གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ལྷ་དཔལ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-02-18
ཀློག་གྲངས།:
ཞོགས་པའི་དུས་སུ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་རྩང་ཁོག་ཤང་ལྷ་དཔལ་གསར་གཏོད་ལས་དོན་ཁང་དུ་རྡོ་རྡུང་བའི་སྒྲ་ཞིག་ཐོས་འོངས་ཤིང་། རྡོ་ལེབ་སྟེང་དུ་བོད་བརྒྱུད་ནང་བསྟན་གྱི་ནོར་ལྷའི་སྐུ་ཡི་གཟུགས་བརྙན་ཞིག་མངོན་གསལ་དུ་བརྐོས་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ལྷ་དཔལ་མར་སྒུར་ནས་བྱེ་བྲག་གི་རྡོ་བརྐོ་བཞིན་ཡོད། ཁོང་གིས་གཡོན་ལག་ཏུ་ཅུང་རིང་བའི་རྐོ་གྲི་ཞིག་བཟུང་ནས་སྔོན་ན་བྲིས་ཟིན་པའི་ཐིག་རིས་མནན་ཞིང་། གཡས་ལག་ཏུ་ལྕགས་ཀྱི་ཐོ་བ་ལེབ་མོ་ཞིག་བཟུང་ནས་རིམ་པ་ལྡན་པའི་སྒོ་ནས་བརྐོ་གྲིའི་མཇུག་སྣེ་རྡུང་བཞིན་ཡོད།
“ལོ་སར་གྱི་སྐབས་སུ། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་དག་གིས་ནོར་ལྷའི་རྡོ་བརྐོས་རང་ཁྱིམ་དུ་གདན་འདྲེན་ཞུས་ནས། ལོ་གསར་བའི་ནང་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུ་བ་རེད”ཅེས་ལྷ་དཔལ་གྱིས་དེ་ལྟར་བརྗོད། བོད་རིགས་རྡོ་བརྐོས་ནི་བོད་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་བསྡུས་རིས་ལྟ་བུ་ཡང་ཡིན།
ལྷ་དཔལ་གྱིས་རྡོ་བརྐོས་ཀྱི་ལས་ཀ་གཉེར་ནས་ལོ་ངོ༢༠ཙམ་འགོར་བ་དང་། མིག་སྔར་ཁོང་ནི་རྔ་བ་ཁུལ་འཛམ་ཐང་རྫོང་རྩང་ཁོག་རིག་གནས་ཁྲིད་སྦྱོང་ཁང་གི་མགོ་དཔོན་དང་། རྔ་བ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྡོ་བརྐོས་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་ཡིན། ལོ༡༢ནས་བཟུང་། ལྷ་དཔལ་གྱིས་རང་གི་སྤོ་བོ་ལགས་དང་མཉམ་དུ་ཐང་ག་འབྲི་སྲོལ་སྦྱང་བ་དང་རྗེས་སུ་རྡོ་བརྐོས་སྦྱང་བ་རེད། ཉེ་བའི་ལོ་འགའི་རིང་། ལྷ་དཔལ་གྱིས་གསར་གཏོད་བྱས་པའི་རྡོ་བརྐོས་བརྩམས་ཚོས་ཞང་ཀང་དང་ཨའོ་མིན། ཀོང་ཏུང་། ཀྲུའུ་ཅིང་སོགས་ཀྱི་གྲོང་ཁྱེར་དུ་ཕྱིར་ཚོང་བྱས་ཡོད།
ལྷ་དཔལ་གྱི་ལས་དོན་ཁང་དུ་བསྐྱོད་སྐབས། དེ་ནི་རྡོ་བརྐོས་འགྲེམས་སྟོན་ཁང་ཆུང་གྲས་ཤིག་ཏུ་སླེབས་པ་དང་མཚུངས་ཤིང་། བཤམས་སྒྲོམ་སྟེང་གི་རྡོ་བརྐོས་བརྩམས་ཆོས་ལ་ལག་མཐིལ་དང་འདྲ་བའི་ལོ་སྐོར་བཅུ་གཉིས་ཡོད་པ་དང་། ཚེ་རིང་བའི་དོན་མཚོན་པའི་ལྷ་ཚེ་རིང་དང་ལྷ་བྱ་ཁྲུང་ཁྲུང་སོགས་ཡོད། ཡང་གནས་དེ་རུ་ཡོད་པའི་རྡོ་བརྐོས་འབྲུག་དང་རྒྱ་བྱ་ནི་དངོས་གནས་གསོན་ཉམས་ལྡན་པ་ཞིག་ཡིན་ལ། རྡོ་བརྐོས་ནོར་ལྷའི་མིག་ཟུང་བགྲད་ཅིང་བརྗིད་ཉམས་ལྡན་པ་ཞིག་རེད། ལྷ་དཔལ་གྱི་རྡོ་བརྐོས་བརྩམས་ཆོས་ནི་ལངས་གཟུགས་དང་བང་རིམ་ལྡན་པ་ཞིག་ཡིན་པས། རི་མོ་དག་རྡོ་ལེབ་དང་ཁ་བྲལ་ནས་མི་རྣམས་ཀྱི་མིག་ལམ་དུ་དངོས་སུ་མངོན་ཡོད་པ་དང་འདྲ།
གསར་འགོད་པ་ལྷ་དཔལ་གྱི་གསར་གཏོད་ལས་དོན་ཁང་དུ་སླེབས་སྐབས། ལྷ་དཔལ་གྱི་སློབ་མ་གཉིས་ཀྱིས་སོ་སོའི་བརྩམས་ཆོས་བརྡར་ནས། ཐོ་བ་དང་གཟོང་ལ་བརྟེན་ནས་རྡོ་བརྐོས་དབྱིབས་གཟུགས་འགྲུབ་ལ་ཉེ། ཡུལ་དེའི་སྲོལ་རྒྱུན་ལྟར་ན་རྡོ་བརྐོས་ལག་རྩལ་ནི་ཁྱིམ་རྒྱུད་ལག་རྩལ་ཞིག་ཡིན་མོད། འོན་ཀྱང་ལྷ་དཔལ་གྱིས་སྲོལ་རྒྱུན་དེ་ཡོངས་སུ་གཏོར་ནས། ལག་རྩལ་རྒྱུན་ཆད་རྒྱུར་སེམས་ཁུར་སྐྱེས་ཏེ། ཉེ་བའི་ལོ་འགའི་རིང་། ལྷ་དཔལ་གྱིས་ཡུལ་སོ་སོ་ནས་སློབ་མ་མང་པོ་བསྡུས་པ་དང་། སྔ་རྗེས་སུ་སློབ་མ༣༠༠ལྷག་ཙམ་ལ་སློབ་ཁྲིད་བྱས་ཤིང་། དེའི་ནང་སློབ་མ་མང་ཆེ་བ་ནི་ཕྱུགས་རྫི་ཡིན།
ད་ལྟ། གཟུགས་འདས་ཤུལ་བཞག་རིག་གནས་དེ་ནི་བོད་རིགས་གཞོན་ནུ་ཁག་གཅིག་གི་ལས་དབང་གི་ཁ་ཕྱོགས་བསྒྱུར་བའི་ཐབས་ཤིག་ཏུ་གྱུར་ཡོད་ལ། “ཁྱེད་ཚོ་སློབ་སྦྱོང་བྱེད་པར་ཡོང་འདོད་ན། སློབ་ཡོན་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པ་མ་ཟད། ངས་ད་དུང་ཁྱེད་ཚོར་གླ་ཆ་སྤྲོད་རྒྱུ་ཡིན། ཁྱོད་ཚོ་གནས་གཞན་དུ་རི་མོ་འབྲི་བ་དང་་རྡོ་བརྐོས་སློབ་མ་འགྲོ་འདོད་ཀྱང་ངས་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་པའི་ལྷ་དཔལ་གྱི་གཏམ་དེས་ཕྱུགས་རྫི་ཕྲུ་གུ་མི་ཉུང་བ་ཞིག་གི་ཡིད་དབང་བཀུགས་པ་དང་། བོད་རིགས་གཞོན་ནུ་རིན་ཆེན་གྲགས་པ་ནི་དེའི་ནང་གི་གཅིག་ཡིན། ལོ༨ཀྱི་སྔོན་ལ། རིན་ཆེན་གྲགས་པས་ལྷ་དཔལ་དང་མཉམ་དུ་རྡོ་བརྐོས་ལག་རྩལ་སློབ་སྦྱོང་བྱེད་པར་ཐག་བཅད་པ་དང་། ཁོ་ནི་རྨང་གཞི་གང་ཡང་མེད་པའི་ཕྱུགས་རྫི་ཕྲུ་གུ་ཞིག་ནས་རིམ་གྱིས་ལག་རྩལ་བྱང་ཆུབ་པའི་བཟོ་བོ་ཞིག་ཏུ་གྱུར། རྡོ་བརྐོས་ཀྱི་བརྩམས་ཆོས་ཕྱིར་འཚོང་བྱས་པ་བརྒྱུད། རིན་ཆེན་གྲགས་པའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། ལོ་གཅིག་ནང་ཉུང་ནའང་ཡོང་འབབ་སྒོར་ཁྲི8ཙམ་དང་མང་ན་སྒོར་ཁྲི༡༠ལྷག་ཙམ་ཡོད་པ་རེད། “གལ་ཏེ་རྡོ་བརྐོས་སྦྱངས་མེད་ཚེ། ངས་ད་དུང་ཕྱུགས་འཚོས་ནས་བསྡད་ཡོད”ཅེས་རིན་ཆེན་གྲགས་པས་བཤད།
“ལོ་གསར་བའི་ནང་། ངས་གཞོན་ནུ་སྔར་ལས་མང་པོ་གཟུགས་འདས་ཤུལ་བཞག་རིག་གནས་ནང་ཞུགས་རྒྱུའི་རེ་བ་བཅངས་ཡོད། དེ་དང་ཆབས་ཅིག་རང་ཉིད་ཀྱིས་རྡོ་བརྐོས་ཀྱི་ནང་དོན་ཐད་ཚད་བརྒལ་ཡོང་ཐབས་བྱས་ཏེ། རྡོའི་ཐོག་བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་མཛེས་ལྗོངས་མཚོན་པའི་བརྩམས་ཆོས་སྔར་ལས་མང་པོ་བརྐོས་ནས། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་ཡིན”ཞེས་ཁོང་གིས་བཤད། ། ༼པར་འདི་དག་ནི་ལྷ་དཔལ་དང་ཁོང་གི་སློབ་མ་ཚོ་རེད།༽
འབྲེལ་ཡོད་འོས་སྦྱོར།