༄༅། །བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་དགེ་རྒན་རྣམ་རྒྱལ་གྱི་ལོ་རྒྱུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-27
ཀློག་གྲངས།:
དགེ་རྒན་རྣམ་རྒྱལ་ཐོག་མར་དྭགས་པོ་གླང་ཞེས་པར་སྤྱི་ལོ༡༨༨༤ལོར་ཤིང་མཁན་དབུལ་པོ་ཞིག་གི་ཁྱིམ་ཚང་དུ་སྐྱེས་པ་དང་། ཕ་མ་གཉིས་ཉིན་ལྟར་ནགས་ཁྲོད་དུ་ཤིང་གཅོད་པར་བསྐྱོད་དགོས་སྟབས། སྐྱེས་ནས་ཟླ་ཤས་ལས་མ་སོང་བའི་ཕྲུ་གུ་དེ་ཤིང་གཅོད་སར་འཁྱེར་ནས་ཆུ་འགྲམ་དུ་བསྙལ་བཞག་པ་དང་། ཁོང་གཉིས་ནགས་ཁྲོད་དུ་ཤིང་བཅད་དེ་ཚུར་ཡོང་སྐབས་ཕྲུ་གུའི་མིག་རིལ་གཉིས་ཀ་བྱ་ཁྭ་ཏས་བཏོན་ནས་ཁྲག་རལ་ཛར་རེ་བར་དྲན་མེད་དུ་བརྒྱལ་བསྡད་ཡོད་པ་མཐོང་འཕྲལ། ཕ་མ་གཉིས་ཀ་ ཧང་སངས་ཧོན་ཐོར་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བ་དང་སྡུག་བསྔལ་བཟོད་གླགས་བྲལ་ཀྱང་བྱ་ཐབས་དབེན། གཞི་རྐང་ཕ་མ་གཉིས་ལོ་ན་གང་འཚམ་དུ་སླེབས་ཟིན་ནས་ཕྲུ་གུ་བུ་གཅིག་པོ་དེ་རང་ལས་མ་བྱུང་བས་རྒྱུན་དུ་ཁོག་ནང་གི་སྙིང་དང་འདྲ་བར་གཅེས་སྐྱོང་བྱེད་བཞིན་པའི་མུར་ད་ཆ་ཕྲུ་གུའི་གནས་བབས་དེ་ལྟ་བུར་གྱུར་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ལགས། འོན་ཀྱང་ལས་མ་བྱས་པ་དང་མ་འཕྲད་པ། བྱས་པ་ཆུད་མི་ཟ་བ་ཞེས་གསུངས་པ་ལྟར་ལས་འབྲས་ལ་ཡིད་གཏོད་པ་ལས་བྱ་ཐབས་བྲལ། སྐབས་དེར་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་ཡང་ཡུལ་ཐབས་ལ་བརྟེན་ནས་སྨན་བཅོས་བྱས་ཏེ་རྨ་ཁ་རིམ་བཞིན་དྲག་སྐྱེད་དང་བཅས་འཚར་ལོངས་བྱུང་ཡང་ཕྲུ་གུའི་མིག་རིལ་གཉིས་ཀ་མེད་པས་མི་ཚེ་མུན་ནག་ཏུ་གྱུར་པ་དང་། སྐབས་དེར་དྭགས་པོའི་ཁུལ་དུ་སྒྲ་སྙན་དར་ཁྱབ་ཡོད་པས་ཁོང་གི་ཕ་དང་ཨ་ཁུ་གཉིས་ཀས་སྒྲ་སྙན་དཀྲོལ་གཏོང་ཤེས་སྟབས་རྣམ་རྒྱལ་ཆུང་དུས་ནས་སྒྲ་སྙན་སློབ་སྦྱོང་བྱེད་བཞིན་པའི་མུར་འོས་འཚམས་ཤེས་རྗེས་དྭགས་པོ་ཀོ་སར་ཕ་མ་གཉིས་ནས་ཞོགས་པ་ཆུ་འགྲམ་དུ་བསྐྱལ་ཏེ་འགྲུལ་བཞུད་མི་སྣར་སློང་རྒྱག་ཏུ་བཅུག་པ་དང་དགོང་དྲོ་ནང་ལ་བསུ་ལེན་བྱེད། ཁོང་ལོ་ན་བཅུ་གྲངས་ཙམ་ལ་སླེབས་དུས་ཕ་མ་གཉིས་ཀ་རིམ་བཞིན་འདས་གྲོངས་སོང་ནས་ཨ་ཁུས་གསོ་ཉར་བྱས་ཏེ་གོང་ལྟར་ཀོ་སར་སྒྲ་སྙན་གཏོང་བཞིན་བསྡད།
ཉིན་ཞིག་ལྷ་ས་ནས་ཡོང་བའི་འགྲུལ་པ་ཞིག་གིས་ཁྱོད་སྒྲ་སྙན་མཁས་པོ་འདུག་ཀྱང་འདིར་ཉིན་ལྟར་འགྲུལ་བཞུད་མེད་སྟབས་དཀའ་ངལ་ཡོང་ངེས་པས་དེ་བས་ལྷ་སར་ཡོང་ན་ལྟོ་ཚེ་འཁྱོལ་ངེས་ཡོང་བ་འདུག་ཅེས་བཤད་སྟབས་རྣམ་རྒྱལ་གྱི་སེམས་ལ་ལྷ་སར་འགྲོ་ཨེ་ཐུབ་ཀྱི་འདུན་པ་འཆར། ཡང་ཉིན་ཞིག་དགེ་སེམས་ཅན་གྱི་འགྲུལ་པ་ཞིག་གིས་ཁྱོད་རང་སྒྲ་སྙན་མཁས་པོ་འདུག་ཀྱང་མིག་རིལ་གཉིས་ཀ་མེད་པ་འདི་འདྲ་གང་འདྲ་བྱས་སོང་ངམ་ཞེས་དྲིས་པའི་ཚེ་རྣམ་རྒྱལ་གྱིས་ལོ་རྒྱུས་ཞིབ་ཕྲ་བཤད་པས། མི་དེར་སྙིང་རྗེ་ཚད་མེད་བསྐྱེད་དེ་ཁྱེད་རང་ལྷ་སར་ཕྱིན་ན་ངས་རོགས་རམ་བྱས་ཏེ་འཁྲིད་ཆོག ཨེ་འགྲོ་ཞེས་དྲིས་པར། རྣམ་རྒྱལ་གྱིས་ཀྱང་མོས་མཐུན་དང་འབྲེལ་སྤྱི་ལོ༡༩༡༠ཙམ་ལ་ལྷ་སར་ཡོང་ནས་ཉིན་མོ་མི་ཚོའི་སྒོ་འགྲམ་དུ་སྒྲ་སྙན་གཏོང་བཞིན་པར་ལྟོ་སློང་བ་དང་། དགོང་དྲོ་གར་འགྲོ་འདིར་སྡོད་མེད་པར་སྐྱིད་རས་ས་ཁུལ་དུ་དར་གླིང་སློབ་གྲྭ་ཞེས་པ་ཞིག་ཡོད་པ་དེའི་སྒོ་རའི་ཟུར་ཁུག་ཞིག་ཏུ་ཁྱི་དང་མཉམ་དུ་ཉལ་སྡོད་བྱེད་སྐབས་སློབ་གྲྭའི་དགེ་རྒན་ཨོ་རྒྱན་ལགས་ཀྱི་སྐུ་ཟླ་སྙིང་སྙིང་ལགས་ཞེས་པ་ཧ་ཅང་སྙིང་རྗེ་དང་བྱམས་སེམས་ལྡན་པ་ཞིག་ཡོད་པ་དེས་ལྟོ་ལྷག་དང་སྔ་དགོང་ཚ་ཚ་ཇ་ཐུག་སོགས་སྟེར་ཅིང་གང་ཙམ་དེ་གར་བསྡད། དེ་ཡོང་ཁོང་གིས་དྲན་གསོ་གནང་བ་ལྟར་ན། ཟླ་ཤས་རྗེས་དབྱར་མཇུག་གླིང་ཁ་གཏོང་མཁན་མང་བས། དེ་དག་སར་ལྟོ་སློང་བཞིན་སྐྱོད་སྐབས། ཉི་གཞོན་གླིང་ཁར་ནང་མའི་སྐྱིད་སྡུག་གི་དབྱར་སྐྱིད་གཏོང་བཞིན་པའི་གུར་འགྲམ་དྭགས་པོའི་དམངས་གཞས་སྒྲ་སྙན་དང་བཅམས་ནས་བཏང་བས། མི་ཞིག་གིས་ཡར་ཤོག་ཟེར་བ་ལྟར་ཁོང་རྣམ་པའི་འདོད་དོན་སྒྲུབ་པ་དང་། མི་ཞིག་གིས་ངའི་ཡོང་རྐྱེན་རྣམས་ཞིབ་ཕྲ་དྲིས་པ་དང་ཆབས་ཅིག་དེར་ཡོད་མི་ཚང་མས་སྙིང་རྗེའི་བསམ་པ་གདུང་སེམས་མཉམ་བསྐྱེད་མཚོན་པར་བྱས་པ་དང་། དེའི་ནང་གི་འགོ་གཙོ་དེས་ཁྱོད་རང་ལོ་ན་གཞོན་ཁར་སྒྲ་སྙན་མཁས་ལ་གཞས་ཀྱང་སྙན་པོ་འདུག་ན་ང་ཚོའི་ཚོགས་པ་འདི་ནི་ལྷ་སའི་ནང་མའི་སྐྱིད་སྡུག་ཟེར་བ་དེ་ཡིན་གཤིས་འདིར་བཞུགས་འདོད་ཡོད་ན་ལྟོ་སློང་བར་འགྲོ་མི་དགོས་པར་འདི་གར་སློབ་སྦྱོང་བྱས་ཚེ་ང་ཚོས་འཚོ་བའི་རོགས་རམ་བྱས་ཆོག་གསུང་གི་འདུག ངའི་བསམ་པར་མུན་ནག་གི་ཁྲོད་དུ་ལྟོ་སློང་བཞིན་པར་གར་འགྲོ་འདིར་སྡོད་མེད་པའི་མི་ཞིག་ལ་འདི་ལས་ལྷག་པའི་རླུང་རྟ་རྒྱུགས་པ་ཞིག་གང་ནས་ཡོང་སྙམ་པ་ལྟར་སེམས་འགུལ་ཐེབས་བཞིན་པར་ཐུགས་རྗེ་སྐྱབས་འོག་ནས་མི་འདོར་བ་ཞུ་རྒྱུ་མ་ཟད།
བཀའ་དྲིན་སྙིང་བཅངས་ཀྱིས་སློབ་སྦྱོང་ཞུ་རྒྱུ་ཡིན་ཞེས་ཞུས་པ་དང་། དེ་འཕྲལ་མི་ཞིག་གིས་གསུངས་དོན། ད་ལྟ་ཁྱོད་དང་མཉམ་དུ་བཀའ་མོལ་གསུང་མཁན་དེ་ང་ཚོའི་ནང་མའི་སྐྱིད་སྡུག་གི་འགོ་འཛིན་རབ་གསལ་ཨབ་ཏུ་ར་མ་རེད། ད་ཆ་ཁྱོད་རང་བློ་བདེ་བྱས་ཆོག་ཟེར་བར་ཐུགས་རྗེ་ཆེ་ཞེས་ཞུས། ད་ཆ་ཁྱོད་རང་ལ་དངོས་པོ་འདྲ་ལེན་རྒྱུ་ཡོད་ན་དེ་དག་འཁྱེར་ནས་སང་ཉིན་ཡང་འདི་གར་ཡོང་དགོས་ཟེར་བར། ངས་ང་ལ་འཁྱེར་རྒྱུ་སྒྲ་སྙན་གོག་ཏོ་འདི་དང་རྩམ་ཁུག་གཅིག་གནས་ཁང་དུ་མལ་གདིང་ཙབ་རལ་ཙམ་ལས་གཞན་འཁྱེར་རྒྱུ་མེད་ཅེས་ཞུས་པར། འོ་ན་དེ་དག་འཁྱེར་ནས་ཡོང་དགོས་གསུངས་པ་ལྟར། དེ་ནུབ་དར་གླིང་དུ་བསྐྱོད་ནས་སེམས་བཟང་སྙིང་སྙིང་ལགས་སུ་གནས་ལུགས་ཞུས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུས་པར། སྙིང་སྙིང་ལགས་ནས། བྱས་ན་ཁྱོད་རང་ལ་ཡག་པོ་བྱུང་འདུག་སྐྱིད་པོ་ཡོང་བ་ཤོག་ཅེས་ཐུགས་སྨོན་དང་འབྲེལ་དངུལ་སྲང་གང་ཞོ་ལྔ་གསོལ་རས་གནང་ནས་ཞལ་གྱེས་ཞུས། དེ་འཕྲལ་གླིང་ཁར་ཤར་བསྐྱོད་ཀྱིས་དེ་ནུབ་ཨབ་ཏུ་ར་མ་ཡི་གཟིམ་ཁང་དུ་འཁྲིད་ནས་དེའི་ཉེ་འགྲམ་རབ་གསལ་བཙན་ཁང་གི་སྒོ་རྭར་ཁང་ཆུང་ཞིག་གི་ནང་ཕྱོགས་གཅིག་ལ་མེ་ཤིང་དང་ལྕི་བ་འཇོག་སའི་ཟུར་གཅིག་ལ་ང་རང་གི་སྡོད་ས་དང་ཉིན་ལྟར་ལྟོ་དུས་སོ་སོ་གནང་བ་ཙམ་མ་ཟད། ནང་མའི་སྐྱིད་སྡུག་གི་ཁོངས་མི་ཚོས་གྱོན་གོས་འདྲ་མིན་དང་ཟས་སྣ་མང་དག་ཅིག་གནང་སྟབས། གང་ཡང་མེད་པའི་སྤྲང་པོ་ལོང་བ་ཞིག་ཡིད་མ་ཆེས་པ་ལྟ་བུར་ཡུད་ཙམ་ཞིག་ལ་ཕྱུག་ཆུང་ཞིག་ཆཊ་པ་དང་། དེ་ནས་བཟུང་སྟེ་སྒོ་འགྲམ་དུ་ལྟོ་སློང་བར་འགྲོ་དགོས་པའི་འཚོ་བ་མཇུག་འགྲིལ། ཉིན་ཤས་རྗེས་འགོ་འཛིན་ཨབ་ཏུ་ར་མ་ཡི་བཞུགས་ཁང་དུ་འབོད་དེ་ཉིན་དེ་ནས་བཟུང་ནང་མ་སྟོད་གཞས་སློབ་སྦྱོང་འགོ་འཛུགས་རྒྱུ་ཡིན་གསུངས་ཏེ་ཐོག་མར་སྟོད་གཞས་《ཟླ་བའི་གཞོན་ནུ》སློབ་ཁྲིད་གནང་བ་དང་། རྒྱུན་དུ་ཁོང་ནས་སློབ་ཕྲུག་མང་དག་ཅིག་ལ་སློབ་ཁྲིད་གནང་ཞིང་། འབྱོར་ལྡན་འགའ་ཞིག་གིས་གཞས་རེར་སློབ་ཡོན་ཡང་འབུལ་དགོས་འདུག་ཀྱང་། ང་རང་སྤྲང་ཕྲུག་ཞིག་ལ་མཐོང་ཆུང་རྩ་བ་ནས་མ་གནང་བར་སློབ་ཡོན་སྐར་ལི་ཙམ་མི་བཞེས་པར་འཚོ་གོས་ཚང་མའི་འགན་བཞེས་གནང་བ་མ་ཟད། དུས་ཐོག་སློབ་ཁྲིད་དང་ཟུར་ཁྲིད་དགེ་རྒན་རེ་གཉིས་ལ་རྩིས་སྤྲོད་གནང་བ་བཅས་དོན་དུ་ང་ལོང་བ་ཞིག་ལ་འཚམས་པའི་འཚོ་བའི་མདུན་ལམ་འདི་ལས་ལྷག་པ་ཞིག་ཡོང་རྒྱུ་མེད་ཐོག རྒྱུན་དུ་ཟོལ་མེད་ཀྱི་ཐུགས་ཁུར་ཚད་མེད་གནང་བ་དེ་ནི་ངའི་མི་ཚེ་ཧྲིལ་པོར་བརྗེད་ཐབས་བྲལ་བ་ ཞིག་རེད། ཁོང་ནི་ཁ་ཆེ་ཞིག་ཡིན་ཡང་སྙིང་རྗེ་དང་བྱམས་སེམས་ཚད་མེད་ལྡན་པ་ཞིག་ཡིན། རྒྱུན་དུ་ཁོང་གིས་རང་ཉིད་ཀྱི་ལོ་རྒྱུས་གསུང་སྐབས་ང་རང་ནི་གཞི་རྐང་ཁ་ཆེ་ཞིག་ཡིན་ཡང་། ཕ་མེས་ཚོའི་དུས་ནས་མ་རྒྱུད་བོད་རིགས་དང་ཤ་ཁྲག་འདྲེས་ཟིན་པས་ཆོས་དད་ཙམ་ལས་བོད་པ་ཞིག་ཡིན་བསམ་པ་དང་། བོད་ཀྱི་རིག་རྩལ་ལ་དགའ་ཞེན་བྱེད་པའང་དེ་ལ་ཐུག་ཡོད། དེར་བརྟེན་ཁྱེད་རྣམ་པས་ནི་དེ་བས་ཀྱང་བོད་ཀྱི་རིག་རྩལ་ལ་སྦྱང་བརྩོན་དང་དད་ཞེན་ལོས་བྱེད་དགོས་ཞེས་ཡང་ཡང་གསུང་གི་ཡོད། དེ་བཞིན་དུ་རང་ངོས་ནས་ཀྱང་དགེ་རྒན་གྱི་སློབ་སྟོན་ཡིད་ལ་བཅངས་ནས་ནམ་ཉིན་མེད་པར་རོལ་མོར་སྦྱང་བརྩོན་བྱས་ཏེ་ཉལ་དུས་དང་ལྟོ་དུས་ཙམ་ལས་རོལ་ཆ་ལག་པ་དང་བྲལ་མ་མྱོང་ཞེས་བཤད་ཆོག་པ་ཡིན། ཐོག་མར་ང་རང་ལྷ་སར་སླེབས་དུས་བགྲང་བྱ་བཅུ་དྲུག་ཙམ་ཡིན་པ་དང་། རང་ལོ་ཉི་ཤུར་སླེབས་དུས་ནང་མ་སྟོད་གཞས་ཕལ་ཆེ་བ་དང་། སྒྲ་སྙན། པི་ཝང་རྒྱུད་གཉིས་པ་(དལ་ཆིང་)ཅིན་ཧུའུ་དཀྲོལ་གཏོང་བཅས་གང་ཡག་ཤེས་པ་མ་ཟད། ཡང་ཆིང་གི་སྒྲ་རིམ་སྒྲིག་སྲོལ་ཡང་སྦར་ཉུལ་བྱེད་བཞིན་པར་ཤེས་ཤིང་། རྒྱུན་དུ་རྒྱུགས་འབུལ་སྐབས་རྒྱུགས་མ་འཕྲོད་པ་ཕལ་ཆེར་ཡོང་མ་མྱོང་བ་ལྟར་ཡིན་པས། དགེ་རྒན་ཚང་མས་དགྱེས་བརྩེ་ཆེན་པོ་གནང་བ་དང་། སྐབས་དེར་སྤྱི་ཚོགས་ཐོག་ལའང་བག་ཆགས་ཡག་པོ་བྱུང་ཐོག་རོལ་ཆ་གཏོང་བར་ནང་མའི་སྐྱིད་སྡུག་དང་མཉམ་བསྐྱོད་ཕུད་པས་ཁེར་རྐྱང་མགྲོན་འབོད་ཀྱི་སྦྱིན་བདག་ཀྱང་མི་ཉུང་བ་ཡོད་ཅེས་གསུངས།
དེ་རྗེས་དགེ་རྒན་རྣམ་རྒྱལ་རང་ལོ་ཉེར་བཞི་ཙམ་ལ་སླེབས་དུས་འགོ་འཛིན་ཨབ་ཏུ་ར་མ་ནོར་འཛིན་སྐྱེད་ཚལ་དུ་སྤོ་བཞུགས་གནང་མུས་སྐབས་ཚད་རིམས་ཀྱི་ནད་གཞིས་སྟབས་མ་ལེགས་པར་ཉིན་ཤས་ལས་མ་སོང་བར་གློ་བུར་དུ་ཚེ་མ་ཟིན་པ་རེད། སྐབས་དེར་ཁོང་བགྲང་བྱ་དྲུག་ཅུ་རེ་གྲངས་ཡིན་ཚོད་དགེ་རྒན་རྣམ་རྒྱལ་གྱིས་གསུངས་དོན། ང་རང་གི་ཕ་མ་གཉིས་སྔ་རྗེས་འདས་གྲོངས་སྐབས་ཨ་ཁུ་བཟའ་འཚོ་གཉིས་ཀྱིས་ལྟ་སྐྱོང་ཡོད་ཐོག་ང་རང་ཡང་བྱིས་པའི་སྣང་བ་དང་བཅས་དེ་ཙམ་པའི་སྡུག་བསྔལ་མ་བྱུང་ཡང་ད་ལམ་བཀའ་དྲིན་གྱི་བདག་ཉིད་དགེ་རྒན་ཨབ་ཏུ་ར་མ་དེ་ཉིད་དགོངས་པ་རྫོགས་པའི་གཏམ་ངན་གློ་བུར་དུ་ཐོས་སྐབས་སྒྲ་སྙན་ཡང་ལག་པ་ནས་ཤོར་བ་དང་གནས་སྐབས་དྲན་མེད་ལྟ་བུར་གྱུར་ནས་སྡུག་བསྔལ་མི་བཟོད་པ་ཞིག་བྱུང་ཡང་མི་རྟག་པའི་ཆོས་ཉིད་ལ་འགྱུར་བ་མེད་པས་བྱ་ཐབས་བྲལ། རྗེས་འཇུག་བྱེད་སྒོ་རྣམས་ཁ་ཆེ་ཚོགས་པ་ནས་ཁ་ཆེའི་ལུགས་ལྟར་བྱས་སོང་ཡང་། ནང་མའི་སྐྱིད་སྡུག་གི་ཁོངས་མི་མང་ཆེ་བ་བོད་རིགས་སོང་སྟབས་བོད་ལུགས་མཆོད་འབུལ་བྱས་པ་དང་། རང་ངོས་ནས་ཀྱང་འཁོས་བབ་གཞིགས་པའི་བཀའ་དྲིན་གསབ་ཕྱིར་བདུན་ཚིགས་སོ་སོར་གཙུག་ལག་ཁང་ཡས་མས་ལ་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་ཞུས་པ་ཡིན། ད་ཆ་ནང་མའི་སྐྱིད་སྡུག་གི་འགོ་འཛིན་ཧོར་ཁང་སྒོ་ར་ནུབ་མར་བཞུགས་པ་ཟི་ཁྲོན་རྒྱ་རིགས་དེ་སྔ་ནས་བོད་ལ་གནས་བཅའ་བ་བཀའ་ཤག་སྲིད་གཞུང་གི་རྒྱ་བོད་ཡིག་སྒྱུར་རུས་མིང་མཱ་བྱས་པ་བགྲེས་སོང་རྒྱའུ་ཨོག་ཚོམ་ཅན་ཞིག་ཡོད་པ་དེར་སྤྱི་མོས་བསྐོ་གཞག་རྟེན་འབྲེལ་བྱས། སྐབས་དེར་ང་རང་ཡང་ལོ་ན་གང་འཚམས་སླེབས་ཟིན་པ་དང་། དགེ་རྒན་ཚོའི་བཀའ་དྲིན་ལས་རོལ་མོའི་ཤེས་བྱ་དང་ལག་རྩལ་གང་ཡག་ཤེས་ཡོད། དེར་བརྟེན་ནང་མའི་སྐྱིད་སྡུག་དགའ་སྟོན་ཁག་ལ་རོལ་མོའི་མགྲོན་འབོད་དུ་སྐྱོད་སྐབས་ང་རང་རྟག་ཏུ་ལོང་འཁྲིད་བྱེད་མཁན་སྐྱིད་སྡུག་ཁོངས་མི་གཞས་མ་ཚེ་རིང་སྒྲོལ་མས་བྱེད་པ་བཞིན་དུ་རྟག་ཏུ་ངོས་གཉིས་དེ་འདྲའི་འབྲེལ་འདྲིས་བྱུང་བ་ལ་བརྟེན་ནས་ཤེས་རྟོགས་དང་ལས་དབང་བཙན་པོས་སེམས་ཆགས་བརྩེ་དུང་གིས་གྲོགས་འགྲིགས་གབ་མཐུན་བྱུང་བ་དང་། ང་རང་སྐྱིད་སྡུག་ཀྱང་གང་ཡག་ཡོད་པས་རབ་གསལ་སྒོ་ར་ནུབ་མའི་ཡང་སྟེང་ནས་ཁང་མིག་མདོ་སྦུག་གཉིས་དང་ཐབ་ཚང་བཅས་ཁང་གླར་གཡར་ཏེ་དེར་སྤོས་གཉེན་སྒྲིག་བྱས་པ་ཡིན་ཞེས་བརྗོད།
གཞི་རྐང་དགེ་རྒན་རྣམ་རྒྱལ་ལོང་བ་ཡིན་ཡང་། ཁོང་ནི་གཟུགས་སྟོབས་ཆེ་ལ་འགྲམ་ཐག་རིང་བ་སྣ་གདོང་གཟེངས་ལ་ཕོ་ཉམས་དོད་པའི་མི་བབས་རྫིག་པོ་ཞིག་ཡོད་པས་ཁོང་གི་འདྲ་པར་ཟུར་གསལ་ནས་མཁྱེན་ཐུབ་པ་དང་། མགོ་བོའི་སྐྲ་ནི་དེ་སྔ་ཆིང་རྒྱལ་རབས་དུས་ཀྱི་རྒྱ་མགོ་ཞེས་སྐྲ་མཐའ་ནས་བཞར་ཏེ་ལྕང་ལོ་བརྒྱབ་པ་དང་། སོག་ཤན་ཞེས་པའི་སེ་ཤན་སྐྲ་གཞུག་ནག་པོ་ཞིག་བསྒར་བ། རྒྱ་གར་ནས་ཐོན་པའི་མིག་ཤེལ་ནག་པོ་མཐར་ཀོ་བའི་དྲ་སྐྱོར་བྱས་པ་ཞིག་བརྒྱབ་སྟབས། ཕྱི་བཟོ་ནས་ལོང་བའི་མངོན་ཚུལ་ཙམ་ཡང་མེད་པར་ཕོ་རྒོད་འདྲ་ཆགས་ཤིག་ཡོད། ལྷག་པར་ཚེ་རིང་སྒྲོལ་མ་དང་ཁོང་གཉིས་གཉེན་སྒྲིག་བྱུང་རྗེས་གཅིག་སེམས་གཅིག་སྒྲིལ་གྱི་བརྩེ་དུང་འཕེལ་ནས་རྒྱུན་དུ་ཕན་ཚུན་མིང་ངོ་མ་ནས་འབོད་རེས་མེད་པར་གཉིས་ཀས་ཕན་ཚུན་ཚེ་རིང་ཞེས་འབོད་རེས་བྱེད་པ་ཡིན། དེ་ཡང་ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས། དད་ལྡན་རྣམས་ཀྱིས་མཆོད་པ་དང་། །བཀྲེན་པ་རྣམས་ཀྱི་འཚོ་བ་དང་། །ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། །དེ་ཀུན་རོལ་མོ་མཁས་ལས་བྱུང་། ། ཞེས་པ་ལྟར་རོ། །ཁོང་གིས་མུ་མཐུད་གསུངས་དོན། དེ་ནས་ལོ་གསུམ་ཙམ་གྱི་རྗེས་ལ་འགོ་འཛིན་མཱ་རྒྱའུ་དགུང་ལོའང་གང་འཚམས་སླེབས་ནས་སྐུ་ཚེ་མ་ཟིན་སྟབས་ཁོངས་མི་ཚང་མས་སྤྱི་མོས་བྱུང་བ་ལྟར་ཕྲན་ནས་སྐྱིད་སྡུག་གི་འགོ་འཛིན་བྱེད་དགོས་གསུངས་པ་ལྟར་ བཀའ་ངོ་མ་ཟློག་པར་ཁས་ལེན་ཞུས། སྐབས་དེར་ཁོ་བོ་བགྲང་བྱ་ཉེར་བརྒྱད་ཙམ་ལ་སླེབས་ཡོད་ཅེས་གསུངས། གཟིགས་དང་དགེ་རྒན་རྣམ་རྒྱལ་གྱི་ཐོག་མའི་ཡོང་རྐྱེན་ལ་གཞིགས་ན་ལོ་ངོ་བཅུ་གྲངས་གོང་ལ་སྤྲང་རྐྱང་ཞིག་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དེ་ལྟའི་གནས་བབས་ཤིག་ཡོང་བསམ་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། སྐབས་དེར་སྤྱི་ཚོགས་ཐོག་ལ་རྣམ་རྒྱལ་གྱི་གྲགས་པ་ཆེས་ཆེར་རྒྱས་ནས་ཁོང་གི་མིང་མི་ཤེས་མཁན་མེད་པ་དང་། སྐུ་དྲག་ཆེ་ཆུང་དང་སྤྱི་ཚོགས་མི་སྣ་ཚང་མས་གཅིག་གྱུར་གྱིས་ཨ་ཇོ་རྣམ་རྒྱལ་ཞེས་བརྩི་བཀུར་དང་ཆ་འཇོག་འཕེར་བ་ཞིག་ཏུ་གྱུར།
གོང་དུ་ཞུས་པ་ལྟར་ཁོང་ནི་ཕྲུ་གུ་དམར་འབྱར་གྱི་དུས་ནས་ལོང་བར་གྱུར་ཏེ་རང་བྱུང་ཁམས་ཀྱི་ཆ་ཤས་ཙམ་ཡང་རིག་མ་མྱོང་བ་ཞིག་ཡིན་ཡང་། རོལ་གདངས་དང་གཞས་ཚིག་ངག་སྐྱོར་བློ་འཛིན་ཁོ་ན་བྱེད་པ་ལས་ཡིག་རིགས་ནི་གང་ནས་ཤེས། ཡིན་ཡང་ཁོང་རང་གི་དགེ་རྒན་ཨབ་ཏུ་ར་མ་རིག་གནས་མཁས་པ་ཙམ་མ་ཟད། ནང་མའི་སྐྱིད་སྡུག་གི་ཁོངས་མི་སྐུ་དྲག་དང་། ཚོང་རིགས་མི་སྣ་དྲག་ཞན། རྒྱ་རིགས། ཁ་ཆེ། ལག་ཤེས་འདྲ་མིན་སོགས་མི་རིགས་སྣ་འཛོམས་ཤིག་ཡོད་པ་དེ་དག་གི་ཁྲོད་དུ་རིག་གནས་རྩོམ་རིག་སོགས་ལའང་མཁས་པ་མང་པོ་ཡོད་པས་དེ་དག་གི་ཤུགས་རྐྱེན་དང་སློབ་སྦྱོང་ཞུས་ཏེ་ཁོང་རང་ཉིད་ནས་དམངས་གཞས་དྲུག་ཚིག་གི་ཤོ་ལོ་ཀ་རེ་གཉིས་ངག་ཐོག་ནས་བརྗོད་བྱ་བདེ་ལ་གོ་དོན་གཏིང་ཟབ་ལུགས་མཐུན་དོན་ལ་འཁེལ་བ་དང་གཞས་གདངས་ལེན་སྐབས་དེའི་གནས་བབ་ལ་གཞིགས་པའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྙན་ འཇེབས་དོད་པོ་འགའ་བརྩམས་ཡོད་པ་དང་། ལྷག་པར་དབང་པོའི་དང་པོ་མིག་ཅེས་བརྗོད་པ་ལྟར་ཁོང་ལ་མིག་མེད་ཀྱང་ཁ་གཡེང་མིག་གཡེང་བྱེད་ཐབས་མེད་སྟབས་རྣ་བའི་བྱེད་ནུས་རབ་ཏུ་རྒྱས་ནས་མི་ཀུན་དང་མི་འདྲ་བར་སྒྲ་གང་ཞིག་ཐོས་ཕྱིན་དེ་ནི་མིག་གིས་མཐོང་བ་ལྟར་སྒྲ་ཟིན་རྒྱུ་ལ་མཆོག་ཏུ་མཁས་པས་རོལ་གདངས་གང་འདྲ་ཞིག་ཐེངས་རེ་གཉིས་གོ་རྗེས་སྐབས་དེར་ཀུང་ཁྲེ་ཕུའུ་ཞེས་པའི་དབྱངས་ཡིག་བེད་སྤྱོད་ཀྱིས་དེ་འཕྲལ་ ཡིད་ལ་ངེས་ཐུབ་པ་ཡིན། གཞི་རྐང་རོལ་མོའི་ཤེས་བྱའི་རྨང་གཞི་ནི་སྒྲ་རིག་པ་ཡིན་པས་ཁོང་རོལ་མོ་གང་ཅིར་མཁསཔར་གྱུར་པའི་རྒྱུའི་གཙོ་བོ་ཡང་དེ་རང་རེད། དཔེར་ན་ཁོང་གི་སྡོད་ཤག་ཐོག་རྩེག་གཉིས་པ་ཡིན་པ་དང་། རྡོ་སྐས་འཛེགས་ནས་སྒོ་འགྲམ་དུ་སླེབས་ཀྱི་ཡོད་པས། མི་སུ་ཞིག་རྡོ་སྐས་འཛེགས་ནས་ཡོང་སྐབས། རྡོག་སྒྲ་ནས་སུ་ཡོང་གི་ཡོད་པ་ ཤེས་ནས་མིང་འབོད་ཀྱི་ཡོད། མི་ཞིག་ཕྱོགས་མཐར་བསྐྱོད་དེ་ལོ་མང་མ་འཕྲད་ཀྱང་། ཉིན་ཞིག་གློ་བུར་དུ་སླེབས་ཚེ་དེ་འཕྲལ་རྡོག་སྒྲ་ནས་མིག་གིས་མཐོང་བ་ལྟར་འཚམས་འདྲི་བྱེད། དེ་བཞིན་མིའི་ལུས་དྲི་དང་དབུགས་རྔུབ་གཏོང་སོགས་ནས་ཀྱང་ངོ་ཤེས་གཏོང་བ་ཡིན། གཞི་རྐང་རྒྱལ་ཁབ་ཕྱི་ནང་དུ་ལོང་བ་རོལ་ཆར་མཁས་པའི་ལོ་རྒྱུས་མང་པོ་ཡོད། ཁོང་ནི་སྤྲང་རྐྱང་ཡིན་ལ་ལོང་བའང་ཡིན་བཞིན་དུ་དེ་ལྟ་བུའི་རོལ་ཆའི་རྒྱལ་པོ་ལྟ་བུར་གྱུར་པ་ནི། ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས། བློ་ངན་གཟུགས་ཀྱིས་འཕོངས་པའང་རུང་། །རིགས་ངན་ནོར་དང་བྲལ་ཡང་སླ། །རོལ་མོའི་ཆ་ལ་མཁས་གྱུར་ན། ། ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས། ཞེས་གསུངས་པ་ལྟར་རོ། །
དགེ་རྒན་རྣམ་རྒྱལ་གྱི་སྡོད་ཤག་ཏུ་ཞོགས་པ་ནས་དགོང་དྲོའི་བར་དུ་རོལ་མོ་མཉམ་སྡེབ་གཏོང་བ་དང་རོལ་མོ་སློབ་ཁྲིད་བྱེད་པ་བཅས་རོལ་མོའི་སྒྲ་ཆག་རྒྱུ་མེད་པ་ཞིག་ཡིན། དེ་ཡང་《དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན》ལས། དབྱངས་ལ་མཁས་ཤིང་གྲགས་པ་ཐོབ། །ངང་རིང་རྒྱུད་འཇམ་སློབ་ལ་བཟོད། །རྣམ་གཡེང་དབང་དུ་མི་འགྲོ་ཞིང་། ། སློབ་པའི་དྲོད་ཚད་ཤེས་པའོ། །ཞེས་གསུངས་པ་ལྟར་དགེ་རྒན་རྣམ་རྒྱལ་ནི་དབྱངས་ལ་མཁས་ཞིང་མཁས་པའི་གྲགས་པའང་ཐོབ་པ་དང་། རང་བཞིན་གྱི་ཡོན་ཏན་ངང་རིང་རྒྱུད་འཇམ་སློབ་པ་ལ་བཟོད་བསྲན་དང་ལྡན་པ་དང་། དྲོད་ཚད་དམ་ཡུན་ཚད་༼ཚ་འཇམ༽མང་ཉུང་ཤེས་པ། སློབ་པའི་ཚེ་རྣམ་གཡེང་གི་དབང་དུ་མི་འགྲོ་བ་སོགས་དགེ་ཕྲུག་ཚོའི་ཤེས་ཚད་ལ་གཞིགས་པའི་སློབ་ཁྲིད་ཐབས་ལ་མཁས་པའི་ཡོན་ཏན་མཐའ་དག་དགེ་རྒན་རྣམ་རྒྱལ་ལ་ཡོད་སྟབས། དགེ་ཕྲུག་ཚོའི་གྲུབ་འབྲས་ཀྱང་ཧ་ཅང་མྱུར་བ་ཡིན། དེ་བཞིན་ཁོང་གིས་སློབ་གསེང་དུས་སུ་དགེ་ཕྲུག་ཚོར་ཁོང་རང་ཉིད་ཀྱི་ལོ་རྒྱུས་དང་། སྐབས་རེ་བཞད་གད་སློང་བའི་གཏམ་འདྲ་མིན་གསུངས་ཏེ་དགོད་སྒྲ་ལྡིར་རི་བར་སྡོད་པ་ཡིན། སྐབས་དེར་གཞས་མ་བསོད་ནམས་སྐྱིད་འཛོམས་ཟེར་བ་སྟོད་གཞས་ལ་མཁས་པ་ཁ་བདེ་ལྕེ་བདེ་ཞིག་ཡོད། ཁོང་སྡོད་ས་གཙུག་ལག་ཁང་གི་ཤར་རྒྱུད་འོ་སྟོད་སྦུག་ཏུ་ཡོད་པ་དང་། ན་ཚོད་ཀྱང་གང་འཚམས་སླེབས་པས་སྟོད་གཞས་ཀྱི་དགེ་རྒན་ཡང་ཡིན། དགེ་རྒན་རྣམ་རྒྱལ་ལགས་ཀྱིས་རྟག་ཏུ་ཁོ་མོར་ཀུ་རེའི་ཁ་ཤོབ་ཡང་ཡང་གནང་གི་ཡོད་པ་དང་། ཁོང་ནི་ཆུང་དུས་བ་བེར་ཀྱང་བྱེད་མྱོང་བ་ཞིག་ཡིན་དུས་དགེ་རྒན་རྣམ་རྒྱལ་ལགས་ཀྱིས་ཁོང་ལ་དགོད་བྲོའི་ཚུལ་དུ་གཞས་ཚིག་འདི་འདྲ་ཞིག་བརྩམས་པ་ནི། རྣམ་པ་ལ་མོ་བརྒྱབ་སོང་། །སྐུ་སྨད་འ་ལ་གསོས་སོང་། །(ངལ་གསོ་བའི་དོན་)འོ་སྟོད་སྦུག་གི་བུ་མོས། ། སྐྱག་པ་བཙོས་ནི་བཟས་སོང་། །ཞེས་བཏང་བ་རེད།
ཉིན་ཞིག་ཁོ་མོས་ཚང་མ་བཞད་ཤོབ་གནང་བའི་སྐབས་ཤིག་དང་བསྟུན་ནས། རྒན་ལགས། དེ་རིང་ངས་ཁྱེད་ལ་གཞས་ལན་ཞིག་འབུལ་རྒྱུ་ཡོད་པས་དགོངས་ཚོམ་མི་ཡོང་ངམ་ཞེས་ཞུས་པར། རྣམ་རྒྱལ་གྱིས་དེ་འདྲ་རྩ་བ་ནས་མི་ཡོང་། གཞས་ལན་ཡོད་ན་དེ་བས་ཡག་པོ་རེད། ངེས་པར་དུ་གཞས་ལན་གཏོང་དགོས་ཞེས་བཤད་པར། ཁོ་མོས་གཞས་ཚིག་འདི་འདྲ་ཞིག་བཏང་བ་ནི། ཞལ་རས་སྤྱན་མིག་ཀོ་དོང་། །ཕྱག་ལ་སྒྲ་སྙན་ཀོ་དོང་། །རྒྱལ་ཁམས་ཨ་མ་མེད་ན། །ཀོ་དོང་ཁོ་ཐག་ཆོད་བཞག །ཅེས་བཏང་བ་རེད། དེར་དགེ་རྒན་རྣམ་རྒྱལ་གྱིས་གད་མོ་ཆེན་པོ་དགོད་བཞིན་པར་གཞས་ཚིག་ཡག་པོ་བརྩམས་འདུག དངོས་འབྲེལ་དེ་འདྲ་རང་རེད། མཛུབ་མོ་བཙུགས་ས་མེད་པའི་མི་ཚོའི་ངོས་ནས་བཤད་ན་དྲིན་ཅན་གྱི་ཕ་མ་རང་ཡིན་པས་རང་རེས་དེའི་བཀའ་དྲིན་ནི་ནམ་ཡང་བརྗེད་མི་རུང་། ངས་མི་ཚེ་གཅིག་ལ་གཞས་ལན་དེ་བརྗེད་སྲིད་ཀྱི་མ་རེད་ཅེས་དང་། དགྱེས་ཉམས་ཆེ་མདོག་གིས་དགོད་ བཞིན་པར་ཨ་ལྕེ་དེའི་ཁ་དེ་ངས་གླགས་མ་ཁེལ་ཐག་ཆོད་རེད་ཅེས་བརྗོད།
གོང་གསལ་གཞས་ཚིག་གི་ནང་དོན་ལ་གཞིགས་ན། ཕན་ཚུན་དམའ་འབེབས་ཀྱི་ཚིག་ངན་བཟང་རྩི་མེད་པའི་ཕལ་རྟགས་ཀྱི་རྣམ་པ་ཅན་བཤད་རིན་མེད་པ་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་རྒྱུན་ལྡན་ཁོ་པ་ཚོའི་འཚོ་བའི་ནང་ལ་འགོ་འཛིན་དང་ཁོངས་མི་ཕན་ཚུན་དབར་མཛའ་བཤེས་དང་བློས་འགེལ་ཆོག་པའི་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་པའི་སྒོ་ནས་ཕན་ཚུན་ཀུ་རེ་བྱེད་པའི་རྣམ་པ་མཚོན་ཐུབ་པ་ཡིན། དེ་བཞིན་ དགེ་རྒན་རྣམ་རྒྱལ་གྱིས་ཁོང་རང་འགོ་འཛིན་ཞིག་ཡིན་པའི་ཆ་ནས་དེ་ལྟ་བུའི་ཚིག་ངན་གྱི་གཞས་ལན་སློག་པར་མི་འདོད་པའི་རྣམ་འགྱུར་སྟོན་རྒྱུ་ལྟ་ཞོག དེ་ལས་ལྡོག་ཏེ་བཞད་གད་ཆེན་པོས་སྤྲོ་སྣང་དང་ཁེངས་སྐྱུང་བབས་ཆགས་ཀྱི་སྒོ་ནས་གཞས་ལན་ཡག་པོ་བཏང་འདུག་ཅེས་བསྟོད་བསྔགས་བཏང་བ་དང་། ལྷག་པར་རྒྱལ་ཁམས་ཨ་མའི་སྐོར་ལ་འགྲེལ་བཤད་གཏིང་ཟབ་བྱེད་བབས་ལ་གཞིགས་ན། རྣམ་རྒྱལ་ལགས་གཞུང་དང་ཕྱི་ཐག་རིང་བའི་ཐོག་ཕན་ཚུན་དྲིན་ལན་ལ་བསམ་ཤེས་ཐུབ་མཁན་ལས་འབྲས་འཕེར་བའི་གཞུང་དྲང་གི་མི་ཞིག་ཡིན་པ་གསལ་པོ་རེད། དེ་བཞིན་ནང་དོན་རིག་པའི་ཐད་ལ་གོ་རྟོགས་ཀྱང་གང་འཚམས་ཡོད་པ་ནི་རྭ་ལོ་རྡོ་རྗེ་གྲགས་ཀྱི་གསུང་རྣམ་ལས། རིགས་དྲུག་འགྲོ་བ་གྲངས་མང་ཡང། ། ཕ་མ་མ་བྱས་གཅིག་ཀྱང་མེད། །འོན་ཀྱང་ཡིན་པ་མ་ཤེས་པ། སྐྱེ་བ་དོར་ལེན་བྱས་པས་ལན། །ཞེས་བྱུང་བ་ལྟར་རྣམ་རྒྱལ་གྱིས་མ་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པ་ཡིན་པ་དེའི་སྐོར་ངེས་ཤེས་ཡོད་པའང་མཚོན་ཐུབ།
ནང་མའི་སྐྱིད་སྡུག་གི་ཁོངས་མིར་མི་སྣ་དྲག་ཞན་སྣ་ཚོགས་ཤིག་ཡོད་ཀྱང་སློབ་ཚན་ཁྲིད་སྐབས་གོ་རིམ་བཞིན་ཁྲིད་པ་ལས། གོ་བབས་ཆེ་ཆུང་དང་དབུལ་ཕྱུག་གི་ཁྱད་པར་སོགས་ནམ་ཡང་མ་དབྱེ་བར་ཁོང་རང་ཉིད་ཀྱི་དགེ་རྒན་ཨབ་ཏུ་ར་མ་དེ་ཉིད་ཀྱི་སྤྱོད་བཟང་གི་ཤུགས་རྐྱེན་དང་སློབ་གསོར་བརྟེན་ནས་རྣམ་རྒྱལ་རང་ཉིད་ཀྱང་ངང་རྒྱུད་རིང་ལ་ཡ་རབས་ཀྱི་སྤྱོད་ཚུལ་དང་དགེ་རྒན་དེ་ཉིད་ཀྱིས་རང་ཉིད་ལ་བྱམས་བརྩེ་དང་གཅེས་སྐྱོང་ཇི་ལྟར་གནང་བ་བཞིན་ཁོང་གིས་ཀྱང་རང་གི་ཚེ་སྟོད་ལ་སྡུག་བསྔལ་མྱངས་པ་རྣམས་མ་བརྗེད་པར་དབུལ་ཕོངས་ཚོར་གདུང་སེམས་མཉམ་སྐྱེས་ཀྱིས་ཉམ་ཐག་རེ་གཉིས་ལ་རོལ་མོའི་སློབ་ཁྲིད་བྱས་ཏེ་ཕུགས་ཀྱི་འཚོ་རྟེན་རོགས་མགོན་བྱེད་ཀྱི་ཡོད།
རྣམ་རྒྱལ་ལོང་བ་ཡིན་སྟབས་མཉན་བྱའི་རིགས་ལ་དགའ་བས་མཚན་མོ་སྒྲུང་གཏམ་བཤད་ཉན་བྱ་རྒྱུར་ཧ་ཅང་དགའ་པོ་བྱེད་པ་དང་། རྒྱ་བོད་ཀྱི་སྒྲུང་གཏམ་ཙམ་མ་ཟད་ཁོང་གི་དགེ་ཕྲུག་ཁ་ཆེ་ཁ་ཤས་ཡོད་པ་དེ་དག་ལས་ཨ་རབ་ཁུལ་གྱི་སྐད་གྲགས་ཡོད་པའི་སྒྲུང་གཏམ《མཚན་ཞག་སྟོང་གི་གཏམ་རྒྱུད》ཅེས་པ་ལས་ངག་སྐྱོར་གྱིས་མང་པོ་ཤོད་པ་མ་ཟད། དགེ་ཕྲུག་ཁ་ཆེ་དག་གིས་ཁོང་ལ་རྒན་ལགས་མ་ཟེར་བར་ཨུསུ་ཏཏྟ་ཞེས་འབོད་ཀྱི་ཡོད། རྣམ་རྒྱལ་གྱིས་ཁོང་ཚོའི་ས་ནས་སློབ་སྦྱོང་བྱས་ཏེ་ཨུར་དུ་སྐད་ཀྱང་གོ་བརྡ་འཕྲོད་ངེས་ཡོད།
ནང་མའི་སྐྱིད་སྡུག་གི་ནང་ལ་དགེ་རྒན་རྣམ་རྒྱལ་གྱི་བྱས་རྗེས་ཆེ་ཤོས་ནི་སྟོད་གཞས་ཀྱི་ཁྱབ་ཁོངས་ཡིན་པའི་ལྷ་སའི་སྟོད་གཞས་གསར་རྩོམ་འགའ་ཡོད་པ་དང་། དེ་བཞིན་སྟོད་ཁུལ་གྱི་དམངས་གཞས་ལྷ་སར་སླེབས་རྗེས་ཁོང་གིས་ཚིག་དང་སྒྲིག་གཞིའི་ཐད་ནས་བཅོས་སྒྲིག་དེ་ཙམ་བྱས་མེད་ཀྱང་ 《རོལ་མོའི་བསྟན་བཅོས》ལས་དབུས་པ་རྣམས་ཀྱིས་ལྡིངས་ཤིང་འགྱུར། །གཙང་པ་འཚེར་ཞིང་གསལ་བ་ཡིན། །གཙེར་ཞིང་མདུད་པ་མངའ་རིས་པ། ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་། །ཞེས་གསུངས་པ་ལྟར་ཐོག་མར་སྟོད་གཞས་ལྷ་སར་འབྱོར་འཕྲལ་མངའ་རིས་པའི་མི་རྣམས་ཀྱི་སྐད་གཤིས་ནི་ཕལ་ཆེར་གཙེར་སྐད་ལྟ་བུ་དང་། གཞས་ གདངས་ཀྱང་འགྱུར་ཁུག་སྒྲ་རྒྱན་མང་པོ་མེད་པས་སྟབས་བདེ་བ་ཞིག་ཡོད་པ་ནི་ཡུལ་བ་ཚྭ་ཅན་གྱི་ཆུ་འཐུང་ཞིང་སྣུམ་བག་ཅན་གྱི་ཟས་མང་བ། ས་བབས་མཐོ་ལ་ལྷགས་རླུང་ལྡང་བ་བཅས་ཀྱི་གནས་སུ་འདུག་པའི་མི་རྣམས་ཕལ་ཆེ་བ་སྐད་གཤིས་དེ་འདྲ་ཞིག་ཡིན་པ་དང་། དབུས་པ་རྣམས་ཀྱི་སྐད་གཤིས་དེ་ལྡིངས་ཤིང་འགྱུར་བ་ནི། ལྡིངས་ཞེས་པ་ངང་པའི་སྐད་གཤིས་དང་འདྲ་བ་ཕྲན་བུ་ནར་ནར་མོའི་ཐོག་ལ་འགྱུར་ཁུག་མང་ཙམ་གཏོང་བ་དེ་ལྟ་བུའི་ཁྱད་པར་གྱི་ཐོག་ནས་དགེ་རྒན་རྣམ་རྒྱལ་གྱིས་གཙེར་ཞིང་མདུད་པ་ཞིག་ནས་ལྡིངས་ཤིང་འགྱུར་བ་ཞིག་ལ་བཅོས་སྒྲིག་བྱས་སྟབས། རོལ་མོའི་སྒྲ་རྒྱན་གྱི་ཐོག་ནས་ཧ་ཅང་སྙན་འཇེབས་དོད་དུ་བཏང་ཡོད་པ་རེད།
དེའི་སྐོར་སྤྱི་ལོ༡༩༩༤ལོར་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》དུས་དེབ་གཉིས་པར་ཕྲན་གྱི་རྩོམ་འགོ་བརྗོད་དུ་《ནང་མ་སྟོད་གཞས་ཀྱི་བྱུང་བ་བརྗོད་པ》ཞེས་པ་ཞིག་བཀོད་ཡོད་པས་དེར་གཟིགས་ན་མཁྱེན། དེར་བརྟེན་མ་གཞི་སྟོད་ནས་ཡོང་བའི་སྟོད་གཞས་ཡིན་ཡང་བསྒྱུར་བཅོས་བྱས་རྗེས་ལྷ་སའི་སྟོད་གཞས་ཞེས་དམིགས་བསལ་གྱི་མིང་དེ་ཆགས་པ་ཡིན། དེ་ཡང་ས་པཎ་གྱི་རོལ་མོའི་བསྟན་བཅོསལས། མདའ་གཞུ་ཡི་ནི་འཕྲུལ་འཁོར་ལྟར། །རང་སྒྲ་རྐྱང་པས་མ་ནུས་ཕྱིར། ། དེ་དག་ཚོགས་པའི་སྦྱོར་བ་ཡིས། །རྣ་བ་བདེ་བར་བྱེད་པ་ཡིན། །ཞེས་གསུངས་པ་ལྟར་སྟོད་གཞས་དེ་རང་སྒྲ་རྐྱང་པ་རྐང་གླིང་བཏང་བ་ལྟ་བུ་མ་ཡིན་ཀྱང་གོང་ཞུས་ལྟར་སྒྲ་རྒྱན་སོགས་ཉུང་བ་ཡོད། ལྷ་སའི་སྟོད་གཞས་ལ་སྒྲ་རྒྱན་ཏེ་བརྟེན་སྒྲ་ (装饰)འགྱུར་ཁུག་སོགས་མང་བས་སྙན་འཇེབས་དོད་དུ་བཏང་བ་ཡིན། དགེ་རྒན་རྣམ་རྒྱལ་གྱིས་སྟོད་གཞས་ཀྱི་ཁོངས་སུ་གཏོགས་པའི་གཞས་རྩོམ་པའི་ནང་ནས་《རྒྱ་གླིང་སྲས》ཞེས་པ་དེ་སྙན་ཞིང་འཇེབས་པས་སྤྱི་ཚོགས་ཐོག་དགའ་པོ་བྱེད་པ་ཙམ་མ་ཟད། རིགས་ལམ་བཤད་ལུགས་ཀྱི་ཐད་ནས་ཀྱང་དབུས་པ་རྣམས་ཀྱི་ལྡིངས་ཤིང་འགྱུར་ཞེས་པ་དང་མཐུན་ཤོས་ཤིག་ཡིན། དེ་ཡང་རྒྱུན་ལྟར་གཞས་(流行歌曲)རྩོམ་པ་ལྟ་བུ་མ་ཡིན་པར། སྐབས་དེའི་སྤྱི་ཚོགས་ཐོག་གི་མི་ཚེའི་འཚོ་བའི་ནང་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་བརྩམས་པ་ཞིག་ཡིན་པ་ནི། སྤྱི་ལོ་༡༩༣༠སྐོར་ནང་གོང་དཀར་རྫོང་ཁོངས་རྒྱ་ཕྲུག་གླིང་ཟེར་བ་ཞིག་དང་། རྒྱ་གླིང་གནས་ཆུང་ཟེར་བའི་ཞིང་པ་ཕྱུག་བདག་གཉིས་ཡོད་པས། ཁོང་གཉིས་ས་ཞིང་བདག་ཐོབ་སྐོར་ལ་རྩོད་གླེང་བྱུང་སྟེ་ས་གནས་སུ་ཐག་ཆོད་མ་བྱུང་བར་ལྷ་སར་ཁྲིམས་གཏུགས་ཞུ་བཤེར་བྱེད་པར་ཡོང་ནས་ཐག་གཅོད་མ་ཐུབ་པར་ལོ་གསུམ་ཙམ་འགོར་འགྱངས་བྱེད་རིང་རྒྱ་ཕྲུག་གླིང་གི་མི་ངོ་སྐུ་ཞབས་བཀྲ་ཤིས་ལགས་རོལ་མོར་དགའ་པོ་ཡོད་པས་ཕྱོགས་གཅིག་ནས་ས་ཞིང་སྐོར་ལ་ཁ་མཆུ་རྒྱག་པ་དང་ཕྱོགས་གཅིག་ནས་ནང་མའི་སྐྱིད་སྡུག་ལ་ཞུགས་ཏེ་རོལ་མོ་སོགས་སློབ་མུར་བཀྲ་ཤིས་ལགས་ལྷ་སར་བུད་མེད་ཅིག་དང་འབྲེལ་འདྲིས་མཛའ་གཅུགས་སུ་གྱུར་པ་དང་། རྗེས་སུ་སྐུ་ཞབས་བཀྲ་ཤིས་ལགས་ཀྱིས་བུད་མེད་དེ་རྒྱ་ཕྲུག་གླིང་དུ་འཁྲིད་རྩིས་བྱེད་སྐབས་ཁོང་གི་ཕ་མ་ཚོས་ལྷ་སའི་བུད་མེད་གང་བྱུང་འཁྲིད་རྒྱུར་མོས་མཐུན་མ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་མཐའ་ཚིག་བཤད་སྟབས་བཀྲ་ཤིས་ལགས་བུད་མེད་དེ་དང་ཁ་བྲལ་འདོད་མེད་པས་ཧ་ཅང་བྱེད་དཀའི་གནས་ལ་གྱར་བ་དང་། ནང་ལའང་ལོག་སྟངས་མི་ཤེས་པའི་སྐབས་དེར་དགེ་རྒན་རྣམ་རྒྱལ་གྱིས་གཙོ་བོ་བྱས་པའི་ནང་མའི་སྐྱིད་སྡུག་གི་ཁོངས་མི་ཚོས་ནང་མོལ་སློབ་གསོ་འདུམ་སྒྲིག་བྱས་ཏེ། ཁྱེད་ཚོའི་ཁྱིམ་རྒྱུད་མི་དྲག་མིང་ཅན་ཞིག་ཡིན་བཞིན་དུ་ལྷ་སའི་བུད་མེད་གང་བྱུང་མནའ་མར་འཁྲིད་ཚེ་མིང་ཤས་ཡོང་བ་ཙམ་མ་ཟད། ཁྱེད་ལའང་མིང་ཤས་ངན་པ་ཡོང་བ་དང་། ཕ་མ་ཚོ་བློ་ཕམ་དུ་འཇུག་རྒྱུ་མེད་པས་ངེས་པར་དུ་ཕ་མའི་བློ་དང་བསྟུན་ནས་བུད་མེད་དེ་ཐབས་མཁས་ཀྱིས་མཚམས་འཇོག་བློ་ཐག་གཅོད་དགོས་ཞེས་བཤད་མཐར། རྗེས་སུ་བུད་མེད་དེར་འཇམ་བཤད་བློ་འགུགས་ཀྱི་ཐོག་ནས་སེམས་གསོར་དངུལ་སྲང་ཉིས་སྟོང་ལྔ་བརྒྱ་ཐམ་པ་སྤྲད་དེ་ཁ་བྲལ་མཚམས་འཇོག་བྱས་པ་རེད།
དེ་ལྟར་ཡིན་སྟབས་དགེ་རྒན་རྣམ་རྒྱལ་ལགས་ཀྱིས་《རྒྱ་གླིང་སྲས》ཞེས་པའི་གཞས་ཚིག་དེ་འདྲ་ཞིག་དགོད་བྲོའི་ཚུལ་དུ་བརྩམས་པ་ནི། རྒྱ་གླིང་གནས་ཆུང་ཟེར་བ། །རྣ་བས་ཐོས་པ་མ་གཏོགས། །རྒྱ་ཕྲུག་གླིང་ལ་འཁྲིད་ཆོག །ཞོགས་དང་ཟེར་ན་བཞག་ཆོག །ཉིས་སྟོང་ལྔ་བརྒྱ་བཞག་ཆོག །ཅེས་དང་། ཚིག་གྲོགས་རྒྱ་གླིང་སྲས་ཞེས་དང་། སྐུ་ཞབས་བཀྲ་ཤིས་ལགས་ཟེར་བ་དེ་རེད། གཞས་ཚིག་དེ་དྲུག་ཚིག་ཤོ་ལོ་ཀ་གཉིས་ལ་ཧ་ཅང་འདུམ་དྲགས་པ་དང་འགོ་མཇུག་ཀྱང་མེད་པ་ལྟར་གོ་དོན་རྟོགས་དཀའ་བའི་གབ་ཚིག་ལྟ་བུར་ཡོད་ཀྱང་། གོང་གསལ་གྱི་ལོ་རྒྱུས་ཤེས་མཁན་གྱི་ངོས་ནས་བཤད་ན་ཁོག་འཛུམ་ཤོར་བཞིན་པར་དེ་འཕྲལ་གོ་དོན་རྟོགས་ཐུབ་པ་ཞིག་ཡིན་པ་སྟེ། རྒྱ་གླིང་གནས་ཆུང་ཞེས་པ་སྐུ་ཞབས་བཀྲ་ཤིས་ལགས་ཀྱི་གྱོད་གཞིའི་ཁ་གཏད་དེ་ཟིན་ཅིང་། ཡང་ན་བུད་མེད་དེ་རྒྱ་ཕྲུག་གླིང་དུ་ཁྲིད་དང་། ཡང་ན་སེམས་གསོས་སུ་དངུལ་སྲང་ཉིས་སྟོང་ལྔ་བརྒྱ་སྤྲད་དེ་ལྷ་སར་བཞག་རྒྱུ་དེ་རེད་ཟེར་བ་དང་། ཚིག་གྲོགས་ལ་རྒྱ་གླིང་སྲས་དང་། སྐུ་ཞབས་བཀྲ་ཤིས་ལགས་ཞེས་བྲིས་པ་ནི། བཀྲ་ཤིས་ལགས་རྒྱ་ཕྲུག་གླིང་དུ་སྡོད་སྐབས་ཡུལ་མི་ཚོས་རྒྱ་གླིང་སྲས་ཞེས་འབོད་པ་དང་། ལྷ་སར་སྐུ་ཞབས་བཀྲ་ཤིས་ལགས་ཞེས་འབོད་སྟབས། གང་ལྟར་རྒྱ་ཕྲུག་གླིང་གི་མི་དང་ལྷ་ས་བ་སུས་གཞས་དེ་ཐོས་ཚེ་བཀྲ་ཤིས་ལགས་ཀྱི་གནས་ཚུལ་ཡིན་པ་ངོས་འཛིན་ཐུབ་ཆེད་རེད་སྙམ། གཞས་དེའི་དབྱངས་སྦྱོར་གཞས་ཚིག་དང་བཅས་པ་དཔེ་དེབ་གཞན་གྱི་ནང་དུ་འཁོད་ཡོད་པ་དེར་གཟིགས་ན་མཁྱེན། །
དགེ་རྒན་རྣམ་རྒྱལ་ལྷ་སར་ཞོ་སྟོན་སྐབས་ལ་ནོར་གླིང་དུ་བསྐྱོད་ནས་མིག་གིས་ལྟད་མོ་བལྟ་བའི་ནུས་པ་མེད་ཀྱང་། གཅུང་རི་བོ་ཆེའི་ལྷ་མོ་ཚོགས་པས་འཁྲབ་གཞུང་གི་བར་ལ་སྟོད་གཞས་སྒྲ་སྙན་དང་བཅམས་ནས་གཏོང་བ་དེ་ལ་ཉན་འཇོག་ལེགས་པར་བྱས་ཏེ། ལོ་རེ་བཞིན་སྟོད་གཞས་རེ་གཉིས་ལེགས་བཅོས་ཀྱིས་ལྷ་སའི་སྟོད་གཞས་ཀྱི་རྣམ་པ་ཅན་དུ་བསྒྱུར་བཅོས་བྱེད་པ་དང་། དེ་བཞིན་པི་ཝང་ནང་དུ་རྣམ་ཐར་ཡང་ཧ་ཅང་འགྱུར་ཁུག་སྙན་འཇེབས་དོད་པོ་ཞིག་གཏོང་བ་དེ་ལ་མང་ཚོགས་ནས་དགའ་པོ་བྱེད། སྐབས་དེར་དགེ་རྒན་རྣམ་རྒྱལ་གྱི་སྙན་གྲགས་ཆེས་ཆེར་འཕེལ་ནས་སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་དང་དཔོན་རིགས་ཆེ་ཁག་མང་པོས་གདན་ཞུ་མ་ཐོབ་ཤིག་ཤིག་བྱེད་པ་དང་། ལྷག་པར་དུ་ད་ལྟའི་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་ལྷ་ཀླུ་ཚེདབང་རྡོ་རྗེའི་ཡབ་རྡོ་རྗེ་ཚེ་རྒྱལ་རོལ་མོར་ཧ་ཅང་མཉེས་པོ་ཡོད་ལ་རོལ་ཆ་མཁས་ཅན་ཞིག་ཀྱང་ཡིན་སྟབས། ཁོང་གིས་ནང་མའི་སྐྱིད་སྡུག་གི་ཁོངས་མི་དགེ་རྒན་རྣམ་རྒྱལ་དང་། བྷ་ཡི་ཝ་ལི༼ཧུད་རིགས༽དལ་ཞོལ་ལི༼རྒྱ་རིགས་ཏེ་བཀའ་ཤག་ཡིག་སྒྱུར༽ནང་མའི་གཞས་མ་ཡེ་ཚ་དང་། སྟོད་གཞས་གཏོང་མཁན་བསོད་ནམས་སྐྱིད་འཛོམས། དབྱངས་སྐྱིད། ཕུར་བུ་སྒྲོལ་མ་སོགས་གཟིམ་ཤག་ཏུ་ཆེད་འབོད་ཀྱིས་མཉམ་གཏོང་སྤྲོ་སྐྱིད་ཡང་ཡང་གནང་བ་དེའི་སྐོར་གཞི་རྐང་ལྷ་ཀླུ་ཚེ་དབང་རྡོ་རྗེ་ཁོང་ཉིད་ཀྱི་ཡབ་ཀྱི་མཛད་རྗེས་སྐོར་《བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས》འདོན་ཐེངས་གཉིས་པའི་ཐོག་ཟུར་ཙམ་འཁོད་འདུག་པ་ལྟར་དང་། དེ་བཞིན་ཡབ་གཞིས་གླང་མདུན་གྱི་སྲིད་བློན་ཀུན་དགའ་དབང་ཕྱུག་ཀྱང་ནང་མ་སྟོད་གཞས་ལ་མཉེས་པས་དགེ་རྒན་རྣམ་རྒྱལ་སོགས་ལ་རྟ་བསུ་བཏང་སྟེ་སྤྲོ་སྐྱིད་གཏོང་བར་ཆེད་འབོད་གནང་གི་ཡོད།
ཉིན་ཞིག་ང་ཚོ་སློབ་ཕྲུག་འགའ་ཞིག་དང་སྐྱིད་སྡུག་ཁོངས་མི་མ་ཉུང་བ་ཞིག་འཛོམས་འདུག་པས། དེའི་སར་དགེ་རྒན་རྣམ་རྒྱལ་གྱིས་ཁོང་རང་གི་ཕ་མ་ཚོའི་ཤོད་རྒྱུན་དང་བཅས་ཆུང་དུས་ཀྱི་འཚོ་བའི་ལོ་རྒྱུས་གསུངས་དོན། ང་རང་ཕྲུ་གུ་དམར་འབྱར་འདུ་ཤེས་དང་བྲལ་བ་ཞིག་ཡིན་ཙང་བྱ་ཁྭ་ཏས་མིག་རིལ་འདོན་སྐབས་ན་ཟུག་ཇི་ལྟར་བྱུང་མིན་ང་ལ་དྲན་ཚོར་གང་ཡང་མེད་པ་དེ་ཡང་སྟབས་ལེགས་པ་ཞིག་རེད་སྙམ་གྱི་འདུག གལ་ཏེ་དྲན་ཤེས་གང་འཚམས་ཡོད་པའི་ཚེ་ན་དེ་འདྲའི་གནས་ཚུལ་བྱུང་ན་ན་ཟུག་དང་སྡུག་བསྔལ་གང་འདྲ་ཡོང་གི་མ་རེད་དམ། ཡིན་ནའི་ད་ཆ་ངས་འཇིག་རྟེན་ཐོག་ལ་དངོས་པོའི་གཟུགས་དང་ཁ་དོག་གང་ཞིག་ཡིན་མིན་ལག་པའི་རེག་བྱའི་ཚོར་སྣང་ཙམ་ལས་དེ་མིན་ངོས་འཛིན་གང་ཡང་མེད་པ་རེད། དཔེར་ན་ངའི་བཟའ་ཟླ་ཚེ་རིང་གིས་དེ་རིང་ངས་ཁྱེད་རང་ལ་སྟོད་ཐུང་དཀར་པོ་ཞིག་ཉོས་པ་ཡིན་ཟེར་བ་དང་། ཡང་ན་སྔོན་པོ་ཞིག་ཉོས་ཡོད་ཟེར་བ་དེ་དག་ངས་ལུས་ལ་གྱོན་རྗེས་འཇམ་རྩུབ་དང་དྲོ་གྲང་གི་ཚོར་སྣང་ཙམ་ལ་བརྟེན་ནས་ཚེ་རིང་ང་ལ་སྟོད་ཐུང་དཀར་པོ་དེ་གཡོགས་དང་ཟེར་བ་དང་ཡང་ན་སྔོན་པོ་དེ་གཡོགས་དང་ཞེས་བརྗོད་པ་ཙམ་ལས། དཀར་པོ་དང་སྔོན་པོ་ཟེར་བ་ཁ་དོག་གང་འདྲ་ཡོད་མེད་ང་ལ་རྩ་བ་ནས་རྒྱུས་མེད་པ་རེད། ང་རང་དྲན་ཤེས་གང་འཚམས་ ཐུབ་རྗེས་རང་ལོ་བདུན་ཙམ་ལ་སླེབས་དུས། ཕ་དང་ཨ་ཁུས་སྒྲ་སྙན་སློབ་འགོ་ཚུགས་པ་དང་། དྭགས་པོའི་དམངས་གཞས་རེ་གཉིས་བཏང་ཐུབ་རྗེས། ཕ་མ་གཉིས་ཀྱང་འཚོ་བའི་དཀའ་ངལ་ཆེན་པོ་ཡོད་པས་ཉིན་ལྟར་ནགས་གསེབ་ཏུ་ཤིང་གཅོད་པར་འགྲོ་དགོས་སྟབས། ངའི་ཨམ་ཕྲག་ཏུ་སྤགས་ལྡག་ག་རེ་གཉིས་བླུགས་པ་དང་། སྐེ་ལ་སྒྲ་སྙན་བཀོན་ཏེ་དྭགས་པོ་ཀོ་སར་བསྐྱལ་ནས་ལྟོ་སློང་བཞིན་སྡོད་ཀྱི་ཡོད། འོན་ཀྱང་སྐབས་རེ་ཉིན་རེ་གཉིས་འགྲུལ་བཞུད་མེད་པས་ལྟོ་སྟེར་མཁན་གང་ནས་ཡོང་། ཆུ་འགྲམ་དུ་གཙང་པོའི་རླབས་སྒྲ་ཁོ་ན་ལས་ཐོས་རྒྱུ་གང་ཡང་མེད། གྲོད་པ་ལྟོགས་དུས་སྒུར་བགྲོད་ཀྱིས་གཙང་འགྲམ་དུ་བསྐྱོད་ནས་ཆུ་ཕོར་པ་གང་བླངས་ཏེ་སྤགས་དང་མཉམ་དུ་ཆུ་འཐུང་གི་ཡོད། སྐབས་རེ་དྲག་ཆར་རླུང་འཚུབ་ཀྱིས་རྐྱེན་པས་གཙང་འགྲམ་དུ་གབ་ཡིབ་བྱེད་ས་མེད་དུས་དྲིན་ཅན་ཕ་མ་གཉིས་ཀྱིས་བསྐུར་བའི་ཆར་ཁེབས་སླེའུ་ཞིག་ཡོད་པ་དེས་རང་ཉིད་དང་སྒྲ་སྙན་བཏུམས་ནས་སྡོད་ཀྱི་ཡོད།
དགུན་དུས་གནམ་གཤིས་གྲང་ཟུག་ཆེ་སྐབས་ཕ་མ་གཉིས་ནས་ཀོ་སར་འགྲོ་མི་དགོས་གསུང་གི་འདུག་ཀྱང་སྐབས་དེར་ཞིང་འབྲོག་གི་ཚོང་ཟོག་བརྗེ་ཚོང་དང་ལོ་གསར་གྱི་མཁོ་སྒྲུབ་བྱ་རྒྱུ་དང་བཅས་འགྲུལ་བཞུད་ཧ་ཅང་མང་བས་སྟེར་མཁན་མང་པོ་ཡོད་པས། ངས་ངེས་པར་དུ་འགྲོ་ཡི་ཡིན་ཞེས་ཨུ་ཚུགས་བྱས་སྟབས། ཕ་མ་གཉིས་ནས་ངའི་ངོ་མ་གཅོག་པར་སྔར་བཞིན་ཀོ་སར་བསྐྱལ་བ་དང་། གྲང་འགོག་མཚོན་བྱེད་རྡོ་རྩིག་གི་ལྷས་ར་ཞིག་བརྒྱབ་ནས་དེའི་ནང་དུ་བཞག་པ་རེད། དེ་ལྟར་བྱས་ཏེ་ལོ་ཤས་རྗེས་ང་རང་ཚེ་སྔོན་ཚོགས་བསགས་དམན་པས་དྲིན་ཅན་ཕ་མ་གཉིས་ཀ་ལོ་གཅིག་ནང་སྔ་རྗེས་སུ་འདས་གྲོངས་སུ་གྱུར། འོན་ཀྱང་ཨ་ཁུ་དེ་སྤུན་མཆེད་ལ་བརྩེ་སེམས་ཆེ་བ་ཙམ་མ་ཟད། ང་རང་ལའང་ཕ་མ་གཉིས་དང་འདྲ་བར་བྱམས་པོས་སྐྱོང་བ་དང་། རང་དང་འདྲ་བའི་ཕ་ཡུལ་གྱི་དབུལ་ཕོངས་དག་གིས་ཀྱང་གདུང་སེམས་མཉམ་སྐྱེས་ཀྱིས་རོགས་རམ་བྱེད་པ་བཅས་སྔར་བཞིན་ཀོ་སར་ལྟོ་སློང་བཞིན་བསྡད། ད་ཆ་ང་རང་ལྷ་སར་སླེབས་རྗེས་དེ་སྔ་མྱངས་མྱོང་བའི་སྡུག་བསྔལ་གྱི་འཚོ་བ་དང་བསྡུར་ན་གནམ་ས་ལྟ་བུའི་ཧེ་བག་ཡོད་པ་ཞིག་ཡིན་པ་ནི། མཐོ་སར་ཆ་བཞག་ན་སྡེ་དཔོན་མི་དྲག་གི་སྐུ་མདུན་དུ་རོལ་ཆ་ བཏང་ནས་བསྡད་རྒྱུ་ཡོད་པ་དེ་དག་ཧ་ཅང་དགའ་འོས་པ་ཞིག་ཡིན་ནའང་ཞེས་བཤད་མཚམས་འདིར་བཞག་ནས་གློ་བུར་དུ་བསམ་བློ་གཞན་ཞིག་འཁོར་བ་ལྟར་བྱས་ཏེ་གདོང་གཤིས་ཀྱང་ལོག་པ་དང་། ཐ་མག་གང་སག་གང་བཅུས་ནས་ཧུབ་གང་དོ་འཐེན་རྗེས། ཡང་མུ་མཐུད་གསུངས་པར། ང་ནི་དེ་སྔའི་དྲིན་ཅན་ཕ་མ་ཚོས་འཚོ་བའི་དཀའ་ངལ་གྱི་སྡུག་བསྔལ་མྱངས་པ་དང་། ཕ་ཡུལ་གཅིག་པའི་དབུལ་ཕོངས་རྣམས་ཀྱིས་མྱོང་བཞིན་པའི་སྡུག་བསྔལ་དེ་དག་ཡིད་ལ་འཁོར་དུས་སྐྱིད་སྣང་གི་འཚོ་བ་དེ་དག་ཡོངས་སུ་བརླགས་ནས། དེ་ལས་ལྡོག་སྟེ་རང་ཤུགས་ཀྱི་སྐྱོ་སྣང་ཞིག་ཡོང་བ་ནི་སྐྱིད་སྤྱོད་དེ་དག་སྡུག་བསྔལ་གྱི་སྣ་འདྲེན་ལྟ་བུར་མངོན་ཡོང་གི་འདུག དེ་ལྟར་ཡིན་སྟབས་ངས་བསམ་བཞིན་དུ་སྐྱོ་གླུ་འདི་འདྲ་ཞིག་དྲན་པ་ནི། རི་མགོ་མཐོ་པོའི་ཉི་མ། །དྲོ་རོགས་མེད་པའི་གྲང་རོགས། །ས་ཐག་རིང་པོའི་གྲོགས་པོ། །དགའ་རོགས་མེད་པའི་སྐྱོ་རོགས། །སེམས་པ་སྐྱོ་བའི་སྙིང་གཏམ། །རི་མ་འདབས་ལ་བཤད་པས། །རི་བོ་ས་རྡོ་ཡིན་ཀྱང་། །དབུ་ཡིས་ཅོག་ཅོག་གནང་བྱུང་། །ཞེས་པ་དེ་རེད་ཅེས་ཀྱང་གསུངས་ཏེ་སྒྲ་སྙན་དང་བཅམས་ནས་བཏང་བ་རེད། འདིའི་གཞས་གདངས་ནི་གཤམ་གསལ།
གཟིགས་དང་རྣམ་རྒྱལ་གྱིས་དེ་སྔའི་སྡུག་བསྔལ་དྲན་པ་དང་ཕྱིས་མཐོ་རིམ་རྣམས་དང་རོལ་རྩེད་སྐྱིད་སྤྱོད་བྱེད་བཞིན་པ་དེ་དག་གློ་བུར་དུ་སྡུག་བསྔལ་གྱི་སྣ་འདྲེན་ལྟ་བུར་མངོན་ཡོང་གི་འདུག་ཅེས་དང་། སྐྱོ་གླུའི་ཚིག་ལ། རི་མགོ་མཐོ་པོའི་ཉི་མ། །དྲོ་རོགས་མེད་པའི་གྲང་རོགས། །ཞེས་སོགས་བཤད་པ་དེ་དག་ལ་གཞིགས་ན། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཞིག་ནས་ཀྱང་ཁོང་ལ་བསམ་ཚུལ་ཡོད་ངེས་པ་ཤོད་མི་དགོས་པ་རེད།
དེ་བཞིན་གཞས་ཚིག་ཙམ་དུ་མ་ཟད་རོལ་ཆའི་གདངས་གཤིས་ལའང་རིགས་ལམ་བཤད་ལུགས་ཀྱི་ཐོག་ནས་རྒྱུ་མཚན་ཡོད་པ་སྟེ། གདངས་རྟགས(调)1=Eཡིན་པ་དེ་བོད་ཀྱི་རོལ་ཆའི་རིགས་ལམ་ནས་བཤད་ན། འཁོར་ཉན་གླང་པོའི་སྒྲ་ལྟ་བུ། །ཁྱུ་མཆོག་བ་གླང་སྐད་ཀྱི་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །དྲུག་སྐྱེས་རྨ་བྱའི་སྐད་ལྟར་སྒྲོག །བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །ལྔ་པ་མེ་ཏོག་ལྡན་དུས་སུ། །ཁུ་བྱུག་སྒྲོག་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་སྨིན་གླིང་ལོ་ཆེན་གྱིས《སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ》ཞེས་པར། རྩེད་མོར་རློམ་པར་བླངས་པ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །དྲི་འཛིན་པ་དང་འཁོར་སྙན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླངས་བའོ། །ཞེས་འགྲེལ་བཤད་གནང་བ་ལྟར་གོང་གསལ་གཞས་དེའི་དབྱངས་མིང་(调)Eཞེས་པ་དེ། བོད་ཀྱི་རོལ་མོའི་གདངས་མིང་གྲུབ་ཚུལ་ལ་དཔྱད་ན་དེང་རབས་ཀྱི་སྒྲ་ཚད་དཔྱད་བསྡུར་ནང་སྒྲའི་སྐར་ཆའི་ཚད་དང་། སྒྲའི་བར་ཐག་ཚད། སྒྲའི་མཐོ་ཚད་མཚོན་པའི་ཁྱབ་ཚད་བཅས་ནས་དྲི་འཛིན་སྐྱེས་ཏེ་༼ར་སྐད་༽སྙིང་རྗེའི་རོ་ནས་བླངས་པ་ཡིན་པས་གཞས་གདངས་དེ་ཐོས་འཕྲལ་རང་ཤུགས་ཀྱིས་སེམས་ལ་སྐྱོ་སྣང་ཞིག་ཡོང་བ་ལྟར་ཡིན།
དེར་བརྟེན་དགེ་རྒན་རྣམ་རྒྱལ་ནི་གཞས་ཚིག་ཙམ་མ་ཟད་གཞས་གདངས་སོགས་རྩོམ་ཚུལ་གང་ལ་གཞིགས་ཀྱང་རིགས་པའི་གཞུང་ལུགས་དང་མཐུན་པ་ལྟར་མིང་དོན་མཚུངས་པའི་ངེས་པ་དོན་གྱི་དམངས་གཞས་མཁས་ཅན་ཞིག་ཏུ་ངེས་པ་ཡིན། ལར་ནས་དགེ་རྒན་རྣམ་རྒྱལ་ནི་རྒྱུན་དུ་སྤྱི་ཚོགས་ཐོག་གི་མི་སུ་དང་སུ་ལའང་སྤྱི་སྙོམས་ཆེན་པོའི་ལྟ་བའི་ཐོག་ནས་ཆེ་འདྲིས་ཆུང་འདྲིས་ཀྱིས་གཤིབ་ཁ་བདེ་པོ་ཡོད་པ་དང་། སྐད་ཆ་ཤོད་སྐབས་འཇམ་བཤད་བློ་འགུགས་བྱེད་པ་ནི། འཇམ་པོས་འཇམ་པོ་བཏུལ་བ་ཡིན། །འཇམ་པོས་རྩུབ་པོའང་འདུལ་བ་ཡིན། ། ཞེས་པ་ལྟར་མི་སུ་འདྲ་ཞིག་ལའང་ཚིག་རྩུབ་ཕྲ་མོ་ཙམ་ཡང་མི་ཤོད་པ་དང་། དེ་བཞིན་སྤྱི་ཚོགས་ཐོག་མཐོ་རིམ་སྐུ་དྲག་དང་དམའ་རིམ་དམངས་ཁྲོད་སུ་ཞིག་གི་ཆང་ས་དང་དགའ་སྟོན་རྟེན་འབྲེལ་ཆེད་རོལ་མོའི་མགྲོན་འབོད་བྱས་ཕྱིན་འབུལ་སྤོམ་ཆེ་ཆུང་ལ་མ་ལྟོས་པར་ཚང་མར་ནང་མའི་སྐྱིད་སྡུག་རྒྱུན་ལས༼འཚོབ་དེ་རང་ལ་བརྟེན་དགོས་པ༽མི་བཅུ་སྐོར་མཉམ་ཁྲིད་བྱས་ཏེ་འགྲོ་བ་ཡིན། དེ་ལྟར་བྱས་ཏེ་ཤར་ལྷོ་ཟེར་བའི་ཚོང་པ་ཆེན་པོ་ཞིག་གི་བུ་བཀྲ་ཤིས་ནོར་བུ་ལགས་ཟེར་བའི་ཆང་སའི་རྟེན་འབྲེལ་ལ་རོལ་མོའི་མགྲོན་འབོད་བཞིན་བསྐྱོད་དེ་དེར་གཡབ་སྟེང་ཞིག་ཏུ་གུར་ཕུབ་ནས་དེའི་ནང་དུ་རོལ་མོ་གཏོང་བཞིན་པར་བསྡད་པས། དེ་ཉིན་གནམ་གཤིས་གྲང་བ་ དང་བཅས་སེམས་གཡེང་ཤོར་ནས་འཁྱགས་སྐྱོན་གྱིས་མཁྲིས་པ་བསྙུན་ནས་ཟླ་གཅིག་ཙམ་རྗེས་༡༩༤༢ལོའི་མཇུག་ཏུ་ལོ་ན་བཞི་བཅུ་ཞེ་བརྒྱད་ཙམ་དུ་ཚེ་ལས་འདས་པ་རེད།
སྐབས་དེར་ལོ་ན་དེ་ཙམ་གྱིས་མཐོ་བ་མིན་སྟབས་སྤྱི་ཚོགས་ཐོག་གི་མི་མང་པོས་ཕངས་སེམས་དང་སྐྱོ་སྣང་ཆེན་པོས་རྗེས་ཤུལ་ཨ་ཅག་ཚེ་རིང་སྒྲོལ་མར་སེམས་གསོ་དང་མཆོད་སྤྲིན་ཞལ་འདེབས་ཕུལ་བ་སོགས་བྱས་པ་དང་། ཁོང་འདས་པའི་རྗེས་ནང་མའི་སྐྱིད་སྡུག་གི་ཁོངས་མི་དང་ཚོགས་གྲོགས་མཁས་དབང་འགའ་ཡང་འདས་གྲོངས་དང་གཞུང་ལས་པ་འགའ་ཞིག་ལས་ཀའི་དགོས་མཁོས་རྐྱེན་པས་ཕྱོགས་ཐོན་བྱས་པ་ལྟར་ང་རང་ཡང་གཞུང་དོན་གཙང་ཕྱོགས་སུ་བསྐྱོད་པ་བཅས། སྐབས་དེར་ནང་མའི་སྐྱིད་སྡུག་ཁོངས་མི་རྒན་གྲས་འ་མན་རི་ཟེར་བ་ཁོང་སྐྱིད་སྡུག་གི་སྤྱི་གཉེར་ཡང་ཡིན་པས། ཁོང་གིས་སྤྱི་ཚོགས་ཐོག་ནས་རོལ་ཆ་ཤེས་པ་འགའ་ཞིག་བསྡུ་རུབ་ཀྱིས་དགེ་རྒན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་རྒྱས་ཙམ་ཞིག་༢༠༠༣ལོའི་ཟླ་༥པར་རྫོགས་པར་བྱས་སོ། །

འབྲེལ་ཡོད་འོས་སྦྱོར།