logo

པདྨ་ཚེ་བརྟན་ཀྲུང་གོ་རི་མོ་སློབ་གླིང་གི་དགེ་རྒན་དུ་གདན་དྲངས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-06-15 ཀློག་གྲངས།:
འཁྲབ་ཁྲིད་པའམ་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ཀྲུང་གོ་རི་མོ་སློབ་གླིང་གི་དགེ་རྒན་དུ་གདན་འདྲེན་ཞུས།
 
        ཉེ་ཆར། འཁྲབ་ཁྲིད་པའམ་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་འཇོན་མི་གདུན་ཞུ་ལྟར་ཀྲུང་གོ་རི་མོ་སློབ་གླིང་གློག་བརྙན་སློབ་གླིང་གི་དགེ་རྒན་དུ་གདན་འདྲེན་ཞུས་ནས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཞིས་ཆགས། ཁོས་བཤད་རྒྱུར། སྔོན་ཆད་ཀྱང་ཀྲུང་གོ་རི་མོ་སློབ་གླིང་གི་བྱ་འགུལ་མང་པོར་ཞུགས་མྱོང་། ཧང་ཀྲོའུ་ཞེས་པའི་གྲོང་ཁྱེར་འདིར་དགའ་བོ་ཡོད་ལ། འདིར་གཞིས་ཆགས་པ་ནི་ང་དང་ཧང་ཀྲོའུ་བར་ལས་འབྲེལ་ཡོད་པས་ཡིན་སྲིད།
        པདྨ་ཚེ་བརྟན་ནི༡༩༦༦ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། པེ་ཅིན་གློག་བརྙན་སློབ་གླིང་སོགས་འགྲིམས། ཁོ་ནི་རྒྱ་ནང་མ་ཟད་རྒྱལ་སྤྱིའི་སྟེང་དུ་ཡང་སྙན་གྲགས་འབར་བཞིན་པའི་བོད་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན་ལ། བོད་སྐད་གློག་བརྙན་འཛམ་གླིང་སྒང་དུ་སྐྱེལ་བའི་སྣེ་ཁྲིད་པ་དང་ལག་ལེན་པ་ཡང་ཡིན། ཁོའི་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང«ཐར་ལོ» «ལག་དམར» «དབུགས་ལྒང»སོགས་ཀྱིས་མཚོན་པའི་གློག་བརྙན་དག་གིས་བོད་རང་གི་འཚོ་བ་དང་གཏམ་རྒྱུད་གཟིགས་མོ་པ་ཁྲི་ཕྲག་གི་སྤྱན་ལམ་དུ་བསྟར་བས། རྒྱལ་ཁབ་ཕྱི་ནང་གི་བརྙན་ཞེན་པ་མང་པོས་བོད་ཀྱི་གློག་བརྙན་ལ་དོ་སྣང་བྱེད་མགོ་བརྩམས་ཤིང་། ལོ་འདི་དག་གི་རིང་ལ་ཁོའི་སྣེ་ཁྲིད་འོག་གདུགས་དཀར་ཚེ་རིང་དང་། དར་རྒྱས་བསྟན་འཛིན། ལྷ་དཔལ་རྒྱལ་སོགས་བོད་ཀྱི་ན་གཞོན་མང་པོ་ཞིག་གློག་བརྙན་གསར་རྩོམ་གྱི་ལས་ལ་འཇུག་པའི་ཚ་རླབས་ཤིག་འཕྱུར་དང་འཕྱུར་སྒང་ཡིན།
        པདྨ་ཚེ་བརྟན་གློག་བརྙན་གསར་རྩོམ་གྱི་ལས་ཀར་མ་ཞུགས་པའི་སྔོན་དུ་རྒྱ་བོད་ཡི་གེ་གཉིས་ཀྱི་ལམ་ནས་སྒྲུང་གཏམ་གསར་རྩོམ་བྱེད་པའི་རྩོམ་པ་པོ་ཞིག་ཡིན། ཁོས་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་དེབ་གཙོ་བོར«བསླུ་བྲིད»དང«གྲོང་ཁྱེར་གྱི་འཚོ་བ»སོགས་དང་། རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་དེབ་གཙོ་བོར«ཨོ་རྒྱན་གྱི་སོ»དང«དབུགས་ལྒང» «གཏམ་རྒྱུད་ཀྱི་ཕྱེད་ཙམ་ལས་བཤད་མ་ཚར»སོགས་ཡོད་དོ། །
        རྒྱུས་ལོན་པ་ལྟར་ན། ད་ལྟ་ཁོས་གློག་བརྙན«གསའ»ཅེས་པ་ཕབ་སྐྲུན་བྱེད་མགོ་བརྩམས་ཤིང་། གློག་བརྙན་དེའི་ནང་དུ་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་གནས་བྱེད་པའི་སྐོར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་ཟེར།
        པདྨ་ཚེ་བརྟན་གྱིས་མ་འོངས་པར་ཁོ་རང་གིས་ཧང་ཀྲོའུ་དང་པེ་ཅིན། ཕ་ཡུལ་མཚོ་སྔོན་བཅས་སུ་ལས་ཀ་བྱེད་ཀྱི་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།