༄༅། །མིང་དུ་གྲགས་པའི་རལ་པའི་རྒྱལ་མོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2019-12-13
ཀློག་གྲངས།:
“རལ་པའི་རྒྱལ་མོ”ཚེ་སྐྱིད་ཡིན།
མིས་རྔ་རྡུང་ཞིང་རྔ་མི་ལ་འཁྱུད་པ་སྟེ། རྔ་རྡུང་ཞིང་བྲོ་འཁྲབ་པའི་སྒྱུ་རྩལ་འདིའི་ཁྲོད་ནས། ཚེ་སྐྱིད་ཀྱིས་རལ་པའི་རྔ་བོ་ལག་ཏུ་བསྣམས་ཚེ། རང་ཉིད་ཀྱི་རལ་པའི་ཞིང་དུ་འགྲིམས་ནས་སྤྲོ་དགའི་དཔལ་ལ་ཅི་དགར་རོལ་བར་བྱེད།རྔ་སྒྲ་ལྷང་ལྷང་སྒྲོག་བཞིན་དུས་བཞི་ཁོར་མོ30ངང་གིས་འདས། ལོ་ཟླ་འདི་དག་གི་རིང་ལ། ཁོ་མོས་མི་རིགས་ཀྱི་རལ་པའི་སྒྱུ་རྩལ་ནང་བྱན་ཆུད་པར་སྦྱངས་ཤིང་། མི་རིགས་ཀྱི་རལ་པའི་སྒྱུ་རྩལ་འདི་ཉིད་གྲ་མ་ཉམས་ཟུར་མ་ཆག་པར་གར་གྱི་ཉམས་འགྱུར་རྫོགས་པར་བྱས་ཏེ། བོད་མི་ཀུན་གྱིས་ཤེས་པའི“རལ་པའི་རྒྱལ་མོར”གྱུར་ཡོད།
ཚེ་སྐྱིད་ཀྱིས་ཆུང་དུས་ནས་ཞབས་བྲོ་ལ་དགའ་ཞེན་ཆེན་པོ་བྱེད་ཀྱིན་ཡོད་ལ། ལོ་ཆུང་བྱིས་པའི་དུས་ནས་བཟུང་གར་གྱི་སྟངས་སྟབས་བསླབ་མ་ཐག་ནས་ཤེས་འགྲོ་བ་དང་གར་ལ་དགའ་བའི་རྐྱེན་གྱིས་སྐྱེ་བ་ འདི་ལ་གར་མ་ཞིག་བྱེད་པའི་ཕུགས་འདུན་ངང་གིས་སྐྱེས། 1982ལོར། ལོ་ན13ལ་སླེབས་པའི་ཚེ་སྐྱིད་དམའ་རིམ་སློབ་འབྲིང་ནས་ཐོན་རྗེས། ཕ་མར་གསང་ནས་ཆབ་མདོ་ས་ཁུལ(ད་ལྟ་ཆབ་མདོ་གྲོང་ཁྱེར)གྱི་རིག་རྩལ་ཚོགས་པའི་སློབ་མ་བསྡུ་བའི་ཡིག་རྒྱུགས་ནང་ཞུགས་པ་དང་། རང་གི་ཕུལ་དུ་བྱུང་བའི་འཇོན་ཐང་ལ་བརྟེན་ནས་བདེ་བླག་ངང་ཡིག་ཚད་ལོན་པ་རེད། ཞབས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད་པའི་དབང་གིས། ཚེ་སྐྱིད་ཀྱིས་གསང་སྟབས་ཀྱི་ཡིག་ཚད་ནང་ཞུགས་ཤིང་། མོས་ཨུ་ཚུགས་མཐའ་སྐྱེལ་བྱས་པས་མཐར་ཕ་མ་གཉིས་ཀྱིས་ཀྱང་མོའི་ཁ་ཐོག་ལ་མི་འཇོག་ཀ་མེད་གྱུར། དུས་དེ་ནས་བཟུང་། ཚེ་སྐྱིད་གར་མའི་འཚོ་བའི་ལམ་ཁར་བསྐྱོད་པ་རེད།
རྩལ་སྦྱོང་ཚོམས་ཆེན་ནང་སླེབས་སྐབས། མེ་ལོང་མདུན་གྱི་རལ་པའི་རྔ་རྙིང་དེས་ཚེ་སྐྱིད་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། མོ་ཕར་རྒྱུགས་ནས་རལ་པའི་རྔ་བོ་དེ་ལག་ཏུ་བཟུང་མ་ཐག་དེ་སྔོན་བལྟས་མྱོང་བའི་རལ་པའི་སྟངས་སྟབས་སྣ་ཚོགས་ཏེ་ལན་རེར་སྒེག་ཉམས་སྟོང་གིས་ཕྱུག་ཅིང་ལན་རེར་སྟོབས་ཤུགས་ཀྱིས་ཁེངས་པ་སེམས་ཀྱི་སྤྲོ་སྣང་ཉམས་སུ་རྫོགས་པའི་གར་མའི་སྣང་བརྙན་དག་མོའི་མིག་ལམ་ལ་བརྙན་རིས་བཞིན་དུ་འཆར་བྱུང་།
“སྤྲོ་སྣང་རབ་ཏུ་རྒྱས་ཤིང་ཉམས་འགྱུར་རྩལ་གྱིས་རྫོགས་པའི་ཞབས་བྲོ་འདི་ལྟ་བུས་ད་གཟོད་རང་ཉིད་ཀྱི་ཡིད་འགྱུར་སྣ་ཚོགས་ལུས་ངག་གི་ཉམས་སུ་མངོན་ཐུབ།”ཚེ་སྐྱིད་ཀྱིས་རལ་པའི་རྔ་དེ་ལག་ཏུ་བཟུང་ནས་ས་ལ་འཇོག་འདོད་མ་སྐྱེས་ཤིང་། སེམས་སུ་ངེས་པར་དུ་རལ་པའི་ཞབས་བྲོ་བྱང་ཆུབ་པ་ཞིག་སྦྱོང་རྒྱུའི་སེམས་ཐག་་བཅད།
སྐབས་དེ་དུས་ཆ་རྒྱུས་མེད་པའི་ཁོ་མོས་རང་ཉིད་ཀྱི་མི་ཚེ་འདི་དང་་རལ་པའི་ཞབས་བྲོ་བར་འབྲེལ་བ་གལ་ཆེན་ཞིག་ཡོང་རྒྱུ་ཡིན་པ་བསམ་བློར་འཁོར་མྱོང་མེད།
དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ། རལ་པའི་ཞབས་བྲོ་ནི་གཙོ་བོ་སྒྱུ་རྩལ་ལ་བརྟེན་ནས་འཚོ་རྟེན་འཚོལ་བའི་དམངས་ཁྲོད་ཞབས་བྲོ་ཞིག་ཡིན་པ་དང་། དྲིལ་བུ་དང་རྔ་སྒྲ་གཙོར་བྱས་ཏེ་གཞས་གཏོང་ཞིང་རྩེད་མཚར་སྣ་ཚོགས་དང་། རྩ་རླུང་། རལ་པའི་ཟློས་གར་བཅས་གཞི་གཅིག་ལ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན་པས། རིག་རྩལ་ཚོགས་པའི་ཁྲོད་ནས་མ་ལག་ཆ་ཚང་བའི་རལ་པའི་ཞབས་བྲོ་ཞིག་སྦྱོང་རྒྱུར་དཀའ་ལས་ཁག་པོ་ཡོད།
1988ལོ་ནི་ཚེ་སྐྱིད་ལ་མཚོན་ན་དགའ་སྐྱོ་འདྲེས་མའི་ལོ་ཞིག་སྟེ། དུས་ད་ལྟའང་ཁོ་མོའི་སེམས་སུ་ལྷང་ངེར་འཆར་བཞིན་འདུག“དགའ་བ”ནི་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན། སྔོག་འདོན་བཅས་བྱེད་པའི་སྲིད་ཇུས་སྤེལ་ཏེ། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་རྩ་འཛུགས་བྱས་པའི་མི་སྣ་རྣམས་ཚོ་ཆུང་བཞིར་བགོས་ནས་སྐོར་བྲོ་དང་པི་ཝང་། རལ་པ། གླིང་སྒྲུང་བཅས་ཀྱི་དམངས་ཁྲོད་རིག་གནས་འཚོལ་བསྡུ་དང་མྱུར་སྐྱོབ་བྱེད་པའི་ལས་དོན་སྤེལ། དེ་ལས་ཚེ་སྐྱིད་ཀྱིས་རལ་པའི་ཞབས་བྲོ་དང་དམངས་ཁྲོད་རལ་པའི་ཞབས་བྲོར་ཐག་ཉེ་ས་ནས་འབྲེལ་འདྲིས་བྱེད་པའི་གོ་སྐབས་བྱུང་།“སྐྱོ་བ”ནི་རང་ཉིད་ཀྱི་གཅེན་མོ་དོན་རྐྱེན་ཞིག་ལས་སྟབས་མ་ལེགས་པར་ཚེ་ལས་འདས་པ་ཡིན།
བོད་རིགས་ལ་གཉེན་ཉེ་འདས་རྗེས་དགུང་ཞག་ཞེ་དགུའི་རིང་གླུ་ལེན་གར་རྩེད་ཅི་ཡང་མི་ཆོག་པའི་སྲོལ་ཡོད་སྟབས། སྐབས་དེ་དུས་ཚེ་སྐྱིད་ཀྱི་སྡུག་བསྔལ་སངས་མེད་ཀྱང་རྟོག་ཞིབ་ཚོ་ཆུང་འཕྲལ་མར་ལམ་ལ་ཆས་དགོས་པས་རང་ཉིད་ཅི་བྱ་གཏོལ་མེད་དུ་གྱུར། མཐར་ཚེ་སྐྱིད་ཀྱིས་མིག་ཆུ་ཤོར་བཞིན་རལ་པའི་རྟོག་ཞིབ་ཚོ་ཆུང་དང་མཉམ་དུ་དམངས་ཁྲོད་དུ་བསྐྱོད་དེ། རལ་པའི་དཔྱད་གཞི་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ་དམངས་ཁྲོད་ཀྱི་རལ་པ་རྣམས་ལ་བཅར་འདྲི་མང་པོ་བྱས།
དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཚོས་གནམ་སྔོན་པོ་དང་རྩྭ་ཐང་རྒྱབ་ལྗོངས་སུ་བྱས་ཏེ་བརྗིད་ཉམས་དང་ལྡན་པའི་རལ་པའི་འཁྲབ་སྟོན་རྣམས་མཐོང་སྐབས། ཚེ་སྐྱིད་ལ་སླར་ཡང་སེམས་འགུལ་ཐེབས་པ་དང་། ཁོ་མོས་ཧུར་བརྩོན་གྱིས་ཉམས་འགྱུར་མི་འདྲ་བའི་རལ་པའི་ཞབས་བྲོ་འདི་དག་སློབ་རྒྱུའི་སེམས་ཐག་བཅད།
ཕུགས་འདུན་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན་ཡང་། དམངས་ཁྲོད་ཀྱི་རལ་པའི་ཉམས་འགྱུར་མ་ལུས་པར་ཤེས་རྒྱུ་ནི་དེ་འདྲའི་ལས་སླ་བ་ཞིག་ག་ལ་ཡིན། དམངས་ཁྲོད་རལ་པའི་རུ་ཁག་ནི་སྤྱིར་བཏང་ཁྱིམ་རྒྱུད་ལྟེ་བར་འཛིན་པ་མ་ཟད། རལ་པའི་སྒྱུ་རྩལ་པ་རྒན་གྲས་ཚོར་“ཕོ་ལས་མོ་ལ་མི་ཁྲིད་པ”དང་། “ནང་ཁུལ་ལས་ཕྱི་རོལ་ལ་མི་བརྒྱུད་པའི”སྲོལ་ཡོད། དེ་ཡང་རལ་པ་ཞབས་བྲོའི་སྲོལ་རྒྱུན་གྱི་སྟངས་སྟབས་དང་གཞས་གདངས་ཤེས་ཆེད། ཚེ་སྐྱིད་ཀྱིས་དམངས་ཁྲོད་སྒྱུ་རྩལ་པ་ཚོ་དང་མཉམ་ཟ་མཉམ་སྡོད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་མ་ཟད། ཁོ་ཚོའི་མཉམ་དུ་གང་སར་འཁྲབ་སྟོན་བྱས་ནས་དམངས་ཁྲོད་ཀྱི་རལ་པ་ཉམས་ལེན་དང་ཚོད་ལྟ་བྱས་པ་རེད།
མཇུག་མཐར། ལོ་ན་19ལ་སླེབས་པའི་ཚེ་སྐྱིད་ཀྱིས་རལ་པའི་སློབ་སྦྱོང་རྒྱུན་འཁྱོངས་བྱས་མཐར་བཀྲ་ཤིས་ཆོས་སྒྲོན(ད་ལོར་ལོ་87ལ་སླེབས་པའི་སྟེང་ཆེན་ཁང་གསར་རལ་པའི་མི་རབས་བརྒྱད་པའི་རྒྱུན་འཛིན་པ)ཡིད་འཐད་བྱུང་དུ་བཅུག་ཅིང་། དེ་ནས་བཟུང་ཚེ་སྐྱིད་ཀྱིས་བཀྲ་ཤིས་ཆོས་སྒྲོན་དགེ་རྒན་དུ་བསྟེན་ནས་རལ་པའི་ཞབས་བྲོ་ལ་ཕྱོགས་ཡོངས་ནས་སྦྱོང་འགོ་ཚུགས།
ལོ་ཟླའི་འཁོར་བསྐྱོད་ཀྱི་འགྲོས་དང་བསྟུན་ནས་ཚེ་སྐྱིད་ཀྱི་རྐང་རྗེས་ཆབ་མདོ་ས་ཁུལ་གྱི་ཁུལ་དང་རྫོང་། ཡུལ་ཚོ་བཅས་ཡོངས་སུ་ཁྱབ་ཅིང་། དམངས་ཁྲོད་ཀྱི་རལ་པའི་སྒྱུ་རྩལ་པ་རྒན་གྲས་གྲངས་ལས་འདས་པར་བསྟེན་ནས་སྔ་རྗེས་སུ་ཉམས་འགྱུར་མི་འདྲ་བའི་རལ་པ་རིགས་10ལྷག་འཚོལ་སྡུད་དང་ཕྱོགས་བསྡོམས་བྱས་པ་རེད།
རལ་པའི་སྒྱུ་རྩལ་དེ་སྔོན་གྱི“ཡུལ་གྱར་སྒྱུ་རྩལ”ནས“གར་སྟེགས་ཆེན་པོའི”སྟེང་དུ་སླེབས་པ་དང་། དེ་ནས་ད་ཆའི་རིག་ཚན་རིག་གནས་ཤིག་ཏུ་གྱུར། འདི་ལ་ཚེ་སྐྱིད་ཀྱིས་རང་གི་མི་ཚེའི་ལང་ཚོ་ཡོངས་སུ་བཏང་ནས་རལ་པའི་རྒྱུན་འཛིན་དང་འཕེལ་རྒྱས་ལ་ལམ་ཁ་གསར་པ་གཏོད་པ་ཡིན།
“རལ་པའི་ཞབས་བྲོ་འདི་ཉིད་ཅིས་ཀྱང་མཐོ་སྒང་ནས་ཐོན་ཏེ་གར་སྟེགས་དེ་བའི་ཆེན་པོའི་ཐོག་བུད་དེ། ལྟད་མོ་བ་སྔར་བས་མང་པོ་ལ་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ཞབས་བྲོའི་སྒྱུ་རྩལ་ལ་རོལ་མྱོང་བྱེད་དུ་འཇུག་དགོས།”ཕུགས་བསམ་དེ་འདྲ་བཅངས་ནས་སྒྱུ་རྩལ་བྱང་བར་བསླབས་པའི་ཚེ་སྐྱིད་ཀྱིས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་བཞིན་དུ་རང་ཉིད་ཀྱིས་རལ་པའི་ཞབས་བྲོའི་བརྩམས་ཆོས་གསར་རྩོམ་བྱེད་འགོ་ཚུགས།
1990ལོ་ནས་བཟུང་ཚེ་སྐྱིད་ཀྱིས《ཁམས་རྔས་དཔྱིད་དཔལ་བསུ》དང《ཤར་བོད་རྔ་འགྲན》སོགས་ཀྱི་ལེ་ཚན་སྔ་རྗེས་སུ་ཨ་རི་དང་ཏེན་མེག འཇར་པན་སོགས་རྒྱལ་ཁབ་10ལྷག་ལ་འཁྲབ་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་པས། ཕྱི་རྒྱལ་གྱི་གྲོགས་པོས“ཀྲུང་གོའི་རྩེ་གྲ”ཞེས་བསྔགས་བརྗོད་བྱས་པ་རེད།
“རལ་པའི་ཞབས་བྲོ་ཡང་དེ་ནས་བཟུང་ཞིང་གྲོང་གི་སྒྱུ་རྩལ་ནས་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་པ་དང་། རང་ཉིད་ཀྱིས་དེ་ལ་ནུས་ཤུགས་ཡོད་རྒུ་བཏོན་པ་དྲན་ཚེ་ཐོབ་སྣང་ཆེན་པོ་སྐྱེས་ཀྱིན་ཡོད།”ཚེ་སྐྱིད་ཀྱིས་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་སྐབས་ལྟད་མོ་བ་རྣམས་ཡར་ལངས་ནས་ཐལ་མོ་ཤུགས་ཀྱིས་རྡེབ་པའི་སྐད་ཅིག་དེ་ཉིད་ལ་རང་ཉིད་དགའ་བའི་མིག་ཆུ་འཁོར་ཡོང་ཞེས་བཤད།
ལོ20ཡི་འཁྲབ་སྟོན་གྱི་རྗེས་སུ། 2001ལོར་ལོ་ན་31ལ་སླེབས་པའི་ཚེ་སྐྱིད་ཀྱིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་ལོ4ལ་སློབ་སྦྱོང་བྱས་རྗེས་སློབ་གྲྭ་དེ་ག་ནས་དགེ་རྒན་བྱས་པ་དང་། ཚེ་སྐྱིད་ཀྱིས་རལ་པའི་ཞབས་བྲོ་ཡང་གར་སྟེགས་ནས་ཁྲེ་ཙེ་གསུམ་ཅན་གྱི་ཁྲིད་སྟེགས་སུ་སླེབས་པ་རེད།
སློབ་སྦྱོང་ནས་དགའ་ཞེན་དང་། དགའ་ཞེན་ནས་ཚེ་གང་བོར་ཁྱབ་གདལ་དང་དར་སྤེལ་གཏོང་བར་འབད་ཅིང་། རང་ཉིད་ཀྱི་འཁྲབ་སྟོན་ལག་ལེན་ནས་ཞབས་བྲོའི་སློབ་ཁྲིད་འཚོལ་ཞིབ་བར་ཚེ་སྐྱིད་ཀྱིས་རང་གི་ཡོད་ཚད་རལ་པའི་ཞབས་བྲོ་དང་རལ་པའི་སློབ་ཁྲིད་ལ་ཕུལ་ཡོད།
ལོ་མང་རིང་སློབ་ཁྲིད་བྱས་པ་བརྒྱུད། ཚེ་སྐྱིད་ཀྱིས་སྲོལ་རྒྱུན་གྱི་རལ་པའི་རྔ་མཚམས1དང་། 3དང་། 6དང་། 9བཅས་ཀྱི་རྨང་གཞིའི་ཐོག་གསར་གཏོད་རང་བཞིན་གྱི་སྒོ་ནས་རྔ་རྡུང་སྲོལ56ལ་ཞིབ་འཇུག་གསར་གཏོད་བྱས་པར་མ་ཟད། དེར“ཚེ་སྐྱིད་ཀྱི་རྔ”ཞེས་མིང་བཏགས་པ་དང་། ཕྱིས་སུ་རྔ་རྡུང་སྲོལ་112གསར་གཏོད་བྱས་པ་རེད། གསར་གཏོད་དེ་དག་གིས་གནའ་བོའི་རལ་པའི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་བསྣན་ནས། གནའ་བོའི་རལ་པའི་སྔར་ཡོད་སྒྱུ་རྩལ་གྱི་ཁྱད་ཆོས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་དགོས་མཁོ་དང་བསྟུན་པས་སྔར་ལས་ལྷག་པའི་སྒོ་ནས་རལ་པའི་ཞབས་བྲོ་དང་ལེན་བྱེད་ཐུབ་ཏུ་བཅུག་ཡོད།
《བོད་ཀྱི་རལ་པ་གར་མའི་རྔ་རྩལ》ཞེས་པའི་དཔེ་ཆ།
2019ལོའི་ཟླ་5པར། ལོ་མང་གར་སྟེགས་ཐོག་གི་ལག་ལེན་ཉམས་མྱོང་དང་སློབ་ཁྲིད་ཉམས་མྱོང་ཟུང་དུ་སྦྲེལ་ནས་རྩོམ་སྒྲིག་བྱས་པའི《བོད་ཀྱི་རལ་པ་གར་མའི་རྔ་རྩལ》ཞེས་པ་དཔེ་སྐྲུན་བྱས་ཤིང་། དཔེ་དེབ་འདི་ཉིད་པར་སྐྲུན་བགྱིས་པ་ལས་རལ་པའི་སྒྱུ་རྩལ་ངག་ཁྲིད་བྱེད་པའི་སློབ་ཁྲིད་བྱེད་ཐབས་བསྒྱུར་ཏེ་རལ་པའི་དར་སྤེལ་གྱི་ལམ་སྲོལ་གསར་པ་ཕྱེས། ཚེ་སྐྱིད་ཀྱི་སེམས་ཤུགས་ཡོད་རྒུ་བསྟིམས་པའི་བརྩམས་ཆོས་དེས། སྒྱུ་རྩལ་སློབ་གླིང་གི་རལ་པ་ཞབས་བྲོའི་སློབ་ཁྲིད་ཀྱི་སྟོང་ཆ་བསྐངས་ནས། རལ་པའི་ཞབས་བྲོ་ལ་དགའ་ཞེན་ཆེ་བའི་ལས་དང་པོ་བ་རྣམས་ཀྱི་བསླབ་དཔེ་ཡག་ཤོས་སུ་གྱུར། ད་ལྟ། ཚེ་སྐྱིད་ནི་དགེ་རྒན་ཞིག་ཡིན་པ་མ་ཟད། ད་དུང་རལ་པ་ཞབས་བྲོ་དར་སྤེལ་གཏོང་མཁན་ཡང་ཡིན། པེ་ཅིང་ཞབས་བྲོ་སློབ་གླིང་སོགས་ནང་སའི་སྒྱུ་རྩལ་སློབ་གླིང་20ལྷག་གི་གདན་ཞུས་སློབ་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཁོང་མོ་རྒྱུན་པར་ནང་སར་སློབ་ཁྲིད་ལ་ཕེབས་ཀྱིན་ཡོད་ལ། ཁོང་མོས་རྩོམ་སྒྲིག་བྱས་པའི་བསླབ་དེབ་ཀྱང་རྒྱལ་ཡོངས་ཀྱི་སྒྱུ་རྩལ་སློབ་གླིང་མང་པོ་ཞིག་ལ་ཁྱབ་ཡོད་པ་རེད།
ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཚེ་སྐྱིད་ཀྱིས་སྔ་རྗེས་སུ་སློབ་མ་ཁྲི་ལྷག་ཙམ་གསོ་སྐྱོང་བྱས་ཤིང་། ཁོ་མོས་གསར་རྩོམ་བྱས་པའི《ཉི་མའི་རྔ་ཆེན》དང་《རལ་གསར་མ》《བོད་ལྗོངས་རྔ་བྲོ》སོགས་རལ་པའི་བརྩམས་ཆོས་30ལྷག་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ཆེན་མོའི་ཐོག་ནས་བྱ་དགའ་དང་མཚན་སྙན་མང་པོ་ཐོབ་ཡོད།
འཁྲབ་སྟོན་པ་ནས་རྩོམ་སྒྲིག་པ་དང་། དེ་ནས་དགེ་རྒན་བྱེད་པའི་ཁྲོད། ཚེ་སྐྱིད་ཀྱིས་རལ་པའི་སྒྱུ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད།
2016ལོའི་ལོ་མཇུག་ཏུ། དགུང་ལོ་80ལྷག་ཙམ་ལ་སླེབས་པའི་འགྲེས་སོང་བཀྲ་ཤིས་ཆོས་སྒྲོན་གྱིས་རང་ཉིད་ཀྱིས་དུས་རབས་ཕྱེད་ཀ་ཞིག་ལ་བཟུང་བའི་རལ་པའི་རྔ་དེ་ཚེ་སྐྱིད་ལ་སྤྲད་པ་དང་། ཚེ་སྐྱིད་ཀྱིས་རལ་པའི་སྒྱུ་རྩལ་མུ་མཐུད་ནས་རྒྱུན་འཛིན་དང་དར་འཕེལ་གཏོང་རྒྱུའི་རེ་བ་བཅངས་བཞིན་ཡོད།
མིག་སྔར། རལ་པའི་རིག་གནས་དང་འབྲེལ་བ་ཡོད་པའི་དཔྱད་གཞི་མང་པོ་ཞིག་ད་དུང་ལེགས་སྒྲིག་དང་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ཚེ་སྐྱིད་ཀྱིས་རང་གི་བུ་མོར་རང་ཉིད་ཀྱི་བྱ་གཞག་རྒྱུན་འཛིན་བྱེད་དུ་བཅུག་ནས་རང་ཉིད་ཀྱི་ཚེ་གང་རིང་སྒྲུབ་མི་ཐུབ་པའི་བྱ་བ་བསྒྲུབ་ཏུ་བཅུག་སྟེ་རལ་པའི་སྒྱུ་རྩལ་སྔར་བས་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་བཤད།
2019ལོའི་ཟླ་9པའི་ཚེས་6ཉིན། བོད་རང་སྐྱོང་ལྗོངས་ཀྱིས་སྐུ་གདུང་ཞལ་འདེབས་དང་ལེན་ས་ཚིགས་ཀྱི་ཐོག་མའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་གཤག་བཅོས་ཚོད་ལྟ་ཁང་དུ་བདེ་བླག་ངང་གཉེར་ཅིང་། དེས་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་སྐུ་གདུང་ཞལ་འདེབས་ཐོ་འགོད་བསྡུ་ལེན་ས་ཚིགས་དང་པོ་དེ་དངོས་སུ་བཙུགས་པ་མཚོན་ཡོད།
“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང”བའི་དེང་རབས་“བོད་ཀྱི་རལ་པའི་རྒྱལ་མོ”ཞེས་སུ་གྲགས་པའི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་ཚེ་སྐྱིད་ལགས་ཀྱིས་དང་བླངས་ཐོ་འགོད་བྱས་པ་དང་། དེ་ནི་བོད་ལྗོངས་སློབ་ཆེན་གྱི་མི་ལུས་ཞལ་འདེབས་ཕུལ་བའི་དང་བླངས་པ་དང་པོར་གྱུར་ཡོད།
རྒྱུས་མངའ་བའི་རྔ་སྒྲ་སླར་ཡང་གྲག་བྱུང་། ཚེ་སྐྱིད་ཀྱིས་རྔ་རྡུང་ཞིང་གར་འཁྲབ་བཞིན་བོད་ཤར་རྒྱུད་ཀྱི་བུད་མེད་ཚོའི་སྒེག་ཉམས་སྟོང་གིས་ཕྱུག་ཅིང་སྤྲོ་བས་ཡོངས་སུ་བརྟས་པའི་གར་མའི་ཉམས་འགྱུར་ངོམ་བྱུང་།
ཚེ་སྐྱིད། ནི་རལ་བའི་གར་མ་ཞིག་སྟེ་མི་རིགས་ཀྱི་རིག་གནས་ཁྱད་གདལ་གཏོང་མཁན་གྱི་ཕོ་ཉ། མོ་ནི་ལྷན་སྐྱེས་ཀྱི་གར་མ་ཞིག་དང་། མི་དམངས་ཀྱི་སྒྱུ་རྩལ་པ་ཞིག་གོ །
འབྲེལ་ཡོད་འོས་སྦྱོར།