logo

སྲོལ་རྒྱུན་འཇིམ་བཟོའི་ཕྱག་རྩལ་པ་སྐུ་ཞབས་ཕུར་བུ་ཚེ་རིང་ལགས།

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2010-12-10 ཀློག་གྲངས།:


བཟོ་རིག་པ་ལས་སྲོལ་རྒྱུན་འཇིམ་བཟོའི་ཕྱག་རྩལ་པ་སྐུ་ཞབས་ཕུར་བུ་ཚེ་རིང་།

  གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པས་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་བཟོ་རྒྱུར་མཁས་པ་ལོ་རྒྱུས་ལས་གསལ་ཞིང་།  དུས་རབས་བདུན་པའི་ནང་བོད་ལ་ནང་ཆོས་དར་འགོ་ཚུགས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་ནས་བལ་པོའི་ལྷ་བཟོ་བ་མང་པོ་གདན་དྲངས་ཏེ། ལྷ་ལྡན་གཙུག་ལག་ཁང་གི་འཕགས་པ་ཐུགས་རྗེ་ཆེན་པོ་དང་། བྲག་ལྷ་ཀླུ་སྒུག་གི་ཇོ་བོ་གཙོ་བོ་བྱས་པའི་སངས་རྒྱས་ཀྱི་སྐུ་རྟེན་མང་པོ་འབུར་བཟོའམ་འཇིམ་པ་ལས་བྱས་པ་དེས་ཀྱང་། བོད་ཀྱི་ལོ་རྒྱུས་དུས་རབས་སོ་སོའི་ནང་རང་རེའི་འཇིམ་བཟོའི་ལག་རྩལ་འདི་ཉིད་ཡོངས་སུ་དར་བ་ནས་འཐུས་སྒོ་ཇེ་ཚང་དང་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཡོད།
  ཡིན་ནའང་ཚན་རྩལ་དར་ཁྱབ་ཤིན་ཏུ་ཆེ་བའི་དུས་རབས་ཉེར་གཅིག་པ་འདིར་ཡང་རང་རེའི་སྲོལ་རྒྱུན་གྱི་རིག་གནས་དེ་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་རང་རིགས་ཙམ་མ་ཟད་འགྲོ་བ་མིའི་རིགས་ཡོངས་ཀྱི་ཁེ་ཕན་དང་འབྲེལ་ནས་ཡོད་པས། དེང་རབས་ཀྱི་རང་རེའི་ན་གཞོན་པ་ཚོས་ཚན་རྩལ་གྱིས་གཙོ་བྱས་ཏེ་དེང་དུས་ཀྱི་ཤེས་བྱ་སྦྱོང་བ་དང་ཆབས་ཅིག ནང་ཆོས་ཀྱིས་དམངས་གཞིར་གྱུར་བའི་རང་རེའི་སྲོལ་རྒྱུན་རིག་གནས་དག་ལ་ཡང་སྦྱངས་པ་དགོས་པ་ནི། བྱ་ལ་འདབ་ཤོག་གཉིས་དང་ལྡན་ན་གཞི་ནས་ནམ་འཕང་སྤྱོད་ཐུབ་པའི་གནས་ལུགས་ལྟར། རང་ཅག་བོད་མི་ལའང་གནའ་དེང་གཉིས་ཀྱི་རིགས་གཞུང་ཡོད་ན་ད་གཟོད་དུས་རབས་དང་འཚམ་པའི་བོད་མི་རིགས་མཚན་ཉིད་ཚང་བ་ཞིག་ཏུ་འགྱུར་ཐུབ་པ་དང་།  ལྷག་པར་རིགས་གཅིག་རྐང་འཛིན་ནམ་རིགས་གཅིག་མཁས་པ་ནི་དེང་གི་སྤྱི་ཚོགས་འདིར་དགོས་མཁོ་ཤིན་ཏུ་ཆེ་བས་ཀུན་གྱིས་མཐོང་ཆེན་བྱས་ཏེ།  བོད་ཀྱི་སྤྱི་ཚོགས་དང་དཔལ་ཡོན་གཉིས་གོང་འཕེལ་ཡོང་རྒྱུར་ནུས་པ་གལ་ཆེན་ཞིག་ཐོན་ཐུབ་ངེས།
  དེ་བཞིན་བོད་ཀྱི་སྲོལ་རྒྱུན་འཇིམ་བཟོའི་ཕྱག་རྩལ་པ་སྐུ་ཞབས་ཕུར་བུ་ཚེ་རིང་ལགས་ལྟ་བུར་མཚོན་ན། ལག་རྩལ་དེ་ཉིད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ལ་ཐུགས་བརྩོན་ཆེན་པོས་ཉེ་རབས་རྒྱལ་བའི་སྐུ་རྟེན་ཉམས་གསོ་དང་། གསར་བཞེངས་ཐད་ལ་མཛད་རྗེས་མི་དམན་པ་འཇོག་གནང་མུས་ཡིན་པ་ས་སྟེང་ཀུན་ཏུ་ཡོངས་སུ་གྲགས།
  དེ་ཡང་སྐུ་ཞབས་ཕུར་བུ་ཚེ་རིང་ལགས་ནི་སྤྱི་ལོ་༡༩༧༠ལོར་དབུས་ལྷ་སའི་བྱང་ཤར་འཕན་ཡུལ་ནཱ་ལེནྡྲ་དགོན་པའི་ཉེ་འདབས་གང་དགའ་ལྷོ་པ་ཞེས་པའི་དུད་ཁྱིམ་ཞིག་ཏུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་གྲོང་ཚོའི་སློབ་ཆུང་དུ་བཞུགས་ནས་བོད་ཡིག་དབྱངས་གསལ་བྲིས་ཀློག་དང་། རྒྱ་ཡིག་གི་དམངས་གཞི། ཨང་རྩིས་སོགས་སྦྱང་པ་དང་། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་མཁས་གྲུབ་དུ་མའི་གདན་ས་འཕན་ཡུལ་ནཱ་ལེནྡྲ་དགོན་པར་ཆོས་བཞུགས་གནང་བ་དང་། རིམ་བཞིན་དགོན་པའི་ཚོགས་འདོན་ཆོས་སྤྱོད་ཁག་བློ་འཛིན་རྒྱུགས་སྤྲོད་ཟིན་རྗེས་ལོ་དེ་རང་ལ་དགོན་པ་ནས་ཁོང་དང་སྐུ་ཞབས་འཇམ་དཔལ་ལགས་གཉིས་དགོན་པ་ཉམས་གསོའི་དགོས་མཁོར་ཆེར་དམིགས་ལྷ་སར་འཇིམ་བཟོའི་ལག་རྩལ་ཐད་མཚན་སྙན་ཤིན་ཏུ་ཆེ་བའི་ལྷ་ལྡན་བན་རྩ་ཟུར་པའི་འཇིམ་བཟོ་ཆེན་མོ་བ་སྐལ་བཟང་སྟོབས་རྒྱལ་ལགས་ཀྱི་གམ་དུ་འཇིམ་བཟོའི་ལག་རྩལ་སྦྱོང་བར་མངགས།
  ལྷ་སར་སླེབས་རྗེས་དགེ་རྒན་བཟང་པོའི་རྗེས་སུ་འབྲངས་ཏེ་དགོན་པ་དང་དགེ་རྒན་གྱི་ཐུགས་རེ་ཆུད་ཟོས་སུ་མ་བཏང་བར་རྒྱལ་བའི་སྐུ་དང་དཀྱིལ་འཁོར་གྱི་ཐིག་རྩ་རྣམས་བློ་འཛིན་དང་། ལག་རྩལ་ཁག་ལ་འབད་བརྩོན་ལྷོད་མེད་གནང་སྟེ། དགེ་སློབ་ལྷན་རྒྱས་དང་བཅས་པ་དུས་ཡུན་ལོ་བཅོ་བརྒྱད་ཙམ་རིང་དབུས་ལྷ་ལྡན་གཙོ་བོར་གྱུར་བའི་དགོན་སྡེ་མང་པོར་སྐུ་རྟེན་ཉམས་གསོ་དང་། གསར་བཞེངས་སོགས་གནང་བར་ཕེབས་ཏེ།འཇིམ་བཟོའི་ལག་རྩལ་ཡོངས་སུ་རྫོགས་པ་ཁོང་དུ་ཆུད་པའི་བདེན་རྟགས་སུ་བན་རྩ་ཟུར་པའི་རྒན་ལགས་ནས་ཀྱང་སློབ་མ་མཐར་ཕྱིན་པའི་ལག་ཁྱེར་གནང་ཡོད་པ་མ་ཟད་སྲོལ་རྒྱུན་འབུར་སྐུའི་ཆ་ཚད་དང་ལྡན་ཞིང་། མཇལ་སྤྲོ་བ། དམིགས་བསལ་སྐུ་རྟེན་ཆེ་གྲས་ཐོག་རྩེགས་མ་དེ་རིགས་བཞེངས་རྒྱུར་མངའ་བརྙེས་པའི་ཡོན་ཏན་ལྡན་ཡོད།  དགེ་རྒན་དམ་པ་དགོངས་པ་རྫོགས་རྗེས་ཁོང་གིས་དགེ་ཕྲུག་བརྒྱད་ཁྲིད་དེ་བོད་དབུས་གཙང་གཉིས་ཀྱི་གཙོ་བྱས་པའི་མདོ་ཁམས་ཡུལ་གྲུ་མང་པོར་སྐུ་རྟེན་བསྐྱར་བཞེངས་གནང་དང་གནང་མུས་ཡིན་པ་འདི་ལྟ་སྟེ། འཕན་ཡུལ་ཀླུ་རྒྱལ་དགོན་དུ་གསང་བདེ་འཇིགས་གསུམ་གྱི་གཙོས་ཡིད་དམ་ཁག་དང་། ལྷ་མགོན་ཆོས་གསུམ་གྱི་གཙོས་ཆོས་སྲུང་ཁག་གི་སྐུ་རྟེན་བཞེངས་པ། འཕན་ཡུལ་ནཱ་ལེནྡྲ་དགོན་པར་རྒྱལ་བ་བྱམས་པ་དང་། སློབ་དཔོན་ཐོག་བརྩེགས་མ། འཕན་ཡུལ་རྒྱལ་སྟོད་དགོན་དུ་སྨན་བླ་བདེ་གཤེགས་བརྒྱད་དང་ཆོས་སྲུང་ཁག  གོང་དཀར་སྐྱིད་གཤོང་རྭ་སྨད་དགོན་དུ་བླ་མ་ཡིད་དམ་ཆོས་སྲུང་ཁག་གི་སྐུ་རྟེན།  རྣམ་རབས་དྭགས་པོ་གྲྭ་ཚང་དུ་མཁན་སློབ་ཆོས་གསུམ་གྱི་སྐུ་རྟེན་ཐོག་བརྩེགས་མ།   དོལ་གོ་ལྕེ་དཔལ་འབར་དགོན་དུ་སློབ་དཔོན་པདྨ་དང་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།ནག་ཆུ་ཟབ་མོ་དགོན་དུ་མཁན་སློབ་ཆོས་གསུམ་དང་གུ་རུ་མཚན་བརྒྱད།  རྟག་ན་དགོན་དུ་རྒྱལ་བ་རིགས་ལྔ།  ཁམས་དཀར་མཛེས་དར་རྒྱས་དགོན་གྱི་རྟེན་གཙོ་རྒྱལ་བ་བྱམས་པ་དང་ཉེ་བའི་སྲས་བརྒྱད། རྟ་མགྲིན། ཕྱག་རྡོར།ལྷུན་རྩེ་རྫོང་ཁོངས་ཙ་རི་རྩེ་ལི་དགོན་དུ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་འདྲ་ཐོག་བརྩེགས་གསུམ་ཅན་གསར་བཞེངས་མཛད་པ་དང་། དེ་བཞིན་ཕོ་བྲང་པོ་ཏ་ལ་སོགས་ལ་སྐུ་རྟེན་རྙིང་པ་ཉམས་གསོ་མཛད་པ་རྣམས་ལ་ཀུན་གྱིས་ཆེ་བསྟོད་དང་དད་པའི་ཡུལ་དུ་གྱུར་ཡོད་པ་བཅས།
  མདོར་ན་ཁོང་ཉིད་ནས་སྲོལ་རྒྱུན་འཇིམ་བཟོའི་ལག་རྩལ་མི་ཉམས་གོང་ཕེལ་ཡོང་སླད་དང་ལྷག་པར་ལྷ་ལྡན་བན་རྩ་ཟུར་པའི་ཕྱག་རྩལ་འདི་ཉིད་རྒྱུད་འཛིན་བྱེད་ཆེད་བསྟན་པ་ངག་དབང་དང་།བསྟན་འཛིན།དབང་ཆེན།ལྷག་པ་ཚེ་རིང་།རྒྱལ་མཚན།པ་སངས་ནོར་བུ།སྐལ་བཟང་རྒྱལ་མཚན།བློ་བཟང་རྒྱལ་མཚན།དབང་འདུས།ཟླ་གྲགས་སོགས་སློབ་མ་གང་མང་གསོ་སྐྱོང་གནང་དང་གནང་མུས་ཡིན་པ་བཅས་སོ།།


འབྲེལ་ཡོད་འོས་སྦྱོར།