logo

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མའི་བརྩམས་ཆོས་ཆེད་བསྒྲིགས། ཁག་གཉིས་པ།

རྩོམ་པ་པོ།:བཀྲ་ཤིས་མཚོ་སོགས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-11-19 ཀློག་གྲངས།:
ལེགས་བཤད་ཀྱིས་བསྙོར་བའི་ང་ཚོ།
མཐོ་གསུམ་དང་པོ། བཀྲ་ཤིས་མཚོ།

       ལེགས་བཤད་ནི་ལེགས་པར་སྨྲས་པའི་གཏམ་སྟེ་ནད་ལ་ཕན་པའི་སྨན་དང་འདྲ་བ་དེའོ། ། ཨ་མའི་ངག་གི་བསླབ་བྱ་འཇམ་པོ་ནི་ལེགས་བཤད་རེད་ལ། ཨ་ཕའི་གཟབ་ནན་གྱི་ཞལ་རས་སྨུག་པོ་དང་བཤེས་གཉེན་དམ་པའི་བརྩེ་བའི་ཞལ་གསུང་དྲོན་མོའང་ལེགས་བཤད་རེད། སྤོ་བོའི་ཕྱག་ཟུང་དྲོན་མོའི་བྱིལ་བྱིལ་དང་རྨོ་མོས་ལྐོག་ནས་བྱིན་པའི་ཀ་ར། ཨ་མའི་ཐལ་ལྕག་དང་དགེ་རྒན་གྱི་འགྲམ་ལྕག མདོར་ན། ཁྱོད་ཀྱི་མདུན་སྐྱོད་ཀྱི་ལམ་ཁར་དཀར་མེ་སྒྲོན་མཁན་དེ་ལེགས་བཤད་རེད་ལ། ཁྱོད་ཀྱི་ཕྱི་ནུར་གྱི་ཟམ་པ་རྨང་ནས་གཏོར་མཁན་དེའང་ལེགས་བཤད་རེད། འཕྲལ་གྱི་བདེ་བ་ཉི་ཚེ་བ་འཇོམས་མཁན་དེ་ལེགས་བཤད་རེད་ལ། ཕུགས་ཀྱི་བདེ་བ་མཐར་ཐུག་པ་དེ་གནང་མཁན་ཡང་ལེགས་བཤད་རེད། དྲང་པོའི་ལམ་གྱི་སྣེ་ནས་གཡབ་མོ་བྱེད་མཁན་དེ་ལེགས་བཤད་རེད་ལ། འཁྱོག་པོའི་ལམ་གྱི་མགོ་ནས་རྡོ་ཡིས་རྒྱག་མཁན་དེའང་ལེགས་བཤད་རེད་དོ། །
       འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་ག་ཙམ་ཞིག་གི་སྔོན་ལ། ཡབ་མེས་གོང་མ་དག་གི་ལེགས་བཤད་ཀྱི་སྣུམ་གྱིས་ཟིན་པའི་བོད་ཕྱི་རབས་པ་ཞིག་གིས། ལུགས་ཀྱི་བསྟན་བཅོས་ཟེར་བའི་ཕྱི་ཡོང་རིག་གནས་ཤིག་གི་བཟོ་བཀོད་ལ་དཔེ་བལྟས་ཤིང་། སྒང་པ་བོད་ཀྱི་ཆ་ལུགས་དང་མཛེས་དཔྱོད་ལ་མཐུན་པའི་ལེགས་བཤད་ཅེས་པའི་རྒྱན་ཆ་རྨ་མེད་པ་ཞིག་གསར་དུ་བཏོད་པ་ནས་ད་ལྟའི་བར། མི་རབས་ནས་མི་རབས་ཀྱི་བར་དུ་རྒྱན་ཆ་དེ་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱིས་གོང་མ་གོང་མས་འོག་མ་འོག་མར་སྤྲད་དེ་འོངས་བས། ད་ལྟའི་ཁ་བ་གངས་ཅན་པ་དག་གི་ལུས་ངག་ཡིད་གསུམ་གྱི་གཤིས་སྤྱོད་གྲུབ་པ་རེད།
       ལེགས་བཤད་ལས་འཕྲོས་པའི་མི་ཆོས་རིག་གནས་ཀྱི་འོད་སྣང་གིས་སྐྱེ་བོ་ཚོའི་མུན་ནག་གི་མི་ཚེ་ལ་འོད་སྣང་སྦྱིན་ནུས་ལ། ནང་སྒོས་སུ་རང་ཅག་སློབ་གཉེར་པ་དག་ལ་མཚོན་ན་ལེགས་བཤད་ནི་ལམ་སྟོན་གྱི་སྒྲོན་མེ་དང་གཉིས་སུ་མེད། འོན་ཀྱང“གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །ལག་ན་སྒྲོན་མ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །”ཞེས་པ་ནང་བཞིན། ང་ཚོས་སྐྱེས་བུ་དམ་པ་དག་གིས་བསྩལ་བའི་རིན་པོ་ཆེ་འདིའི་ནུས་པ་དོན་དམ་པ་དེ། དངོས་ཡོད་འཚོ་བར་མི་སྦྱོར་བར་ནེ་ཙོས་མ་ཎི་འདོན་པ་ལྟར་ཁ་བྱང་དུ་འགྲོ་བ་ཙམ་ཁོ་ནར་དམིགས་ཚེ། དེ་ནི་ཆུ་ཡིས་སྟོང་བའི་ཁྲོན་པ་དང་རི་མོར་བྲིས་པའི་མར་མེ་དང་ཅིས་མི་མཚུངས། ཨ་སྔོན་དབྱིངས་ལ་མ་འཕུར་བར་བྱ་རྒོད་པོའི་གཤོག་རྩལ་རྒྱས་མི་སྲིད་ལ། རྒྱ་མཚོའི་གཏིང་ལ་མ་ཞུགས་པར་ཉ་གསེར་མིག་གི་འཁྱུག་རྩལ་སྦྱོང་ཐབས་བྲལ་གཤིས། ལེགས་བཤད་ཀྱི་ཉིང་བཅུད་གང་དེ་རྐང་རྡོ་ཐོག་ནས་བཅག་པ་ལྕེ་ཐོག་ཏུ་ལེན་པ་ནང་བཞིན་དོན་དམ་པས་ལག་ལེན་དུ་གདབ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ནོ། །
       “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །”འདི་ནི་རྗེ་ཙོང་ཁ་པ་མཆོག་གིས་ང་ཚོའི་ནང་སེམས་ཀྱི་མུན་ནག་ལ་བསྩལ་བའི་འོད་སྣང་ཡིན་སོང་། རེད་ཡ། ལར་ཀུན་སློང་རྣམ་དག་ཅིག་དང་བསམ་པ་དཀར་པོ་ཞིག་གིས་ཀུན་ནས་བསླངས་ཏེ་དོན་བྱ་གང་ཞིག་གཉེར་ན། ལས་ཀྱི་འབྲས་བུ་ཐམས་ཅད་ཡར་ངོའི་ཟླ་བ་ཇི་བཞིན་གོང་ནས་གོང་དུ་འཕེལ་བ་གོར་མ་ཆག་པས། སློབ་སྦྱོང་གི་བྱ་བ་ཐམས་ཅད་ཀྱང་རང་གི་ཁ་རྒྱབ་ཁོ་ན་ཙམ་ཞིག་གི་དོན་དུ་མ་ཡིན་པར། གཞན་ཐམས་ཅད་ཀྱི་སླད་དུ་གཉེར་བའི་རྣམ་དཀར་དགེ་བའི་ལས་ཤིག་ལ་བསམས་ནས་འབད་ན་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པ་རྒྱུ་འབྲས་ཀྱི་ཆོས་ཉིད་དང་མཐུན་ནོ། །
       གུང་ཐང་བསྟན་པའི་སྒྲོན་མེས་འདི་སྐད་དུ། རྒྱུ་དུས་བརྩོན་པ་མ་བཏང་ན། །འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ། །རྩ་བ་རླན་དང་མ་བྲལ་ན། །རྩེ་མོར་ལོ་འབྲས་སྨིན་པར་འགྱུར། ། རེད་ལགས། བརྩོན་པ་ནི་གོམ་པའི་འདེགས་འཇོག་དང་མཐུན་པའི་རླུང་རྟ་ཡི་འཕྱོ་སྟངས་ཤིག་རེད། བརྩོན་པ་ནི་མི་ལ་རས་པའི་སྲས་མཁར་རེད། ཐང་སྟོང་རྒྱལ་པོའི་ལྕགས་ཟམ་རེད། ཐོན་མིའི་དབྱངས་གསལ་སོ་བཞི་རེད། ས་སྐྱའི་ཆོས་བརྩིགས་བྲག་རི་རེད། དབུས་ཀྱི་ཕོ་བྲང་དམར་པོ་རེད། འགྱུར་རོ་ཅོག་གི་བསྟན་བཅོས་དག་རེད། ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འགྲོ་ལ་བརྩོན་པ་ཅན་དེ་རིག་པའི་ཁྲི་ལ་བཞུགས་སྲིད། དུས་ཚོད་ཀྱི་སྔ་ཕྱིའི་གོམ་འགྲོས་བར་ནས་རྒྱལ་ཁའི་རྟ་ཕོ་ཞིག་རྒྱང་ལ་བྱེར་སྲིད་ལ། བརྩོན་སེམས་ཀྱི་མཚོན་ཆའི་བཟང་ངན་བར་ནས་དཔའ་བོ་ཞིག་གི་སྙིང་ཁ་མདུང་གིས་འབིགས་ཀྱང་སྲིད། དེའི་ཕྱིར་གུས་རྟག་གི་བརྩོན་པ་གང་ཞིག་ཆུ་བོ་བཞིན་བཞུར་དགོས་ལ། རླུང་རྟ་བཞིན་འཕྱོ་དགོས། རྟ་མཆོག་བཞིན་རྒྱུག་དགོས། ནམ་ཞར་ང་རང་སྒྱིད་ལུག་ཕག་གི་རྗེས་སུ་འགྲོ་དུས་ལེགས་བཤད་འདི་ནི་ཅོང་ཆེན་ཞིག་དང་འདྲ་བར་ང་རང་རྨོངས་གཉིད་ལས་སློང་ངེས། རྒྱུ་མཚན་ནི་ང་རང་བརྩོན་པས་དབུལ་བའི་སློབ་གཉེར་པ་ཞིག་ཡིན་ལ། ལེགས་བཤད་ཀྱི་བྲོ་ཁ་བསྣམས་པའི་རྒྱང་བཞུད་པ་དེའང་ཡིན།
       ལེགས་བཤད་གསེར་གྱི་ཕྲེང་བ་ཡོད་གཤིས། ང་ཚོ་ནི་ལྟག་ཆུ་ཆད་པའི་རྫིང་བུ་མིན་ལ། འགྲམ་དར་ཆགས་པའི་མཚོ་མོའང་མིན། སྨུག་པས་གཡོགས་པའི་གངས་རི་མིན་ལ། ཐིག་ལེ་ནོག་པའི་རྒྱ་སྟག་ཀྱང་མིན། ལེགས་བཤད་ཀྱིས་གངས་རི་ལ་ཉི་འོད་ཕོག་པ་ནང་བཞིན་ང་ཚོའི་རྣམ་དཔྱོད་ཀྱི་མེ་དཔུང་བསྒྲོན་ཏེ་མི་ཚེའི་ཁ་ཕྱོགས་སྟོན། །ང་ཚོས་ལེགས་བཤད་ཀྱི་རྒྱན་ཆ་བཏགས་ནས་ཚེ་ནོམ་དུ་བསྒོམས་ཆོག་ལ། ང་ཚོས་ལེགས་བཤད་ཀྱི་རྒྱགས་ཕྱེ་བསྣམས་ནས་རིག་པ་འཚོལ་བའི་བཤུལ་ལམ་རིང་མོར་གོམ་པའི་འདེགས་འཇོག་བསྒྱུར་ཆོག་གོ །
བྱམས་ལྡན་གྱི་སྐྱེད་མ།
མཐོ་གསུམ་བཅུ་དྲུག་པ། སྨན་མཚོ་སྐྱིད།

       ནམ་རྒྱུན་འཛུམ་དམུལ་དམུལ་གྱི་ངོ་གདོང་དེ་ལོ་ཟླའི་འཁོར་སྐྱོད་ཀྱི་འགྲོས་དང་འགྲོགས་ནས་འདས་སོང་གི་ལོ་ཟླའི་དན་རྟགས་སུ་བཞག་སྟེ། བསྐྱར་ཟློས་ཀྱི་འཚོ་བའི་ཀློང་དུ་སུན་སྣང་དང་འཁང་ར་མེད་པར་ཙག་ཙིག་གི་ལས་ཀ་དོན་དུ་གཉེར་ནས་རང་གི་ཁྱིམ་ཚང་དང་བུ་ཕྲུག་གི་ཆེད་དུ་དཀའ་ངལ་མཐའ་དག་ལ་གདོང་གཏོད་ཕོད་པ་དེ་ནི་ཁྱེད་ཀྱི་སྙིང་སྟོབས་དང་རང་གཤིས་ལགས།
       ཁྱེད་ནི་བས་མཐའི་དབེན་འཇགས་ཀྱི་ཡུལ་ནས་ཇི་ལྟར་ནར་སོན་པ་མ་ཤེས་ལ། ཇི་ལྟར་རྒས་པའང་མ་ཚོར་བའི་འབྲོག་མོ་དཀྱུས་མ་ཞིག་སྟེ། ཆུང་དུས་ནས་ནོར་ལུག་གི་ངུར་སྒྲ་དང་འབའ་སྒྲའི་ཁྲོད་དུ་ལང་ཚོ་རྒྱས་ཤིང་མི་ཚེ་བསྐྱལ་བས། ཨ་མའི་གཏམ་རྒྱུད་ནི་ནོར་གནག་གི་སུག་རྗེས་ན་ཡོད་ལ། ཨ་མའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མཐའ་དག་ཀྱང་རྩྭ་ཐང་གི་ལྟེབས་ཁུགས་རེ་རེའི་བར་ན་ཡོད། ནམ་རྒྱུན་ཁྱེད་ལ་ཁོམ་དུས་ཤིག་མེད་པས། སློབ་གྲྭ་འགྲིམས་པའི་གོ་སྐབས་དང་རིག་གནས་སློབ་པའི་སྐལ་བ་ནི་ཡེ་ནས་མ་ལྡན། དེ་བས། ཁྱེད་ལ་གཞན་གྱིས་ཡིག་རྨོངས་པ་ཞེས་པའི་མིང་བཏགས་ཡོད། ཡིན་ནའང་། ངའི་སེམས་ཁོང་དུ་ཁྱེད་ནི་ཅི་ཡང་ཡོད་མཁན་ཞིག་དང་གང་ཡང་རྟོགས་མཁན་ཞིག་ཏུ་འདོད། དེ་མིན་ཚེ། མེད་པ་ཐམས་ཅད་ཁྱེད་ལས་སློང་ཞིང་། མ་ཤེས་པ་ཐམས་ཅད་ཀྱང་ཁྱེད་ལ་འདྲི་ག་ལ་སྲིད། ད་དུང་། ནམ་རྒྱུན་ཁྱེད་ཀྱིས་ངའི་གདོང་ལ་གཅེས་སྐྱོང་གི་ཚུལ་དུ་བྱིལ་བྱིལ་བྱེད་སྐབས།  ཁྱེད་ཀྱི་ཕྱག་ཟུང་གི་སྙིམ་པ་དེས་མཁའ་ཡི་སྤྲིན་དཀར་གྱི་ཕུང་པོ་འགེབས་ཐུབ་ལ། ས་ཡི་མེ་ཏོག་གི་ཚོམ་བུ་ཡང་སྐྱོང་ཐུབ་པར་འདོད། ཨ་མ་དུས་རྒྱུན་ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་མལ་ལས་ལངས་ཏེ། ལྷས་འདབས་ཀྱི་ལྕི་བ་རེ་རེ་བྱས་ནས་ཕུད་ཚར་རྗེས། ཕྱིར་རང་ཁྱིམ་ལ་ལོག་ནས་མེ་ཁ་གསོས་ཏེ་རང་གི་བུ་དང་བུ་མོས་ནངས་ཇ་འཐུང་བར་སྒུག་ཞོར། བྱ་བ་ལམ་འགྲོ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་སྐབས། ངས་ད་གཟོད་ཁྱེད་ཀྱི་ལང་ཚོ་དེ་ལོ་ཟླའི་རླུང་བུས་གཙེས་ནས་རིམ་གྱིས་དབུ་ལ་དུང་ལྟར་དཀར་བའི་སྐྲ་ལོའི་ཉག་མ་རེ་རེ་ཐོན་པ་དང་། མདའ་ལྟར་དྲང་བའི་སྐུ་གཟུགས་དེ་ཡང་གཞུ་ལྟར་འཁྱོག་པ་ཤེས།
       ཞོགས་པ་སྔ་མོ་ནས་སྐད་ངག་འཇམ་པོས་ངའི་བུ་མོ་ཞེས་ཐེངས་དང་པོར་འབོད་མཁན་དེ་ཨ་མ་ཡིན་ལ། དགོང་མོར་ཉལ་ཁར་སྙིང་ཉེ་ཉེའི་ངང་ངའི་བུ་མོ་འཁྱགས་འགྲོ་ཟེར་བཞིན་མལ་ཐུལ་དང་ལྭ་བ་གང་མཐུག་གཡོག་མཁན་དེའང་ཨ་མ་ཡིན། སློབ་གྲྭ་ནས་ཕྱིར་ལོག་དུས། ཐོག་མར་ངའི་གམ་དུ་མྱུར་མོར་འོངས་ནས་ངའི་གཅེས་ཕྲུག་དཀའ་བྱུང་ངམ་ཞེས་ཐུགས་ནན་ནན་ངང་འདྲི་མཁན་དེ་ཡང་ཨ་མ་ཡིན་ལ། ཕར་རྒྱང་རིང་ལ་འགྲོ་དགོས་བྱུང་ཚེ། ངའི་གཅེས་ཕྲུག་བྱ་བ་ལམ་འགྲོ་འོང་བར་ཤོག་ཅེས་ཡིད་སེམས་རྩེ་གཅིག་ཏུ་སྨོན་ལམ་འདེབས་མཁན་དེ་ཡང་ཨ་མ་ཡིན། རྒྱལ་ཁའི་དུས་སུ་ཨ་མའི་དགའ་བ་སེམས་ཀྱིས་གནོན་མི་ཐུབ་ལ། ཕམ་པའི་སྐབས་སུ་ཨ་མའི་སེམས་ཁུར་ཡིད་ལ་སྨན། སྐྱིད་པའི་ཉིན་མོར་ཨ་མའི་འཛུམ་མདངས་ལ་ཡལ་བ་མེད་པར། དུས་དང་རྣམ་པ་ཀུན་ཏུ་རང་གི་བུ་དང་བུ་མོ་བདེ་བ་དང་ལྡན་ཞིང་། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་ཀྱི་སེམས་པ་ཅན་དེ་ཨ་མ་ཡིན་ལ། བྱ་བ་གང་ལའང་ལན་དུ་ཅུང་ཙམ་ཡང་མི་རེ་ཞིང་། རང་གི་བུ་དང་བུ་མོའི་ཆེད་དུ་ཚེ་སྲོག་ཀྱང་ཅི་མི་སྙམ་པར་འབུལ་བར་སོམ་ཉི་ཙམ་ཡང་མེད་པའི་དཔའ་མོ་ངོ་མ་དེ་ཨ་མ་ཡིན་པས། མར་གྱུར་ཞེས་འཇིག་རྟེན་ཆེན་པོ་འདིར་བཀའ་དྲིན་ཆེ་བའི་དཔེ་ལ་ཨ་མ་ཁོ་ན་འཇོག་ཅིང་། ཨ་མ་ཁོ་ན་ལ་ད་གཟོད་ཚུལ་འཆོས་དང་། གཡོ་སྒྱུ། ངན་སེམས། ཕྲག་དོག་ལ་སོགས་ཀྱི་སེམས་བྱུང་ངན་པའི་དྲི་མས་མ་གོས་པར་རང་ལ་ཤ་ཚ་ཚ་དང་ཐུགས་མཉེས་མཉེས་གནང་མཁན་གྱི་གང་ཟག་གཅིག་པུ་དེ་ཡིན་པར་འདོད། ནམ་རྒྱུན་ང་རང་སློབ་གྲྭ་ནས་ཕྱིར་རང་ཁྱིམ་ལ་ལོག་སྐབས། རྩམ་དྲི་འཐུལ་བའི་གཞིས་ཁྱིམ་གྲུ་བཞི་དེའི་ནང་དུ་ཞིམ་མངར་གྱི་འོ་ཇ་ཞིག་བསྐོལ་ནས་སྒུག་པའི་ཨ་མས། ཁྱེད་ལ་སློབ་གྲྭའི་ནང་དཀའ་ཁག་མ་བྱུང་ངམ། ལུས་ཀྱི་ཤ་ཇེ་རིད་དུ་སོང་འདུག་ཅེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་ང་ལ་འདྲི་སྐབས། ང་རང་ནོངས་འགྱོད་ཀྱི་ཀློང་དུ་ཚུད། དུས་རྒྱུན་སློབ་གྲྭར་རང་གིས་ཟ་ཐུབ་ཚོད་དང་འཐུང་ཐུབ་ཚོད་ཀྱིས་སྐྱིད་ལ་རོལ་རྗེས། ཀ་བ་གདུང་ལྕམ་མེད་པའི་སློབ་ཁང་ནང་དུ་གཉིད་དང་ལེ་ལོ། སྒྱིད་ལུག་སོགས་ཀྱི་དབང་དུ་སོང་ནས་ལོ་ཟླ་མང་པོ་ཆུད་ཟོས་སུ་བཏང་བ་ཨ་མས་མ་ཚོར་བར། ད་དུང་དངུལ་དང་ལྭ་བ་གང་དགོས་ཀྱང་ང་ལ་ཁ་པར་ཐོངས། ཨ་མས་ཁྱེད་ལ་བསྐུར་ཆོག སློབ་གྲྭའི་ནང་ནས་རང་གི་ལུས་ཕུང་ལ་བདག་པོ་བྱོས། འཁྱགས་སུ་མ་འཇུག ལྟོགས་ནས་མ་སྡོད་ཅེས་ཟེར་སྐབས། ངའི་སེམས་སུ་ཨ་མ་ནི་དགོས་མེད་ཀྱི་གཏམ་ཤོད་རྒྱུར་དེ་འདྲའི་དགའ་བ་ལ་ཨང་སྙམ་པ་ལས། ཨ་མའི་དངུལ་ནི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་བཙལ་བ་ཞིག་ཡིན་པ་གཞི་ནས་མ་རྟོགས། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ཨ་མའི་ལྷད་མེད་ཀྱི་བརྩེ་བ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་ཨང་།
       ངས་ཨ་མས་ཨ་མ་ཞེས་པའི་རླབས་ཆེན་གྱི་མིང་དེ་ཁུར་ནས་རླབས་ཆེན་གྱི་འགན་འཁྲི་དེ་འདྲ་སྒྲུབ་པ་རྩ་བ་ནས་མ་རྟོགས་པས། བུ་མོ་གླེན་མ་ངས་ཁྱེད་ལ་ཚིག་ལོག་མང་པོ་བརྒྱབ་བྱུང་། ད་ལྟ་ང་རང་རྨོངས་གཉིད་ལས་སད་དུས། ཁྱེད་རང་རྒས་བཞིན་འདུག གལ་སྲིད་ཁྱེད་ཀྱི་ལང་ཚོར་ལོ་ཟླའི་གས་སྐྱོན་མ་ཕོག་ཚེ། མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་མོ་རང་གི་ལག་ཅེས་པ་ལྟར། ངས་ཁྱེད་ཀྱི་ཚེ་མཇུག་གི་མི་ཚེའི་ལམ་བུར་བདེ་སྐྱིད་ལྡན་པའི་འཚོ་བའི་མངར་ཁ་མྱོང་དུ་འཇུག་སྲིད། ཡིན་ན་ཡང་། ད་ནི་ལོ་ཟླའི་བགྲོད་ལམ་གྱིས་སྒུག་མི་སྲིད་པས། དེ་བས། ཁྱེད་ཀྱི་སྐུ་དྲིན་ནི་ཇི་ལྟར་གཞལ་ནུས།  མི་ཡུལ་གྱི་དཀའ་སྡུག་མཐའ་དག་གདོང་གིས་བསུས་པའི་ལམ་བུ་དྲན་ཚེ། ཁྱེད་ནི་གནམ་འོག་གི་བརྩེ་བ་མ་ལུས་རང་གི་ཁོག་ཏུ་རུམ་པའི་བྱམས་བརྩེའི་བདག་ཉིད་ཅན་དེ་ཡིན་པར་རྟོགས། བསྐལ་བ་འཇིག་སྟོངས་ཀྱི་མཐའ་ལ་རེག་ཀྱང་རུང་། ང་ཚོས་གཞར་ཡང་ཁྱེད་ཀྱི་བྱམས་བརྩེ་དང་སྐུ་དྲིན་སེམས་ཀྱི་ཟབ་སར་ཉར་ཏེ། ཁྱེད་ཀྱི་སྐུ་ཚེ་བརྟན་ཞིང་དྲོད་ཁོལ་དང་གཏན་དུ་མི་འབྲལ་བའི་སྨོན་ལམ་ཤུགས་ཀྱིས་འདེབས་ངེས་སོ། །
མཐོ་རྒྱུགས་དང་འབྲེལ་བའི་སེམས་འགྱུ་མེ་སྟག་ཁྲ་མོ།
མཐོ་གསུམ་བཞི་པ། དབྱངས་ཅན་ལྷ་མོ།

       མཐོ་རྒྱུགས། སུ་ཞིག་གིས་བཏོད་པའི་དཀའ་སྡུག་གི་ལམ་ཕྲན། མཐོ་རྒྱུགས། སུ་ཞིག་གིས་བསྐྲུན་པའི་འུར་ཟིང་གི་གཞུང་ལམ། ལམ་ཕྲན་འདི་ནི་འགྲོ་མི་བདེ་ཞིང་ཀྱག་ཀྱོག་གིས་ཁེངས། ལམ་ཆེན་འདི་ནི་འཚང་མི་བདེ་ཞིང་འུར་སྒྲ་ཡིས་ཁྱབ།  འོན་ཀྱང་། ན་ཟླ་ཚོ། ང་ཚོ་ལམ་ལ་ཆས་དགོས། མ་སོང་ན་མི་ཆོག་ཅིང་སོང་ན་མི་ཐོན་པའི་ལམ་འདི་ནས། ཕུགས་བསམ་དང་བརྩོན་འགྲུས་སྙིང་ལ་བརྐོས་ཤིང་། ཡིད་ཆེས་དང་རེ་སྨོན་སེམས་སུ་ཉར་ནས། མཐོ་རྒྱུགས་ཀྱི་ལམ་ཁ་དེ་རུ་ཆས་དགོས། སློབ་གཉེར་པ་ཞིག་ལ་མཚོན་ན་ཐོབ་དཀའ་བ་ནི་ཤེས་རིག་གི་ནོར་བུ་ཡིན་ལ་བགྲོད་དཀའ་བ་ནི་འབྱུང་འགྱུར་གྱི་བདེ་སྐྱིད་ཡིན་ཕྱིར། ང་ཚོས་ཀྱང་འཇིག་རྟེན་ཆེན་པོ་འདིར་ཞབས་རྗེས་ཆུང་ཆུང་རེ་ཕབ་དགོས་ཤིང་། མཐོ་རྒྱུགས་ཀྱི་ལམ་ཁ་འདིར་དྲང་བདེན་གྱི་རྐང་བ་སྤོ་འོས།
       ངའི་སྙིང་ཁོང་དྲོན་མོ་ལས་བྱུང་བའི་ཁ་བརྡ་འདི་ལ་ཉན་མཁན་ནི་ཕྱུགས་རིགས་དཀར་ནག་གི་རྗེས་ན་དྲུག་འགྱུར་དབྱངས་རྟ་སྙན་པའི་འབྲོག་ཕྲུག་ཆུང་ཆུང་འགའ་ཤས་ཡིན་ཆོག་ལ། རྣང་ཞིང་གྲུ་བཞིའི་བར་ན་གསེར་མདོག་གི་ལོ་ལེགས་སྡུད་པའི་རོང་ཕྲུག་ཆུང་ཆུང་འགའ་ཤས་ཡིན་ཡང་ཆོག ཤེས་བྱའི་གནས་ལ་འབད་པའི་གཞོན་ནུ་ཡིན་ཆོག་ལ། ཉིན་མཚན་ལས་ལ་བརྩོན་པའི་མི་རྣམས་ཀྱང་ཅི་ལ་མིན་ཆོག ངས་འདི་ལྟར་སློབ་སྦྱོང་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་སྣ་ཚོགས་ཞི་འཇམ་གྱི་ཡིག་ངོས་སུ་ཕབ་སྟེ་ཀློག་པ་པོ་ཁྲི་སྟོང་མང་པོ་ཞིག་གི་སྤྱན་ལམ་དུ་འདྲེན་འདོད། ངའི་ལྷད་མ་འདྲེས་པའི་སྙིང་གཏམ་གཙང་མ་འདི་དག་ཀློག་པ་པོ་རྣམས་ཀྱི་རྣ་བའི་བུ་ག་བརྒྱུད་ནས་རྣམ་པ་ཚོའི་སེམས་གཏིང་དུ་སྐྱེལ་འདོད། སྤྱིར་ང་ལྟ་བུ་ལ་མཚོན་ན་བློ་རིག་སྐྲ་རྩེ་ན་འབར་བའི་སློབ་མ་སྤྱང་གྲུང་ལྡན་པ་ཞིག་མིན་ལ་ཀུན་སྤྱོད་སེམས་དཔའ་ལས་ལྷག་པའི་སློབ་མ་སྤྱོད་བཟང་ཞིག་ནི་དེ་བས་ག་ལ་ཡིན། འོན་ཀྱང་ང་ནི་མི་མཐོ་མི་དམའ་བའི་སྐར་འབྲས་འགའ་ཞིག་དང་མི་བཟང་མི་ངན་པའི་མི་གཤིས་འདི་ཁོ་ན་ལ་བརྟེན་ནས་འཚར་ལོངས་བྱུང་བའི་འབྲོག་མོ་ཆུང་ཆུང་ཞིག་ཡིན། ཁྱིམ་ཚང་གི་འབྱོར་བ་འབྲིང་ཙམ་ཡིན་པས་ང་ལ་མཚོན་ན་སློབ་སྦྱོང་བྱེད་པ་ནི་ངའི་དམིགས་བྱ་ཁོ་ན་ཡིན་ལ་སློབ་ཆེན་ལ་རྒྱུགས་འཕྲོད་རྒྱུ་ནི་ངའི་ཕུགས་འདུན་ཁོ་ནའོ། ། དེ་ཡང་དམའ་འབྲིང་ལོ་རིམ་གསུམ་པའི་དུས་སུ་རྒྱུགས་མ་འཕྲོད་པའི་དོན་དེ་ནི་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་གསལ་ལྷང་ངེར་ཤར་ཡོང་ལ། དེ་ནི་ངའི་དྲན་འཛིན་གྱི་སྣང་ངོར་ཤེས་རིག་གི་ས་བོན་བཏབ་པའི་ཕྱིར་དྲན་ཉག་ཅིག་ཡིན། དེ་དུས་ཀྱི་བཤེས་གཉེན་དམ་པའི་བསླབ་བྱ་དེ་ད་དུང་ངའི་སྒྲ་འཛིན་དུ་ཐིམ་ཡོད། དེ་དུས་བདག་གི་བཤེས་གཉེན་དམ་པས་ང་ལ་ཆུ་ཐིགས་བསགས་ནས་རྒྱ་མཚོ་དང་ས་རྡུལ་བསགས་ནས་རི་རབ་ཅེས་པ་ལྟར་ཕམ་ཁ་རེ་རེའི་ཁྲོད་ན་བསླབ་བྱ་རེ་རེ་ཡོད་ལ་བསླབ་བྱ་རེ་རེ་བསྡུ་ལེན་བྱས་པ་ལས་ང་ཚོ་ལ་རྒྱལ་ཁ་འབྱུང་སྲིད། མ་འོངས་པར་ཁྱེད་ཚོས་གདོང་གཏད་དགོས་པའི་མཐོ་རྒྱུགས་ནི་ང་ཚོས་ཡོན་ཏན་མང་དུ་བསགས་ཤིང་ཤེས་བྱ་མང་དུ་རྙེད་ནས་གདོང་གཏད་འཇལ་དགོས་པ་ཞིག་ཡིན་ཞེས་པའི་རྒན་དམ་པ་ཁོང་གི་གསུང་འདི་ནི་དུས་ཐོག་ཆར་བ་ཞིག་དང་འདྲ་བར་ངའི་བསམ་བློའི་རྣང་མ་གྲུ་བཞི་འདིར་ཕུགས་བསམ་གྱི་མྱུ་གུ་འབུས་སུ་བཅུག དེ་ལྟར། དགེ་རྒན་གྱི་གསུང་དེ་ནི་མུན་པའི་ཁྲོད་ཀྱི་སྒྲོན་མེ་ཞིག་དང་འདྲ་བར་ང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྩལ་བྱུང་། དེ་ནས་ངས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་ནས་ངས་ཅིའི་ཕྱིར་སློབ་སྦྱོང་བྱེད་པ་ཡིན་ཞེས་བསམ་བློ་ཡུན་དུ་བཏང་བས་ངས་ཀྱང་གཞི་ནས་འདང་ཕོག་བྱུང་། ངས་སློབ་སྦྱོང་བྱེད་དོན་ནི་སློབ་ཆེན་ལ་རྒྱུགས་སྤྲོད་པའི་ཕྱིར་དུ་ཡིན་ལ། ངས་སློབ་ཆེན་ལ་རྒྱུགས་སྤྲོད་དོན་ནི་རང་ཉིད་ཁོ་ནའི་མཚན་སྙན་གྲགས་དང་འཚོ་བའི་ལོངས་སྤྱོད། རྒྱུ་འབྱོར་བ་ཙམ་གྱི་སླད་དུ་མིན་པར་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཞིག་དང་སྔར་ལས་མཛེས་ཤིང་ཁྱད་དུ་འཕགས་པའི་རང་ཉིད་ཅིག་མཐོང་འདོད་པ་དེ་ཡིན། འདི་ནི་ཧ་ཅང་དཀའ་ངལ་ཆེ་བའི་ལམ་སྣེ་ཞིག་ཡིན་པ་ནི་ཅིས་ཀྱང་སྨོས་མ་དགོས་པ་ཞིག་རེད། སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བློ་ཕམ་ཡོད་མྱོང་ལ་ཡིད་ཆད་ཀྱང་ཡོད་མྱོང་། འོན་ཀྱང་བློ་ཕམ་དང་ཡིད་ཆད་ཀྱི་ཀློང་ནས་རེ་སྨོན་བཙལ་ལ་ཕམ་ཁ་དང་བསླབ་བྱ་ཡི་ཀློང་ནས་རང་སེམས་གསོས་ཏེ་སློབ་གཉེར་གྱི་ལམ་ཁར་འབད་བཞིན་ཡོད། ཕམ་ཁའི་ཁྲོད་ནས་བསླབ་བྱ་བསྡུ་ལེན་དང་རྒྱལ་ཁའི་ཁྲོད་ནས་ཉམས་མྱོང་སྤྱི་བསྡོམས་བྱས་ན་ད་གཟོད་འཕེལ་རྒྱས་དང་རྒྱལ་ཁ་འབྱུང་ཐུབ། ང་ཚོས་སློབ་སྦྱོང་བྱས་བྱས་མཐར་གཞི་ནས་མཐོ་རྒྱུགས་ཀྱི་ལམ་ཁར་སྟོབས་ཀྱིས་བསྐྱོད་འོས། མཐོ་རྒྱུགས་ཀྱི་ལམ་བུ་ནི་ང་ཚོའི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་དཀྱོག་མཚམས་ཤིག་ཡིན་ཞིང་ལམ་བུ་འདིས་ང་ཚོའི་མི་ཚེ་ཧྲིལ་པོ་ལ་ཤུགས་རྐྱེན་ཐེབས་ཀྱང་སྲིད། གལ་སྲིད་ང་ཚོས་མཐོ་རྒྱུགས་ཀྱི་གཡུལ་ས་འདི་ནས་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་ཚེ་དེས་ང་ཚོའི་མི་ཚེ་ལ་ཁ་ལོ་བསྒྱུར་ཀྱང་སྲིད། ནམ་རྒྱུན་གྱི་སློབ་རའི་ནང་དུ་ངས་རྒྱུན་དུ་སློབ་གྲོགས་མང་ཤོས་ཤིག་གིས་ལབ་གླེང་གི་བརྒྱུད་རིམ་ཁྲོད་དུ་སློབ་གྲོགས་ཆེ་གེ་མོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་དང་ཡང་སློབ་གྲོགས་ཆེ་གེ་མོས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་སོང་ཟེར་བའི་གཏམ་བཟང་མང་དུ་ཐོས་མྱོང་། སྐབས་དེར་ང་ལའང་སྨོན་པ་དང་སྙིང་སྟོབས་ཤིག་ཅིག་ཅར་སྐྱེས་མྱོང་སྟེ། སེམས་སུ་མ་འོངས་པ་ན་རང་ཉིད་ཀྱང་སློབ་གྲྭ་ཆེན་མོ་པ་ཞིག་བྱེད་འདོད་ཀྱི་དམ་བཅའ་བཀོད་མྱོང་། ཡིན་ནའང་སློབ་གྲྭ་ཆེན་མོ་པ་ཞིག་བྱེད་འདོད་ཀྱི་བསམ་བློ་དེ་ནི་སུ་ལའང་སྟོན་མ་མྱོང་། ནམ་རྒྱུན་འཕེལ་རྒྱས་ཅུང་ཙམ་བྱུང་ཚེ་ངའི་སེམས་པ་སྨྲ་མི་ཤེས་པའི་སྤྲོ་བས་བརྟས་ཤིང་། ངའི་ཕུགས་བསམ་དེ་ནི་རང་ཉིད་དང་བར་ཐག་ཇེ་ཉེར་སོང་སྟེ་མཐོ་རྒྱུགས་ཀྱི་དུས་ཚོད་ཀྱང་མྱུར་དུ་ཐོན་བྱུང་ན་ཅི་མ་རུང་སྙམ། འོན་ཀྱང་ཞིབ་ཏུ་འདང་ཞིག་བརྒྱབ་ན་ངའི་ད་ལྟའི་ཡོན་ཚད་འདི་ལྟ་བུ་ཞིག་གིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྒྱུ་ནི་ཕར་ཞོག་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ལ་འཕྲད་པར་ཡང་ཧ་ཅང་དཀའ་ངལ་ཆེ་བསམས། ནམ་རྒྱུན་རིག་པའི་ལྡིང་ཁང་འདིར་ཉེ་འགྲམ་གྱི་སློབ་གྲོགས་རྣམས་ཀྱིས་ཉིན་མཚན་དབྱེར་མེད་དུ་བརྩོན་པའི་རྒྱུན་མི་ལྷོད་ཅིང་རེ་བའི་རྒྱུན་མི་ཆད་པའི་སྣང་ཚུལ་རེ་རེ་དང་བློ་རྩེ་གཅིག་སྒྲིམ་དང་ཞིབ་ཚགས་ནན་ཏན་གྱི་རྣམ་འགྱུར་རེ་རེ་ལས་ང་ལ་དྲན་སྐུལ་གྱི་ཅོང་བརྡ་རྒྱུན་མི་ཆད། ལྷག་པར་དེ་སྔོན་སྙིང་ཁར་བཀོད་པའི་ཕུགས་བསམ་དང་དམ་བཅའི་དྲན་པ་དེ་ཡོངས་སུ་བསླངས་བྱུང་། ང་ལ་འབད་བརྩོན་གྱིས་སྐུལ་ལྕག་བྱས་བྱུང་ལ་ཡིད་ཆེས་དང་རེ་སྨོན་བསྩལ་བྱུང་།
       ང་ཚོས་ཧུར་བརྩོན་གྱི་རྟ་ཕོ་ལ་དྲན་སྐུལ་གྱི་ལྕག་གིས་བྲབས་ནས་ཤེས་རིག་གི་གོ་ཆ་ལུས་སུ་བགོས་ཤིང་ཕུགས་བསམ་གྱི་གཤོག་ཟུང་རིང་དུ་བརྐྱངས་ནས། ང་ཚོས་འདས་དོན་དང་རྒྱལ་ཕམ་ཡོད་ཚད་ལ་འཁང་ར་དང་ལེ་བདའ་མི་བྱེད་པར་འཚོལ་སྙེག་དང་རེ་སྨོན་གྱིས་ཕྱུག་པའི་མཐོ་རྒྱུགས་ཀྱི་ལམ་ཁ་གསར་པ་འདི་ལ་འབད་པས་བསྐྱོད། ངས་བསམས་ན་ང་ཚོའི་རྔུལ་ཆུ་ལས་གྲུབ་པའི་གཏམ་རྒྱུད་འདི་དག་ལས་ང་ལ་མཐོ་རྒྱུགས་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་དང་རེ་སྨོན་ཡང་བསྩལ་བྱུང་། དེར་བརྟེན་བདག་གི་སེམས་ཁོང་དུའང་ཡིད་དུ་འོང་བའི་སློབ་གྲྭ་ཆེན་མོ་ཞིག་གི་སྣང་བརྙན་དང་སྙན་གྲགས་ཀྱི་དཔལ་འབར་བའི་དགེ་རྒན་ཆེན་མོ་དག་གི་སློབ་ཁྲིད་ལ་ཉན་པའི་སྐལ་བ་ལྡན་པའི་འཁྲུལ་སྣང་འགའ་རེ་ཡང་སྐྱེས་བྱུང་། ཕམ་ཁ་དང་ཉམས་མྱོང་ལས་བྱུང་བའི་བློ་སྐྱེད་འདི་དག་ནམ་ཞིག་གི་ཚེ། ང་ཚོའི་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཀྱི་རལ་གྲི་མེ་དཔུང་འབར་བ་ཞིག་ཏུ་སྤྲུལ་ནས། ང་ཚོ་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྣམ་པར་རྒྱལ་བར་བྱེད་ཅིང་། ངའི་ཡིད་ཆེས་དང་རེ་སྨོན་ཁྱེར་ནས་སྔར་ལས་ལྷག་པའི་ཡིད་འོང་དང་མཛེས་སྡུག་ལྡན་པའི་རྒྱང་རིང་གི་ཞིང་ཁམས་དེར་འཕུར་བར་བྱ།
ཕ་ཡུལ།
མཐོ་གསུམ་བཅུ་དྲུག་པ། ལྷ་མོ་མཚོ།
 
       མི་རེ་རེར་རང་རང་གི་ཐོག་མའི་འཚར་ལོངས་བྱུང་སའི་གནས་ཤིག་ཡོད་པ་དང་། དེ་ནི་ང་ཚོ་ནམ་ཡང་འཁྲེང་སའི་གནས་ཤིག་ཡིན་ལ། སྡུག་བསྔལ་དང་དཀའ་སྡུག་ཅི་ཞིག་ལ་ཕྲད་ཀྱང་ནམ་ཡང་ང་ཚོའི་རྗེས་སུ་བརྟན་ཀྱིག་གེར་ཡོད་པའི་རྒྱབ་རི་མཐོན་པོ་དེ་ཡིན། རེད་ཡ། དེ་ནི་གཞན་གང་ཡང་མ་ཡིན་པར་ངའི་ནང་སེམས་ཀྱི་རུམ་ཁ་དྲོན་པོར་མནལ་དུ་ཡུར་བའི་ཕ་ཡུལ་མ་ཡིན་ནམ།
       ངའི་ཕ་ཡུལ་ནི་ཁང་བརྩེགས་ཀྱིས་ཡོངས་སུ་བསྐོར་བའི་གྲོང་ཁྱེར་ནི་མིན་ལ། ཨར་འདམ་དང་རྣོ་ལྕགས་ཀྱིས་གྲུབ་ཅིང་གཞུང་ལམ་བསྣོལ་མར་སྦྲེལ་བའི་མིས་བཟོས་འཇིག་རྟེན་ནི་དེ་བས་ཀྱང་མིན། ངའི་ཕ་ཡུལ་ན་ཟང་ཟིང་གི་འུར་སྒྲ་དང་བྲེལ་འཚུབ་ཀྱི་རྣམ་པས་དབེན་ཞིང་། གཡོ་ཟོལ་གྱི་ཚུལ་འཆོས་དང་བསླུ་བྲིད་ཀྱི་ཟུར་མིག་གི་དྲི་ཙམ་ཡང་མེད་པར་ཡོད་ཚད་སོས་དལ་བག་ཕེབས་ཀྱིས་འཚོ་བཞིན་ཡོད། ཉི་ཟླ་དང་བར་ཐག་ཆེས་ཉེ་བའི་མདོ་དབུས་མཐོ་སྒང་གི་གྲུ་ཟུར་ཞིག་ན་མངོན་ཆུང་གིས་སྐྱེ་འགྲོ་ཡོད་དོ་ཅོག་ལ་གང་མཁོ་གནང་དང་གནང་མུས་སུ་ཡོད། ཚང་མས་མདོ་དབུས་མཐོ་སྒང་ན་ཅི་ཡང་མེད་པར་ཡོད་ཚད་སྐྱ་ཐིང་ཐིང་དུ་གནས་ཡོད་དེ། གལ་ཏེ་ཅི་ཞིག་ཡོད་པའི་དབང་དུ་བཏང་ནའང་དེ་ནི་མིའི་ལུས་ལ་རབ་ཏུ་གཙེ་བའི་གྲང་ངར་དང་སྤྱོད་པ་རྩུབ་ཅིང་རྒོད་པའི་གནག་ཕྱུགས་ལས་མ་འདས་ཞེས་རྗོད་བཞིན་འདུག རེད་དེ། མདོ་དབུས་མཐོ་སྒང་ན་གྲང་ངར་རྒོད་པ་ནི་མིག་མཐོང་ལག་ཟིན་གྱི་བདེན་དོན་འབའ་ཞིག་རེད། འོན་ཀྱང་དེ་ལྟར་རྗོད་བཞིན་པའི་མི་དག་མདོ་དབུས་མཐོ་སྒང་འདིར་ཆ་རྒྱུས་ངེས་ཅན་ཞིག་མེད་པ་ཡིན་ངེས་ཏེ། དེ་ཡང་མཐོ་སྒང་འདིའི་ས་བབ་ཀྱི་མཐོ་ཚད་དང་། དྲོད་གྲང་གི་སྙོམས་ཚད་སོགས་ཁོར་ཡུག་གི་ཆ་རྐྱེན་གང་ཡིན་ཡང་ས་འདི་གར་འཚོ་སྡོད་ཀྱི་རྒྱུན་སྐྱོང་བཞིན་པའི་སྲོག་ཆགས་ཏེ་དཔེར་ན་འབྲོང་དང་དགོ་བ། གཙོད་དང་གླ་བ། གཉན་དང་དོམ་དྲེད་སོགས་ཀྱི་འཚོ་གནས་ཀྱི་ཆ་རྐྱེན་ལ་ཚད་དང་རན་ཞིང་འོས་ཤིང་འཚམ། དེར་མ་ཟད་མདོ་དབུས་མཐོ་སྒང་འདི་རུ་ད་དུང་འཛམ་གླིང་འཛིན་མའི་ཁྱོན་ལ་སྙན་གྲགས་ཀྱི་བ་དན་དགུང་ལ་གཡོ་བར་བྱེད་པའི་ཐོན་རྫས་ཀྱང་མི་ཉུང་བ་ཞིག་ཡོད། དེའང་ཟས་སྤྱོད་གཉིས་ཀྱི་ཐད་ནས་མངོན་ཡོད་པ་སྟེ། དཔེར་ན་ཟས་རིགས་ཀྱི་ཐད་ནོར་ཤ་དང་། ལུག་ཤ། མར་དང་ཕྱུར་བ། ད་དུང་མཐོ་སྒང་གི་དྲོད་གཤེར་ལས་སྐྱེས་པའི་ནས་དང་དེ་ལས་བསྙལ་བའི་ནས་ཆང་སོགས་ཡོད་དོ། །བཀོལ་སྤྱོད་ཐད་ཀྱི་ཐོན་རྫས་ནི་གནག་ཕྱུགས་ཀྱི་ཀོ་བ་དང་བལ་རྩིད་ཁུ་ལུ་སོགས་ཀྱིས་འཐག་པའི་སྣམ་བུ་དང་གྱོན་གོས་སོགས་སོ། །
       མུ་མཐུད་དུ་ཕ་ཡུལ་གླེང་དགོས་ཚེ་ངེས་པར་མ་གླེང་ཐབས་མེད་ཀྱི་ཆོས་ཤིག་ཡོད་པ་ནི་སྐད་དང་ཡི་གེ་རེད། དེ་ཡང་འདས་ཟིན་པའི་ཕྱིར་དྲན་དང་ད་ལྟའི་བྲེལ་འཚུབ།འབྱུང་འགྱུར་གྱི་སྟོང་འདང་སོགས་ལ་གཞིག་ན། ཕ་ཡུལ་ནི་གནག་ཕྱུགས་ཁྱུ་དང་ཁྱུ་བྱས་ཤིང་། མེ་ཏོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་པའི་ལུང་པ་དེ་ཙམ་མ་ཡིན་པར་དེ་ནི་མེས་པོ་གོང་མ་དག་གི་སྲོལ་བཟང་དར་སྤེལ་དང་ཕ་སྐད་མ་ཡིག་གི་རྩམ་དྲི་མ་ཡལ་བའི་སྣུམ་ཤིག་ཤིག་གི་ཞིང་ཁམས་དེ་ཡིན་པར་ངེས། ཡིན་ཡང་དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ངའི་ཕ་ཡུལ་གྱི་ཆོས་གང་ཞིག་ཀྱང་འགྱུར་དགོས་ཤིང་འགྱུར་ངེས་པ་ནི་ཆོས་ཉིད་རང་རེད། ད་ལྟའི་ཕ་ཡུལ་གྱི་ན་གཞོན་རེ་འགའ་ཞིག་གམ་ཡང་ན་མི་བུ་སྣང་བ་ཅན་དག་གིས་ཕ་ཡུལ་གྱི་སྲོག་ཤིང་དུ་གྲུབ་པའི་སྐད་དང་ཡི་གེ་འདི་ཉིད་ནི་རྗེས་ལུས་དང་མདུན་ལམ་གྱི་བཀག་རྒྱའི་མཚོན་རྟགས་ཤིག་ཏུ་སྒོམ་གྱིན་འདུག ངས་བསམ་པར་དེ་ནི་རྨོངས་མུན་གྱི་བྱ་སྤྱོད་འབའ་ཞིག་སྟེ་རང་གི་སྐེ་རུ་ལྕེབ་ཐག་བསྐོན་པ་དང་ཁྱད་ཅི་ཡང་མི་འདུག་སྙམ། དེ་ཡང་རྒྱའི་སྐད་དང་ཡི་གེ་དང་དབྱིན་ཇི་སོགས་སྔོན་ཐོན་མི་རིགས་ཀྱི་རིག་གནས་བསམ་བློ་ལ་སྦྱངས་པ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ་བའི་དོན་ཞིག་རེད། འོན་ཀྱང་ང་ཚོས་ཐོག་མར་རང་གི་སྐད་དང་ཡི་གེ་འདིར་སྦྱངས་ཏེ་བྱང་ཆུབ་པ་ཞིག་བྱེད་དགོས་པ་དང་དེའི་འཕྲོར་རིམ་བཞིན་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱངས་ན་གཞན་ལས་ལྷག་པའི་འབྲས་བུ་ཞིག་འཐོབ་ཐུབ་སྙམ། དེ་ལྟ་ན་ང་ཚོས་ཕྱི་ཚུལ་ཙམ་གྱི་ཕ་ཡུལ་མིན་པར་དོན་དངོས་ཀྱི་ཕ་ཡུལ་དེ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་ཐུབ་པར་གདོན་མི་ཟའོ། །
       ཕ་ཡུལ་ལགས། མི་རབས་མང་པོས་མཆོད་པའི་སེམས་ཀྱི་བསྟི་གནས། བདག་ནི་ཁྱོད་ལ་དགའ་དྲག་པས་ཡིན་ནམ། རྣམ་ཀུན་ཁྱོད་རང་གླེང་ཞིང་ཁྱེད་ཉིད་འཆད་པས་ཡིན། དོན་དམ་དུ་ཕ་ཡུལ་གྱི་ཆགས་འཇིག་ནི་ངའི་ལུས་སེམས་ཀྱི་གོད་ཆག་ཅིག དེ་བས་ངས་ཕ་ཡུལ་ལ་སྙན་ངག་འབྲི་བ་ནི་ཕ་ས་ཕ་ཡུལ་གྱི་མཛེས་པ་མངོན་པ་ཙམ་མ་ཡིན་པར་ནུ་རིན་གསབ་ཕྱིར་ཡིན། །
བདག་གི་ཨ་མ་རིན་ཆེན།
མཐོ་གཉིས་བརྒྱད་པ། ལྷ་སྒྲོན་སྐྱིད།
 
       ཨ་མ་ཞེས་པའི་ཐ་སྙད་འདི་ཐོས་འཛིན་རྣ་བའི་བུ་གར་རྒྱུ་ཐེངས་རེར། ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ཨ་མའི་བྱམས་བརྩེ་ཡིས་ཕྱུག་པའི་ཞལ་རས་དང་། ནམ་ཡང་གཞལ་ཐབས་བྲལ་བའི་བཀའ་དྲིན་དེ་གསལ་ལེར་དྲན་ཡོང་།
       ང་རང་ནི་དྲིན་ཆེན་ཨ་མའི་བརྩེ་སེམས་དྲོན་མོའི་ཐུ་འོག་ནས་ཚེ་སྲོག་གི་མྱུ་གུ་འབུས་ཤིང་། ལྷག་བསམ་དཀར་པོའི་གཅེས་སྐྱོང་འོག་ཉམ་ཆུང་གི་ལང་ཚོ་ལ་གཉོམ་ལག་རྒྱས་པ་དང་། ཨ་མའི་ཕྱག་ཟུང་ལ་བརྟེན་ནས་མཛེས་སྡུག་གི་སྤང་ལྗོངས་ནས་དབྱར་གསུམ་གྱི་མེ་ཏོག་བཞིན་བཞད་ཐུབ་སོང་ལ། དཔྱིད་གསུམ་གྱི་ཁུ་བྱུག་བཞིན་ཚང་ཚིང་ནགས་ལས་གྲག་ཐུབ་སོང་། དྲིན་ཆེན་ཨ་མའི་བྱམས་བརྩེ་ཡོད་པས་ཆུང་དུས་ནས་དགུན་གསུམ་གྲང་འཁྱག་གིས་ས་གཞི་ཁེངས་ཀྱང་གཏན་ནས་གྲང་མ་མྱོང་ལ། སྟོན་གསུམ་ཁ་ཆར་གྱི་འབབ་རྒྱུན་དྲགས་ཀྱང་གཏན་ནས་ཞུམ་མ་མྱོང་། བུ་མོ་ངའི་སྙིང་ཁོང་ན་ནམ་ཡང་ཚེ་འབར་ལྟར་གཟིམས་པ་མེད་པ་ནི་ཨ་མ་རིན་ཆེན་ལགས་ཡིན་ནོ། །
       བུ་མོ་ངའི་ལྷག་བསམ་གྱིས་ཕྱུག་པའི་དྲིན་ཆེན་མ་ལོ་ནི་ཞིང་གྲོང་ནས་འབྲོག་ཁུལ་དུ་གནས་ལ་ཡོང་བའི་བུད་མེད་དཀྱུས་མ་ཞིག་ཡིན། ལོ་ཞིག་གི་དབྱར་ཁར། ཨ་མས་ངས་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་མེད་པ་ཤེས་ཏེ་ང་ལ་བཀའ་བཀྱོན་དྲག་པོ་གནང་བྱུང་། ངས་སྣང་མེད་ཀྱི་ཚུལ་ཞིག་བསྟན་ནས་ཁྱིམ་མཚེས་ཚང་གི་གྲོགས་པོ་བོས་ཏེ་ལྕགས་རྟར་བཞོན་ནས་རྩེ་རུ་འགྲོ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་མས་ངའི་རྗེས་དེད་ནས་སླེབས་འདུག་པ་དང་། ང་ལ“སྐྱ་ལོས་ཁྱོད་ཀྱིས་སློབ་སྦྱོང་མི་བྱེད་པ་མ་ཟད། དུས་རྒྱུན་མི་ངན་པར་འགྲོགས་ནས་གཞན་ལ་བརྙས་བཅོས་བྱེད་བཞིན་འདུག་ཟེར།”ཞེས་ཁོང་ཁྲོ་དང་བཅས་ཏེ་བཀའ་བཀྱོན་གནང་བཞིན་དུ་སྐེད་ཀྱི་ཆབ་མ་བླངས་ནས་ང་ལ་གཅར་རྡུང་བྱས།
       དུས་དེ་ནས་བཟུང་སྟེ་ངས་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་པས་ཡར་ཐོན་མངོན་གསལ་བྱུང་། སྐབས་དེར་ཨ་མས་གཅར་རྡུང་བྱེད་པར་སྐྲག་པས་ཧུར་བརྩོན་བྱས་པ་ཡིན་ཡང་། ད་ལྟ་ཞིབ་འདང་རེ་བརྒྱབ་ཚེ། རླབས་ཆེ་བའི་མ་ཡུམ་ཞིག་གིས་བུ་ཕྲུག་ལ་བཅངས་པའི་རེ་སྨོན་དང་བརྩེ་སེམས་ཚོར་ཐུབ། དུས་སྐབས་དེར་ཨ་མས་བཀའ་བཀྱོན་དང་གཅར་རྡུང་སོགས་བྱས་མེད་ཚེ། ང་ལ་དེ་རིང་གི་ཤེས་ཡོན་སྦྱོང་བའི་གོ་སྐབས་དང་ཤེས་བྱའི་རྨང་གཞི་འདི་ཡོད་ག་ལ་སྲིད་དེ། ཕལ་ཆེར་ཁ་ཆར་གྱི་ཟློས་གར་འཁྲབ་པའི་རྫ་གསེང་ན་ལང་ཚོའི་མེ་ཏོག་ནོར་རྗེས་ནས་རྙིད་བཞིན་པ་གདོན་མི་ཟའོ། །
       ཨ་མའི་བྱམས་བརྩེ་ནི་ཉི་ཟླ་ལས་ལྷག་ཅིང་། བཀའ་དྲིན་ནི་གཞལ་ཐབས་བྲལ། ངས་ནམ་ཡང་གནམ་སྔོན་པོར་མི་ཤོང་ལ་ས་དོག་མོས་མི་ཐེག་པའི་ཨ་མའི་བཀའ་དྲིན་ཡིད་ལ་དྲན་བཞིན། དཔའ་ངར་ཞུམ་མེད་ཀྱིས་ཤེས་རབ་ཀྱི་རྟ་ཕོར་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ཏེ་ཤེས་བྱའི་ཐང་ཆེན་དུ་རྒྱུག་གིན་ཡོད། ཨ་མས་ནམ་ཡང་རྒྱབ་ཕྱོགས་ན་བརྩེ་སེམས་ཀྱི་མིག་ཟུང་རྒྱང་དུ་བསྲིངས་ཏེ་བུ་མོ་ངའི་ཕྱོགས་སུ་གཟིགས་ཡོད། ངས་ནམ་ཡང་ཨ་མའི་རེ་འདུན་དང་རང་ཉིད་ཀྱི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན།
       བྱམས་བརྩེ་ཅན་གྱི་ཨ་མ་རིན་ཆེན་ལགས། ཁྱེད་ཀྱི་སྐུ་ལུས་རྟག་ཏུ་བདེ་བར་སྨོན། །
མཇུག་མཐའི་མཚན་མོ།
མཐོ་གཉིས་དང་པོ། ཕག་མོ་སྐྱིད།

       ལྷིང་འཇགས་ཀྱི་མཚན་མོ་དེར། ནམ་མཁའ་ནི་མཐོ་དྲགས་ཏེ་ཕར་བལྟས་ཚོད་ལ་མི་ཡུལ་དང་རྒྱང་དུ་གྱེས་པར་ཆས་སམ་སྙམ་འོངས། དེ་ལྟ་ནའང་ནམ་མཁའ་ནི་སྔར་བཞིན་སྔོ་སིང་སིང་དུ་སྣང་། བགྲང་ལས་འདས་པའི་སྐར་ཚོགས་འོད་ལམ་ལམ་དུ་འཚེར་བ་ནི་མིག་ཟུང་ཁྲི་སྟོང་མང་པོ་ཀེམ་ཀེམ་དུ་གཡོ་བ་དང་ཀུན་ནས་མཚུངས། ཁོ་ར་ཁོར་ཡུག་ཐམས་ཅད་དལ་ཅག་གེར་གནས།
       དགོང་ཇ་འཐུངས་རྗེས། ཨ་ཕས་ངའི་ལྭ་བ་འཁྲུད་འགོ་བརྩམས་བྱུང་། རྒྱུ་མཚན་ནི་སང་ཉིན་སྔ་མོར་ཁོ་རང་ད་དུང་ལས་ཀར་ཞུགས་དགོས་པས། ས་རུབ་སྟེ་མུན་འཐིབས་ནའང་ངའི་ལྭ་བ་བཀྲུ་རྒྱུ་ནི་བཏང་སྙོམས་སུ་བསྐྱུར་ག་ལ་སྲིད། ཨ་མ་མེད་པའི་ལོ་ཟླ་རེ་རེར། ཁོང་གིས་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ཐམས་ཅད་རང་ཉིད་གཅིག་པུས་ཕྲག་ཏུ་ཁུར་ཞིང་། ཉིན་མཚན་དབྱེར་མེད་དུ་བུ་མོ་ངའི་དོན་དུ་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་པར་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་ཀྱིན་ཡོད། ཡིན་ནའང་། ངའི་བསམ་ཡུལ་ལས་འདས་པ་ཞིག་ལ། མཚན་མོ་དེ་ནི་ཨ་ཕ་དང་ངེད་གཉིས་མཉམ་དུ་སྡོད་པའི་ཆེས་མཐའ་མཇུག་གི་མཚན་མོ་ཡིན་པ་ངའི་བསམ་པའི་དགུ་ཡིད་དུའང་དྲན་མ་བྱུང་། འདས་ཟིན་པའི་མཚན་མོ་རེ་རེར་མལ་དུ་ལོག་སྐབས་ཨ་ཕས་ང་རང་རུམ་ནས་གཉིད་དུ་འཇུག་སྲིད་ལ། ཁོང་གིས་ང་རང་དྲོད་ཀྱིས་གཏམས་པའི་རུམ་ལ་བསྡུས་ནས་གཉིད་དུ་འཇུག་སྲིད། འོན་ཀྱང་མཚན་མོ་དེར་ནམ་རྒྱུན་དང་མི་འདྲ་བར། ཨ་ཕས་ང་རང་ཤུགས་ཆེན་པོས་རུམ་ལ་བསྡུས་ཤིང་། སྔོན་ནས་རྟོགས་ཡོད་པ་ཇི་བཞིན་ངའི་མགོ་ལ་དྲོད་འཇམ་གྱི་ཕྱག་ཟུང་གིས་བྱིལ་བྱིལ་ལན་འགའ་གནང་།
       ཕྱི་ཉིན། ངེད་བཟའ་མི་གང་བོས་ཨ་ཕ་ཡོང་བར་ཡུན་རིང་ལ་རེ་སྒུག་བྱས་ནས་བསྡད་མོད། ཉིན་དེ་ནས་བཟུང་། ཁོང་བདེ་སྐྱིད་དྲོད་ཁོལ་འཛོམས་པའི་ཁྱིམ་གཞིས་འདི་དང་གཏན་ནས་ཁ་གྱེས་སོང་། ཁོང་གིས་བུ་མོ་ང་རང་གཅིག་པུ་བསྐྱུར་ནས་དུས་གཏན་དུ་འཇིག་རྟེན་འདི་དང་ཁ་བྲལ་སོང་། རེད་ཡ། དེ་ནི་ཁ་བ་མེད་པའི་དགུན་ཁ་ཞིག་ཡིན་ལ། སྙིང་རྗེ་དང་བརྩེ་བ་མེད་པའི་དགུན་ཁ་ཞིག་ཀྱང་ཡིན། ལོ་དེའི་དགུན་ཁར་གྲང་ལྷགས་ཧ་ཅང་ཆེ་ལ། ངའི་ཚེ་སྲོག་གི་བཤུལ་ལམ་དུ་བརྗེད་དུ་མེད་པའི་འདས་དོན་ཞིག་ཏུ་གྱུར་སོང་།
       དུས་ད་ལྟ་ཕྱིར་འདང་རེ་བརྒྱབ་ན་དོན་དག་འདི་ནི་ངའི་དྲན་པའི་ངོས་སུ་རྡོ་བརྐོས་རི་མོ་བཞིན་དུ་གནས། ལོ་ངོ་བཅུ་ལྷག་འགོར་སོང་། ཨ་ཕ་ང་དང་ཁ་བྲལ་ནས་ཏག་ཏག་ལོ་བཅུ་འགོར་སོང་། དེ་ནི་ཉིན་བཅུ་མིན་ལ་ཟླ་བ་བཅུའང་མིན་པར་ལོ་ངོ་བཅུ་རེད། འདས་ཟིན་པའི་ལོ་ཟླ་འདི་དག་གི་རིང་ལ་ང་རང་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་ལ་བརྒྱུད་པ་དང་། ཕ་མ་མེད་པའི་དཀའ་སྡུག་གི་འཚོ་བ་མང་པོར་བརྒྱུད་ནས་ནར་སོན་པ་ཡིན། ཨ་ཕའི་དཔའ་ངར་གྱི་རྒྱབ་སྐྱོར་མེད་ལ། ཨ་མའི་བྱམས་སེམས་ཀྱི་དྲོལ་ཁོལ་མེད། ལོ་ངོ་འདི་དག་གི་རིང་ལ་ང་རང་ཆར་རླུང་ཁྲོད་དུ་གཡོ་བའི་རྩྭ་ཕྲན་ཉག་གཅིག་དང་མཚུངས་པར་རང་ཉིད་རང་གི་རླུང་གཡོལ་གྲུ་ཁ་བྱེད་ཀྱིན་ཡོང་།
       ཡང་ལོ་གཅིག་གི་དཔྱིད་འགོར་དྲོད་འཇམ་གྱི་རླུང་བུ་དལ་བུར་ལྡང་བ་དང་མཉམ་དུ་ངས་ཁྱེད་རང་དྲན་པའི་གདུང་བ་འགོག་ཐབས་རང་མ་བྱུང་ངོ་། །
བདག་གི་སྒུལ་ཤུགས་ཀྱི་འབྱུང་ཁུངས།
མཐོ་གསུམ་གཉིས་པ། པད་མ་མཚོ་ཐོག

       ང་ནི་ཤེས་བྱ་ཡི་སྐྱེད་ཚལ་དུ་ཤེས་རིག་གི་ཟེའུ་འབྲུ་ལ་སྨོན་བཞིན་པའི་རྐང་དྲུག་བུང་བ་ཞིག་ཡིན། ང་ནི་ཤེས་བྱ་ཡི་རྒྱ་མཚོའི་ཀློང་དུ་རྐྱལ་རྩལ་ལ་རེམ་བཞིན་པའི་ཉ་མོ་ཆུང་ཆུང་ཞིག་ཡིན། ང་ནི་ཤེས་རིག་གི་མཁའ་དབྱིངས་སུ་ནམ་འཕང་གཅོད་པར་མོས་པའི་བྱ་རྒོད་ཅིག་ཡིན།
       དེ་ཡང་རྐང་དྲུག་བུང་བ་ཡིན་ནའང་ཆོག ཉ་མོ་ཆུང་ཆུང་ངམ་བྱ་རྒོད་ཅིག་ཡིན་ནའང་འདྲ་སྟེ། གྲུབ་འབྲས་ཐོབ་འདོད་ན་ངེས་པར་བརྩོན་པ་བསྐྱེད་དགོས་ལ་རྔུལ་ཆུ་འདོན་དགོས།
       ང་རང་ཡང་སློབ་གཉེར་གྱི་ལམ་བུ་རུ་བང་རྩལ་ངོམ་བཞིན་པའི་རྟ་མཆོག་ཅིག་ཡིན། དེ་ཡང་སློབ་གཉེར་གྱི་ལམ་བུ་ནི་དཀའ་སྡུག་དང་ཀྱག་ཀྱོག་གིས་ཁེངས་བའི་བགྲོད་ལམ་ཞིག་ཡིན། ལམ་བུ་དེའི་ཁྲོད་དུ་ཤེས་བྱ་ནི་ཁྱེད་ཀྱི་སྐད་ཅིག་གི་འབད་འབུངས་ལས་ཐོབ་མི་སྲིད་ལ། དཀའ་བ་མ་སྤྱད་པའི་སྟོང་སེམས་ལས་དེ་བས་ཀྱང་ངོ་། །ཁྱོད་ཀྱིས་ད་ལྟ་སྒྲུབ་བཞིན་པའི་དོན་དག་ལ་གནས་སྐབས་སུ་གྲུབ་འབྲས་མཐོང་མི་ཐུབ་ན་ཡང་། བརྗེད་མི་རུང་བ་ནི“སྡོང་བོ་འཚར་ལོངས་མ་བྱུང་བའི་སྔོན་ལ་རྩ་བ་ཚུགས་དགོས་ལ་ཡུན་རིང་གི་དུས་ཚོད་ནང་འཚོ་བཅུད་སྡུད་ལེན་བྱེད་དགོས”པ་དེ་ཡིན།
       ང་ལ་མཚོན་ན་སློབ་གཉེར་གྱི་གོ་སྐབས་བཟང་པོའམ་སྐལ་བ་བཟང་པོ་འདི་ཐོབ་པ་ནི། དང་པོ་དྲིན་ཕ་ལོ་མ་ལོ་གཉིས་ཀྱི་བཀའ་དྲིན་ཡིན་ལ། གལ་ཏེ་ཁོ་གཉིས་ཀྱིས་བདག་ལ་རིན་བྲལ་གྱི་ཚེ་སྲོག་འདི་གནང་མེད་ཚེ། ང་ལ་ད་ལྟའི་སློབ་གཉེར་གྱི་སྐལ་བཟང་འདི་ཐོབ་པ་ལྟ་ཞོག ཐ་ན་སྲིད་པའི་ཁྲ་ཁྲ་རིག་རིག་འདི་མཐོང་བའི་གོ་སྐབས་ཀྱང་མེད་པ་གདོན་མི་ཟའོ། །གཉིས་པ་དགེ་བའི་བཤེས་གཉེན་མཆོག་གིས་ཤེས་བྱའི་བཅུད་ཀྱིས་གསོས་པས་ད་གཟོད་བདག་ཀྱང་ཀ་ཁ་མི་ཤེས་པའི་ཡིག་རྨོངས་པ་ཞིག་ནས། ད་ལྟའི་ཕུགས་བསམ་དང་སྟོབས་ཤུགས་ཀྱིས་རྫོགས་པའི་དུས་རབས་གསར་པའི་རེ་བ་དང་མི་རིགས་ཀྱི་བདག་པོ་རུ་གསོ་སྐྱོང་མཛད་པའོ། །
       ངས་སློབ་གཉེར་གྱི་ལམ་བུ་ནི་དཀའ་སྡུག་ཆེ་བ་ཤེས་ཡོད། འོན་ཀྱང་དེ་དང་ལྷན་དུ་ལམ་དེ་ནི་ད་ལྟའི་སྤྱི་ཚོགས་ཀྱི་བབ་དང་མཐུན་པའམ་ཡང་ན་ད་ལྟའི་སྤྱི་ཚོགས་ཁྲོད་ཆེས་བདེ་བའི་འཚོ་བའི་ལམ་ཉག་ཅིག་ཡིན་པའང་ཤེས། ཡིན་ནའང་སྐབས་ལ་ལར་ང་ཡང་ཆད་སྣང་དང་ངལ་དུབ་ཅིག་གིས་མནར་ཡོང་། སློབ་ཁྲིད་ཀྱི་སྐབས་སུ་ཡང་གཏི་མུག་གི་བདུད་འདྲེའི་འབངས་སུ་གྱུར་འགྲོ་ལ་རྣམ་གཡེང་གི་སྤྲོ་གར་ལ་འཆམ་འགྲོ། དེ་དུས་ང་ལ་གློ་བུར་དུ་འབད་བརྩོན་བྱེད་པར་འདོད་པའི་སྒུལ་ཤུགས་ཤིག་བྱུང་ཞིང་། ངས་རང་རེའི་མི་རིགས་ཀྱི་མ་འོངས་པ་དྲན་བྱུང་། ངས་སྐུ་ལུས་ལ་དྲེག་ནད་ཀྱིས་མནར་ཏེ་ན་ཟུག་རེ་བྱུང་ཡང་ཨམ་གཙིགས་སྡོམ་བཞིན་བཟོད་བསྲན་བྱེད་ཅིང་རང་བདེ་གཅེས་འཛིན་གྱི་བསམ་པའི་དྲི་མ་དང་བྲལ་བའི་བདག་གི་མ་ལོ་མཆོག་ཡིད་ལ་འཁོར་བྱུང་། དེ་སྔ་མོ་རང་ཡང་ཞལ་གྱི་དཀྱིལ་འཁོར་ལ་དམར་མདངས་རྒྱས་བཞིན་འབྱུང་འགྱུར་གྱི་བྱ་བ་ལ་རེ་སྙེག་གིས་ཁེངས་པའི་བུ་མོ་ཆུང་ཆུང་ཞིག་ཅི་ནས་མིན། འོན་ཀྱང་མོས་ངའི་དོན་དུ་ཡོད་ཚད་ཕུལ་སོང་ལ་ཡོད་ཚད་བློས་བཏང་སོང་། ཡང་ངས་སྐད་རིགས་ལ་དུང་ཞེན་ཡོད་པའི་སྔོན་བྱོན་དྲན་དབང་རྣམས་ཡིད་ལ་ཝ་ལེར་ཤར་བྱུང་། ཁོ་ཚོས་དཀའ་ཁག་གི་ཟུག་གཟེར་ལ་མ་འཛེམ་པར་ང་ཚོ་ལ་གཞན་གྱིས་རྟོགས་དཀའ་ཞིང་སྣ་མང་གི་རིག་གཞུང་མང་པོ་བརྩམས་ཤིང་། དེ་ནི་ལོ་རྒྱུས་ཀྱི་ཉི་ཟེར་གྱི་འོད་མདངས་དང་ལྷན་དུ་བཀྲག་མདངས་འཚེར་བཞིན་འདུག  དེའི་གཟི་དཔལ་གྱིས་བར་སྣང་ཡངས་པོར་ཕྱེ་ཡོད། ཡིན་ནའང་། ང་ཚོའི་མི་རབས་འདིར་དེ་སྦྱང་པར་འདོད་པའི་རྗེས་རབས་པ་དང་རིགས་ཞེན་པ་ཤིན་ཏུ་ཉུང་། དེ་བས་ངའི་སེམས་ནས་མི་རིགས་འཕེལ་རྒྱས་ཀྱི་མདུན་ལམ་ནི་ཉག་ཇེ་ཕྲ་ནས་ཇེ་ཕྲ་དང་། གུ་ཇེ་དོག་ནས་ཇེ་དོག་ཏུ་འགྱུར་བཞིན་པ་ཚོར་བྱུང་། དེའི་ཕྱིར་ང་ལ་དོན་དེའི་སླད་དུ་འབད་འདོད་ཀྱི་ཟུག་གཟེར་ཅིག་རུས་པའི་གཏིང་ནས་ལངས་བྱུང་།
       འདི་ནི་རིག་དམན་གྱི་སློབ་བུ་ངས་སློབ་གཉེར་ལ་འབད་འབུངས་བྱེད་པའི་སྒུལ་ཤུགས་ཀྱི་གོ་ཆ་དེ་ཡིན། །
དཔྱིད་དཔལ།
མཐོ་གསུམ་བརྒྱད་པ། གླིང་རྡོ་རྗེ་ཚེ་བརྟན།

       དཔྱིད་ཀ་ནི་བརྩེ་དྲོད་འཛོམས་པའི་མ་ཡུམ་ཞིག་དང་འདྲ།  བྱིལ་བྱིལ་ཐེངས་ཤིག་གིས། ཡོད་ཚད་མཛེས་སྡུག་དང་ཡིད་དུ་འོང་བར་གྱུར། དགུན་ཟླ་རིང་མོ་ཕར་འདས་རྗེས། ལྗང་མདོག་གི་ཡུལ་ཁམས་དང་། བཀྲག་མདངས་ཀྱི་ཕྲ་རྒྱན། ད་དུང་། ཉི་འོད། མཁའ་དབུགས། ཡོད་ཚད་དེ་འདྲའི་མཛེས་ཤིང་སྡུག་ལ། ཡོད་ཚད་དེ་འདྲའི་ཞི་ཞིང་འཇམ་པ་ཞིག་རེད་ཨང་།
       བདག་གི་སྣང་ངོར། དཔྱིད་ཀའི་དབུགས་ཀྱི་རྒྱུ་བ་ནི་འཇམ་པའི་རེག་བྱ་དང་ལྡན་པ་ཞིག་སྟེ། དེ་ནི་བྱིས་པའི་མིག་འབྲས་དྭངས་མོ་དང་འདྲ་ལ། ལྷུང་ལྷུང་གི་ཆུ་རྒྱུན་གཙང་མ་ཞིག་དང་ཡང་འདྲ། ད་དུང་མི་ཞིག་གི་ཐོག་མའི་བརྩེ་དུང་གི་ཚོར་བ་དང་ཡང་འདྲ། དཔྱིད་ཀའི་དབུགས་ཀྱི་རྒྱུ་བ་ནི་དྭངས་གཙང་དང་ལྡན་པ་ཞིག །མེ་ཏོག་གི་བསུང་ངད་སྣ་ཡི་དབང་བོ་ཚིམ་པ་ཞིག །རི་ཆུ་དང་ནགས་ཀླུང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག །བྱིའུ་ཆུང་གིས་ཀྱུར་ཀྱུར་གྱི་སྐད་སྙན་སྒྲོག་ལ་རྔམ་པ་ཞིག  ཕྱེ་མ་ལེབ་གར་གྱི་འཕུར་ལྡིང་ལ་བྲེལ་བ་ཞིག །
       དུས་ཚིགས་འདིར། དར་མ་རྣམས་ནི་ཆུ་དང་ཁྲུས་ལ་རོལ།  བྱིས་པ་རྣམས་ནི་ཤོག་བྱ་ལ་གཡེང་། ན་གཞོན་རྣམས་ནི་ལུས་ཀྱི་རྩལ་རྒྱས་པའི་རྐང་རྩེད་སྤོ་ལོ་རྩེད། ཞིང་པ་རྣམས་ནི་ལང་ཚོའི་རྔུལ་ཆུ་འདོན་པའི་སོ་ནམ་ལ་འཇུག རྒན་རྒོན་རྣམས་ནི་སོས་དལ་དང་ལབ་གླེང་ལ་གཡེང་།
       དཔྱིད་འགོ་མར། ངས་ཚེ་སྲོག་གི་མཛེས་སྡུག་དང་རེ་བ་ཚོར་བྱུང་། དཔྱིད་ཀ་དང་འདྲ་བའི་སྟོབས་ཤུགས་དང་ཡིད་ཆེས་ཀྱང་རྙེད་བྱུང་། དཔྱིད་ཀའི་རེ་བ་ནི་སྟོན་གྱི་འབྲས་བུ་ཡིན་པས་ན། ངས་རང་གི་མི་ཚེ་ནི་དཔྱིད་ཀ་ནས་སྟོན་གྱི་གོ་རིམ་ཞིག་ཡིན་པའི་ངེས་ཤེས་རྙེད། ད་ནི་ས་བོན་གྱི་ལང་ཚོ་རྒྱས་པའི་དཔྱིད་ཀ་ནས་འགོ་བརྩམས་ཏེ། ང་རང་ལྗིད་ཏིག་ཏིག་གི་སྟོན་གྱི་འབྲུ་རྡོག་སྨིན་པའི་ལམ་ལ་ཆས་དགོས་ཨང་།
       ད་དུང་། དཔྱིད་ཀ་ནི་ཚེ་སྲོག་ཡིན། ཚེ་སྲོག་ཡིན་པས་ས་བོན་རྡོག་གཅིག་ཡིན་ཡང་སྐྱེ་སྟོབས་ཀྱི་མྱུ་གུ་འདི་ནས་རྒྱས་ཡོད། དཔྱིད་ཀ་ནི་རེ་བ་ཡིན། རེ་བ་ཡིན་པས་སྐད་ཡིག་ལ་ཆག་འཇིག་བྱུང་བའི་མཇུག་མཐའི་སློབ་ཐུན་གཅིག་གི་མཚོན་བྱེད་ལ་ལྗང་མྱུག་ཕྲ་མོ་ཞིག་བཞག་ཡོད། དཔྱིད་ཀ་ནི་དྲོད་དང་ལྡན་པ་ཞིག་ཡིན། དྲོད་དང་ལྡན་པས་ལྷོ་ཕྱོགས་མོན་ལ་བཞུད་པའི་བྱ་བརྒྱའི་ཚོགས་ཀྱང་ཕྱིར་ལ་སླེབས་ཡོད། སྦྲུལ་དང་སྦལ་བ་དང་འཕྱི་བ་སོགས་ཀྱང་ས་ཁར་སླེབས་ཡོད། མདོར་ན། དཔྱིད་ཀྱི་དུས་ལ། གནམ་ལ་འཕུར་དགུ་དང་བར་ན་འཕྱོ་དགུ ས་ལ་འཛུལ་དགུ་དག་མཆོང་ཞིང་ལྡིང་སྟེ་འདུས་འོངས།
       ཡིན་ནའང་། དཔྱིད་ཀ་ནི་རྟག་བརྟན་ཞིག་མིན། དཔྱིད་ཀ་ནི་མཛེས་སྡུག་གི་ཡོ་ལང་ཡོངས་སུ་རྫོགས་པ་ཞིག་ཀྱང་ཡིན་མི་སྲིད། དཔྱིད་ཀ་ལ་རང་བྱུང་གི་འཇིགས་པ་ཡོད། དཔྱིད་ཀ་ལ་མི་ཡི་ཧམ་སེམས་ཡོད། དཔྱིད་ཀར་དུད་འགྲོའི་ཧམ་ཟ་ཡོད། དཔྱིད་ཀ་ལ་ཉི་ཟླའི་འཆར་ནུབ་དང་། མེ་ཏོག་གི་ལང་ཚོ་རྒུད་པའི་མཐའ་ལ་ཐུག་པའང་ཡོད། དེ་བས། དཔྱིད་ཀའི་དུས་ཀྱི་འགྱུར་བག་ཁྲོད། ངས་རང་སེམས་ཀྱི་གཤིན་ས་ལ་ཕུགས་འདུན་གྱི་ས་བོན་གཏོར། བརྩེ་སེམས་དང་ཉི་འོད། ཆར་ཆུ་ཡང་འདྲེན། རང་བྱུང་གི་འཇིགས་པ་ལས་རྒྱལ་བའི་དཔྱིད་ཀའི་སྟོབས་ཤུགས་འོག  ངས་རང་ཉིད་ལེ་ལོ་དང་སྒྱིད་ལུག ང་རྒྱལ་སོགས་ཉོན་མོངས་ལས་རྒྱལ་བའི་བློ་ཁ་བརྟན་པོ་བཅངས། མཛེས་སྡུག་དང་དྲི་ཞིམ་གྱི་དབང་བོའི་ལོངས་སྤྱོད་སྟེར་མཁན་དཔྱིད་ཀ་ཡིན་ན། བརྩོན་པ་ལ་ཤེས་རབ་དང་འོད་སྣང་སྦྱིན་མཁན་ཡང་རང་ཉིད་རང་གི་མགོན་དུ་མི་འགྱུར་རམ།
       དཔྱིད་ཀ་ནི་སྟོབས་ཤུགས་ཡིན། ལང་ཚོ་ཡིན། སླར་གསོན་ཡིན། རེ་བ་ཡིན། ཡིད་ཆེས་ཡིན། །
ཁ་བརྡ་དང་བློ་སྐྱེད།
མཐོ་གཉིས་དང་པོ། ཏཱ་རེ་སྒྲོལ་མ།

       འདས་དོན་གྱི་དྲན་པའི་ཟིན་ཐོ་མཐུག་པོ་དེ་ལ་བསྐྱར་ལྟ་ཞིག་བྱས་ན། དྭངས་གཙང་ཤོག་དཀར་ལྟ་བུའི་བྱིས་བློ་ཞིག་ལ་འཚོ་བའི་སྣུམ་ཚོན་གྱི་རི་མོ་ཕབ་དུས། ཨ་ཕྱི་དང་ཨ་ཕྱིའི་ཁ་བརྡ་ནི་ངའི་མུན་སེལ་གྱི་སྒྲོན་མེ་ཡིན་ལ། སྣེ་ཁྲིད་ཀྱི་དགེ་རྒན་ཡང་ཅི་ལ་མིན།
       ངའི་ཨ་ཕྱི་རིགས་དྲུག་གང་དུ་མ་བཞུད་པའི་ཡར་སྔོན་ལ། ང་ཚོ་ཁང་པའི་ཁྱམས་རའི་འོག་དང་སྦྲ་ནག་གི་འདབ་འོག་ཏུ་ཉི་མར་ལྡེ་རྒྱུར་ཤིན་ཏུ་དགའ། དེའི་སྐབས་སུ་མོས་ངའི་འདུག་སྟངས་དང་སྐད་ཆ་བཤད་སྟངས་གང་ཡིན་རུང་ཞི་བ་དང་ལྡན་དགོས་པར་བཤད་ལ། གལ་ཏེ་ངས་སེམས་ཆུང་མ་བྱས་པར་འབྲས་རྡོག་རེ་གཉིས་ཐང་ལ་གཏོར་བ་ཡིན་ན། མོས“ཨ་མའི་ལོ་ལོ། ཟ་མའམ་འབྲས་རྡོག་རེ་རེ་ནི་ཞིང་པ་དག་གིས་ཙག་རླུང་སྨྱོན་པའི་སོ་ཁ་བརྒལ་ནས་བཏབ་པ་ཡིན་ལ། མུ་གེའི་དུས་རབས་སུ་ང་ཚོར་འདི་ཙམ་ཡང་ཟ་རྒྱུ་མེད།”ཅེས་གསུངས། ཡང་མཚམས་ལན་རེར། མོའི་ཕ་མ་འདས་པའི་རྗེས་སུ་གཞན་གྱིས་འཕྱ་སྨོད་དང་དམའ་འབེབ་བྱས་པའི་དོན་དག་རེ་རེ་བརྗོད་ཅིང་། ཨ་མ་ནི་ཉི་མ་དང་ཨ་ཕ་ནི་ཟླ་བའི་ཚུལ་དུ་གནས་ལ། དེ་དག་ཡོད་པས་ངའི་ལྟོ་གོས་ལ་འདང་རྒྱག་མེད་པ་དང་། འཚོ་བའང་བདེ་སྐྱིད་ལྡན་པར་གསུངས།
       ནམ་རྒྱུན་སྣང་མེད་དུ་བསྐྱུར་བའི་སྐད་ཆ་དེ་དག་ལ་ཕྱིར་འདང་ཞིག་བྱས་ན། མོས་གསུངས་པ་ནི་བདེན་ཏེ། གཞན་གྱི་རྔུལ་ཆུ་ལས་བཏོན་པའི་འབྲས་རྡོག་དེ་དག་དང་། ཕ་མ་ལ་བསྟན་པའི་རྣམ་འགྱུར་དེ་དག་ལས། ངའི་མི་གཤིས་དང་ཀུན་སྤྱོད་ཡོད་དོ་ཅོག་ལ་སྟབས་བདེའི་རྒྱུས་ལོན་བྱེད་ཐུབ་པས་ཕྱིར་རོ། །
       ཡང་ཉིན་ཞིག་གི་སྔ་དྲོར། ངས་ལས་བྱ་བྲིས་མ་ཚར་བར་འཁང་ར་བྱེད་པ་ཨ་ཕྱིས་ཐོས་པས། “ཨ་མའི་ལོ་ལོ། དགེ་རྒན་ནི་མི་རེ་རེའི་སེམས་ནང་ན་གསལ་ལེར་བསྒྲོན་པའི་མར་མེ་འོད་ཆེན་ཡིན། རླབས་ཆེན་གྱི་སྐྱེས་བུ་དེ་ཚོ་ཡོད་པས། ཁྱོད་ཀྱིས་སྨྲ་བརྗོད་ཤེས་པ་ཙམ་མ་ཡིན་པར་དོན་རྟོགས་ཐུབ་པ་མིན་ནམ།”གསུངས། ངས“ལས་བྱ་དང་དེ་གཉིས་ལ་འབྲེལ་བ་མེད།”ཅེས་བཤད་པ་ན། མོས“མདོར་དེད་ན། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །”གསུངས། དེ་ནི་ཆེས་མཇུག་མཐར་ང་ལ་སློབ་གསོ་བཏང་བ་རེད། བསམ་བློ་མ་བཏང་ན་དེ་ནི་དོན་མེད་ཀྱི་རི་ལ་དགོས་མེད་ཀྱི་དར་ལྕོག་ཡིན་པར་སེམས་མོད། རང་སེམས་ཀྱི་སྒོ་སྒེའུ་ཡོད་ཚད་ཕྱོགས་སུ་བསྲིངས་ཤིང་ནང་དུ་ཅི་ཡང་ཡོང་མི་ཐུབ་པར་བྱས་རྗེས། རང་སེམས་བཙོན་ལ་བཅུག་ནས་ཞིབ་འདང་ཞིག་བརྒྱབ་ན། དེ་ནི་དངོས་གནས་བདེན་ཏེ། ནམ་ཞིག་ང་ཚོས་དུས་ཚོད་ཡོད་ཚད་སློབ་སྦྱོང་ལ་བསྟིམས་ཤིང་། ནུས་པ་ཡོད་ཚད་སྨྱུག་ཁ་ལ་སྐོར་དུས། དེ་ནི་རང་ཉིད་ཕུགས་བསམ་དང་ཐག་ཇེ་ཉེར་འགྲོ་བའི་བྱེད་ཐབས་ཤིག་ལས། ང་ཚོ་ལ་མིག་གིས་འཚོས་ཤིང་སེམས་ཀྱིས་གཉོར་བའི་དགེ་རྒན་ཚོ་ལ་སྐར་གང་གི་ཡོང་འབབ་མེད་པ་ཕར་ཞོག རང་ཉིད་ཀྱི་བཅུ་དྲུག་གི་ལང་ཚོ་མེ་ལ་བསྒྲོན་ཚར་རོ། །
       ཨ་ཕྱི་ལགས་དང་ཁ་བརྡ་ཐེངས་གཅིག་བྱས་ན། འཕུང་ཕྲུག་ང་ལ་གོམ་གང་གི་ཡར་རྒྱས་དང་མདའ་གང་གི་བློ་སྐྱེད་ཐོབ་ཡོང་མོད། དེ་ནི་ཤེས་པ་འཕྱི་དྲགས་པས། ངེད་གཉིས་ཀྱི་ཁ་བརྡ་ལ་སྔ་མོ་ནས་རྫོགས་ཚིག་བཀོད་ཟིན།
       ཨ་ཕྱི་ལགས། ཁྱོད་ངའི་གམ་དུ་མི་བཞུགས་ཀྱང་ཁྱོད་གསུང་བདུད་རྩིའི་ཐིགས་པ་ཅོལ་ཆུང་ངའི་སེམས་ན་རྡོ་བརྐོས་རི་མོ་བཞིན་དུ་གསལ་ལ། ལོ་ཟླའི་ཆར་ཆུ་དང་བརྗེད་ངེས་རྐུན་པོས་གཞོམ་པར་ག་ལ་སྲིད། རྒྱལ་ཕམ་གྱི་དབྱེ་བ་འགྲན་པའི་དུས་རབས་འདིའི་སྒལ་ཚིགས་སུ། སྐར་མའི་ལུག་ཁྱུ་གཏོར་བའི་ཐོ་རངས་རེ་རེ་དང་། ས་ཆེན་གྲིབ་མས་གཡོགས་པའི་ནུབ་ཁ་རེ་རེར། ཁྱོད་ཀྱིས་གསུངས་བའི་ཁ་ཏ་རེ་རེས་ངའི་ནང་སེམས་ཞུམ་པའི་རྩྭ་ཐང་འདིའི་ཕྱེད་ཀ་ཟིན་འགྲོ་ཞིང་། སླར་ཡང་རིགས་དྲུག་གང་དུ་བཞུད་པའི་ཁྱོད་ལ་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་མི་ཚེའི་སྒྲུང་མགུར་ལབ་འདོད། །
འབྲེལ་ཡོད་འོས་སྦྱོར།