བྲིས་པ་སྐལ་བཟང་བློ་གསལ།
བྲིས་པ་སྐལ་བཟང་བློ་གསལ།
སྐལ་བཟང་བློ་གསལ་ནི་སྤྱི་ལོ1966ལོར་ཀན་སུའུ་ཞིང་ཆེན་གཙོས་ཚོ་བ་ཉི་ཤུ་རྩ་གཅིག་གི་གྲས་ཀྱི་ཆུ་བོ་ཚོ་བ་རྩྭ་སའི་ནང་རུ་སྡེའི་ཁྱིམ་ཚང་གཡང་ལྡན་གཞི་རྙིང་ཅན་ཞིག་ལ་སྐྱེས། ལོ་དགུའི་སྟེང་རབ་ཏུ་བྱུང་། ལོ་བཅུ་གཅིག་སྟེང་དགེ་ཚུལ་བསྒྲུབས་ཏེ་གཙོས་དགོན་པར་ཞུགས། སྤྱི་ལོ1986ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཆེས་ཐོག་མའི་སློབ་མར་གྱུར་ཅིང་སྤྱི་ལོ1989ལོར་ལེགས་པར་མཐར་ཕྱིན། ཞོར་དུ་བླ་བྲང་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་ཤིང་སྔ་ཕྱིར་ལོ་བཅུ་དྲུག་གི་རིང་ལ་བླ་བྲང་དགོན་པ་ནས་སློབ་གཉེར་བྱས། སྒོས་སུ་ཁྱུང་བོ་གཡུ་ཁྲིའི་ཡིག་གཟུགས་ཀྱི་ཡིག་རྒྱུན་ཐོག་མར་བདམས་ནས་དེའི་ཡིག་རྒྱུན་ལ་ཆེས་སྐད་གྲགས་ཅན་དང་ཆེས་ཚད་ལྡན་ཅན་གྱི་སྨྱུག་འཛིན་དབང་བོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་ཆེན་པོའི་དྲུང་ཡིག་པ་དགེ་སྨོན་ལམ་རྒྱ་མཚོས་བརྩམས་པའི་ཡིག་གཟུགས་བློ་གསལ་སྤྱི་ནོར་ལ་རང་ཉིད་ཀྱིས་ཆེད་གཉེར་དང་ཆེད་སྦྱོང་བྱས་ཏེ་ཁོང་གི་མདུན་ནས་ཅུང་ཟད་བསླབས་པ་དང་། ཕྱིས་སུ་དགེ་སྨོན་ལམ་རྒྱ་མཚོའི་དངོས་སློབ་དགེ་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་ཆེད་དུ་དབུ་ཅན་དང་དབུ་མེད་ཆ་ཚང་བོ་ཚར་ཁ་ཤས་ལོ་གཉིས་གསུམ་གྱི་རིང་ལ་ཕྱག་རྒྱུན་ལྟར་འབད་པས་སྦྱངས།
《ཡིག་གཟུགས་མཁས་པའི་ཕྱག་རྒྱུན》།
སྤྱི་ལོ1990ལོ་ནས་གཙོས་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་འགན་ཁུར། འདིའི་བར་སྐབས་སུ་ལྷ་སའི་སེ་ར་ཐེག་ཆེན་གླིང་གི་ཆོས་གྲྭར་འང་ཞུགས། སྤྱི་ལོ1996ལོནས་སྤྱི་ལོ2007ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་སློབ་གྲྭའི་མཚན་ཉིད་འཛིན་གྲྭ་དང་ལམ་རིམ་འཛིན་གྲྭ་གཉིས་ཀྱི་མཚན་ཉིད་དང་ལམ་རིམ་སོགས་ཆོས་ལུགས་དཔེ་ཁྲིད་དགེ་རྒན་གྱི་འགན་གཙོ་བོར་ཁུར་ཞིང་རིག་གནས་དཔེ་ཁྲིད་དགེ་རྒན་གྱི་འགན་ཡང་ཁུར། སྤྱི་ལོ2007ལོ་ནས་ད་བར་པེ་ཅིང་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་ཁང་དུ་སློབ་མ་མཐར་ཕྱིན་དམ་བཅའི་རྒྱུགས་ལེན་དང་སློབ་མ་བསྡུ་ལེན་གྱི་རྒྱུགས་ལེན། མཐོ་རམས་པའི་ཆེད་རྩོམ་དང་གནའ་དཔེ་དག་བསྒྲིགས་སོགས་ཀྱི་ལས་ཀར་འབད་བཞིན་ཡོད།
བརྩམས་ཆོས་ལ་སྤྱི་ལོ2014ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི《ཡིག་གཟུགས་མཁས་པའི་ཕྱག་རྒྱུན》དང《འདུལ་བའི་དོགས་དཔྱོད》《བསྡུས་གྲྭའི་དོགས་དཔྱོད》བཅས་དེབ་གསུམ་ཡོད།