་ཡར་ལ་གོག །
ཡར་དང་མར་གྱི་རང་ཚུགས་བར་ནས་གཡང་གི་སྒོ་ཟོག་སྟོང་པར་གྱུར། །
ས་སྒང་རིལ་མོའི་ཡང་སྟེང་འདི་ན་སྒེར་ལ་དབང་བ་ཅི་ཞིག་ཡོད། །
སྟོད་ན་རྫ་ལུང་ཐན་པས་མནར་བས་འབྲོང་རྒོད་རོག་པོ་རྒྱང་དུ་བཞུད། །
བར་གྱི་ན་ལུང་སྐམ་ལ་ཁད་པས་ཁྲུང་ཁྲུང་དཀར་མོ་ལྷོ་རུ་འཕུར། །
སྨད་ཀྱི་ན་ལུང་དུག་གིས་བསླད་པས་གཡང་ལུག་རྩྭ་ཆུར་རོལ་ཐབས་བྲལ། །
བར་མ་བར་ནས་མི་ཡུལ་ཁམས་སུ་ཅི་ལ་འཁྲེང་ངམ་ཆ་མ་འཚལ། །
ཕ་ཡུལ་ལ་བསྟོད་པ།
མཐོ་གསུམ་གཉིས་པ། གཡང་མོ་མཚོ།
ཨ་སྔོན་དགུང་ལ་སྤྲིན་ནག་འཐིབས། །
ལྷུན་པོ་ཐམས་ཅད་སྨུག་པས་བསྒྲིབས། །
ཕྱུགས་རྫི་ཐམས་ཅད་སྤྲོ་བས་ཁེངས། །
དབྱར་ཁའི་ཕ་ཡུལ་ལྟ་ན་སྡུག །
བརྗིད་པའི་རི་བོ་ཁ་བས་བཀླུབས། །
ཆུ་བོ་ཆེན་པོ་དར་གྱིས་བརྒྱན། །
དུང་གི་རི་བོ་ལྟ་ན་སྡུག །
དགུན་གྱི་ཕ་ཡུལ་རབ་ཏུ་མཛེས། །
ནམ་ཟླ་སྟོན་གྱི་དུས་ཚོད་ལ། །
སྡོང་ལོ་སེར་པོ་རླུང་གིས་ཁུར། །
ཞིང་པ་བརྔ་བསྡུ་ལས་ལ་བྲེལ། །
སྟོན་ཁའི་ཕ་ཡུལ་ངོ་མཚར་རྫོགས། །
དགུན་གསུམ་ཙག་གི་ངར་ཁ་ཡལ། །
དྲོད་འཇམ་དཔྱིད་ཀྱི་ཉི་འོད་ཤར། །
སྐྱེ་འགྲོ་ཡོངས་ལ་གསོན་ཤུགས་རྒྱས། །
དཔྱིད་ཀྱི་ཕ་ཡུལ་རེ་བས་བརྟས། །
གངས་དཀར་རྩེ་མོ་སྤྲིན་ལ་ཟུག །
ཆུ་ཡི་མཎྜལ་འཁྱིལ་ལེར་ཡོད། །
རྩྭ་ལྗང་ཟིལ་བ་ཁྲོམ་མེར་གདའ། །
ཕ་ཡུལ་འདི་ནི་བརྟན་སྐར་འདྲ། །
ཕ་ཡུལ་སྒང་པ་བོད་དུ་ཆགས། །
ལྗོན་པའི་ནགས་ཚལ་སྟུག་པོར་གནས། །
མེ་ཏོག་ཁྲ་དམར་ལྡེམ་མེར་ཡོད། །
གནས་མཆོག་ཕ་ཡུལ་ཡིད་དབང་འཕྲོག །
སཱ་ལའི་སྨན་གྱི་ཡུལ་ལྗོངས་འདི། །
ལྷུན་པོ་བཤིག་ན་གསེར་གྱིས་འཚོབ། །
དྭངས་ཆུ་རྙོག་ན་འོ་མས་འཚོབ། །
ཕ་ཡུལ་གནས་མཆོག་ཡིན་པས་སོ། །
ས་ཆེན་གསེར་གྱིས་བྱུགས་པ་འདྲ། །
ནམ་མཁར་འོད་མདངས་རྣོན་པོ་འཚེར། །
ཆུ་བོ་ཤག་ཤག་སྒྲ་ཡིས་བཞུར། །
འདི་འདྲའི་ཕ་ཡུལ་ཁམས་བདེ་བསྟོད། །
ཤེས་སྣ་བརྒྱ་སྟོང་འཛོམས་སའི་ཡུལ། །
གཡང་ས་གངས་ལྗོངས་ལུང་པའི་ནང་། །
རྟ་ནོར་ལུག་གསུམ་བག་ཕེབས་གནས། །
ཁུ་བྱུག་གསུང་སྐད་སྙན་མོ་སྒྲོག །
གཡང་ར་སྒོ་བཞིས་བརྒྱན་པའི་ཡུལ། །
སྤང་ལྗོངས་མེ་ཏོག་ཁྲམ་མེར་བཞད། །
རང་བྱུང་གཏེར་སྣ་འཛོམས་སའི་ཡུལ། །
ནམ་ཡང་རིན་ཐང་གཞལ་བྲལ་ཡིན། །
སྦྲ་ནག་གྲུ་བཞིའི་སྒོ་དར་འོག །
བཅུད་ལྡན་འོ་མའི་དྲི་ཞིམ་འཐུལ། །
སྙན་པའི་གཞས་ཀྱིས་བདེ་སྐྱིད་བསུ། །
ཨེ་མ་ཕ་ཡུལ་ཇི་འདྲའི་མཛེས། །
གསེར་མདོག་ཉི་མའི་འོད་ཟེར་ངོགས། །
གཞན་ཕན་སེམས་ཀྱི་འོ་མཚོ་འཁྱིལ། །
སྒོ་ཕྱུགས་དག་གིས་དབྱིག་འཛིན་ཁེབས། །
མཛེས་པའི་ཕ་ཡུལ་གཡང་གིས་ཕྱུག །
མགོ་ནག་ཀུན་གྱི་སེམས་པ་འཆོར། །
ཕ་མ་གཉིས་ཀྱིས་རེ་ལྟོས་བྱེད། །
སེམས་དང་རྩ་བ་གནས་སའི་ཡུལ། །
ཤི་ཡང་འགྱོད་པ་མེད་སའི་གནས། །
འབྲེལ་ཡོད་འོས་སྦྱོར།