༄༅།།སྒྲུང་པ་གྲགས་པ་ལགས་ཀྱི་མཛད་རྗེས་ཡང་བསྐྱར་གླེང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཆབ་མདོ་བོད་སྐད་འཕྲིན་ལམ།
དུས་ཚོད།:2020-04-08
ཀློག་གྲངས།:
སྒྲུང་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་གསར་གཏོད་མཁན་དང་། བརྒྱུད་སྒྲོག་མཁན། དར་སྤེལ་མཁན་བཅས་ཡིན་ཞིང་། དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་གེ་སར་སྒྲུང་པ་རྣམས་ཀྱིས་ལོ་རྒྱུས་སྙན་རྩོམ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་སྲུང་སྐྱོབ་ལ་བྱས་རྗེས་བླ་ན་མེད་པ་བཞག་དང་འཇོག་མུས་ཡོད་པས། ངེད་འཕྲིན་སྟེགས་འདི་བརྒྱུད་དེ་བོད་རང་སྐྱོང་ལྗོངས་ཀྱི་གེ་སར་སྒྲུང་པ་གྲགས་ཅན་གྲགས་པ་ལགས་ཀྱི་མཛད་རྗེས་ཡང་བསྐྱར་གླེང་བར་འདོད་དོ། །
ཆབ་འགག་ཇོ་རུ་ནས།

སྤྱི་ལོ1985ལོའི་ཟླ2ཚེས28ཉིན་ཧྥིར་ལན་དུ་འཚོགས་པའི《ཁ་ལི་ཝ་ལ》དཔེ་སྐྲུན་བྱས་ནས་ལོ་བརྒྱ་དང་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་རང་རྒྱལ་གྱི་མཁས་པས་གྲགས་པའི་སྒྲུང་བཏང་བས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཐོག་ཐེངས་དང་པོ་གྲགས་པ་ངོ་སྤྲོད་བྱས་པ་མ་ཟད་མཁས་པ་མང་པོས་གདེང་འཇོག་མི་དམན་པ་ཐོབ་ཏེ་རྒྱལ་སྤྱིའི་ཐོག་ནས་ཁས་ལེན་པའི་སྒྲུང་མཁན་ཐོག་མར་གྱུར།
སྤྱི་ལོ1981ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་བདམས་པ་དང་ལོ་དེར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་འདེམས་བསྐོ་བྱས་ནས་ཆབ་སྲིད་ཀྱི་གོ་གནས་ཡོད་པའི་སྒྲུང་མཁན་ཐོག་མར་གྱུར།




སྤྱི་ལོ1978ལོར་བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་ཚོས་མྱུར་སྐྱོབ་ཚོ་ཆུང་བཙུགས་ནས་གྲགས་པས་བཤད་པའི་སྒྲུང་དག་སྒྲ་ཕབ་དང་། ལེགས་སྒྲིག་དཔེ་སྐྲུན་བྱས། སྤྱི་ལོ1986ལོའི་ཟླ11ཚེས3ཉིན་གྱི་སྔ་དྲོར་སྒྲུང་བ་གྲགས་ཅན་གྲགས་པ་ལགས་སྐུ་གཤེགས་པ་དང་བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་གྱི་མཁའ་དབྱིངས་སུ་བཅོ་ལྔའི་དུང་ཟླ་ཞིག་སར་ལྷུང་བར་གྲགས།
རི་བོ་ཆེའི་རྫོང་ཁྲ་འཁྱིལ་མའི་དགོན་དུ་ཡོད་པའི་གེ་སར་རྒྱལ་པོས་གཡུལ་འགྱེད་ལ་སྤྱོད་པའི་གསེར་སྒ་རེད་ཅེས་གྲགས།
ལོ་ངོ་བརྒྱད་ཀྱི་རིང་ལ་སྒྲུང་བ་གྲགས་པས་བཤད་པའི་སྒྲུང་སྒྲ་ཕབ་དག་ཆུ་ཚོད་སྟོང་ལ་ཉེ་བ་དང་སྒྲུང་ཁག་ཉེར་ལྔ་བཤད་དེ་སྒྲ་ཕབ་ཟིན་པ་དང་། མིག་སྔའི་བར་དཔེ་ཆ་དེབ17དཔར་བཏབ་ནས་འགྲེམས་སྤེལ་བྱས་པ་འདི་ནི་མི་རྣམས་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་ལ་རིན་པོ་ཆེ་ལྟ་བུའི་རིག་གནས་ཀྱི་ཤུལ་གཞག་ཀྱང་ཡིན། ཁོང་ཉིད་ངེད་ཅག་དང་ཁ་བྲལ་ཡང་སྒྲུང་ཁག25བཤད་དེ་སྒྲ་ཕབ་ཟིན་པ་དང་། སྙན་ངག་གི་རྐང་པ་འབུམ་དྲུག་ལ་སླེབས་ཤིང་ཡིག་འབྲུ་ཁྲི་ཕྲག་དྲུག་སྟོང་ལ་སླེབས་ཡོད། འདི་ནི་མི་རྣམས་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་ལ། དེ་མིན་ཟད་མེད་ཀྱི་བསམ་པའི་རྒྱུ་ནོར་ཡང་ཡིན། གནའ་ནས་ད་ལྟའི་བར་གངས་ཅན་ལྗོངས་འདི་རུ་སྒྲུང་མཁན་གྱི་སྒྲུང་དཔེ་འདི་འདྲ་རིགས་མང་ཞིང་འདི་འདྲ་ཁ་ཚང་བ་ཞིག་བཞག་མ་མྱོང་། སྒྲུང་དཔེ་དེ་དག་གི་ནང་དུ་གྲགས་པའི་རྣམ་དཔྱོད་ཡངས་པའི་བློ་གྲོས་དང་ལྷན་སྐྱེས་ལྡན་པའི་སྒྱུ་རྩལ་བཅས་འདུས་ཤིང་། ཁོང་གི་ཚེ་སྲོག་གི་འབྲས་བུ་ཡང་ཡིན་ཞེས་བརྗོད་ཆོག ད་དུང་ཁོང་ཉིད་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་བློ་དཀར་ཞིང་དགའ་ཞེན་ཚད་མེད་ཡོད་པའང་མཚོན་འདུག དེ་ནི་ཁོང་གིས་མེས་རྒྱལ་དང་མི་དམངས་ལ་བསྐྲུན་པའི་འཛད་མེད་ཀྱི་ཕྱག་རྗེས་ཆེན་པོའང་ཡིན། (ལྡོང་སྨིན་དྲུག་གིས་བསྡུས།)


འབྲེལ་ཡོད་འོས་སྦྱོར།