logo

ཧྲང་ཧའེ་རོལ་དབྱངས་སློབ་གླིང་དུ་རྒྱུགས་འཕྲོད་པའི་བོད་རིགས་བུ་མོ་ཞིག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-09-06 ཀློག་གྲངས།:
       ཕ་ཡུལ་དང་བར་ཐག་སྤྱི་ལེ2600ཙམ་གྱིས་ཆོད་པའི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་ལ་རྒྱུགས་འཕྲོད་པའི་བརྡ་ཐོ་འབྱོར་བས། ལོ18ལ་སླེབས་པའི་མ་ཆེའི་རིན་མཚོ་ཡི་དམར་ཆུང་སེམས་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་གྱུར་བྱུང་སོང་སྙམ་པའི་དགའ་བ་དང་སྤོབས་པས་རབ་ཏུ་མྱོས། མ་ཆེའི་རིན་མཚོའི་ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡིན་པ་དང་། དེ་གའི་ས་ཆ་མང་ཆེ་བ་ཆ་སྙོམས་མཚོ་འཕགས་སྨི4000ཡན་ཟིན་པའི་རྩྭ་ཐང་ཡིན་པས། སྔོ་ལྗང་ནེའུ་བསིང་ཐོག་དང་། དྭངས་གསལ་མཚོ་མཚེའུ་ཡི་འགྲམ། རྟ་ནོར་ལུག་གསུམ་དང་འགྲོགས་ནས་སྙན་འཇེབས་གླུ་དབྱངས་ལེན་རྒྱུ་ནི་ཆུང་དུས་ནས་ཁོང་མོའི་འཚོ་བའི་གོམས་གཤིས་ཤིག་ཡིན་ལ། དེ་ལྟ་བུའི་ཁོར་ཡུག་འོག་ཁོང་མོའི་ཁྲག་རྒྱུན་སྒྱུ་རྩལ་གྱི་ཕྲ་ཕུང་གིས་ཕྱུག་པར་གྱུར་ཡོད།
       2010ལོ་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། 2020ལོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་གཞི་རིམ་དུ་བསྐྱོད་ནས་དམངས་གཞས་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་ནང་། མ་ཆེའི་རིན་མཚོར་སྒྱུ་རྩལ་གྱི་ལྷན་སྐྱེས་ཤེས་རབ་ཁྱད་དུ་འཕགས་པ་ཞིག་ལྡན་པ་ཤེས་རྟོགས་བྱུང་ཞིང་། ཁོང་མོའི་གླུ་སྐད་ནི་མཚོ་བོད་ས་མཐོའི་དྭངས་གཙང་གི་གངས་ཆབ་དང་འདྲ་བར། ལྷུག་གྲོལ་ལྷད་མེད་ཀྱི་ཁྱད་ཆོས་ལྡན་པས། མི་སེམས་འགུལ་བའི་མཛེས་ཉམས་ཀྱིས་ཕྱུག་པར་ངོས་འཛིན་བྱས།
       མ་ཆེའི་རིན་མཚོར་མཚོན་ན་རོལ་དབྱངས་སྐོར་གྱི་ཤེས་བྱ་དང་། ཆེད་ལས་ཀྱི་སྒྲ་འདོན་སྟངས་དང་འཁྲབ་སྟོན་བྱེད་སྟངས་སོགས་གཏན་ནས་སྦྱངས་མྱོང་མེད། ཡིན་ཡང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་གྱི་རོགས་རམ་འོག ཁོང་མོའི་སྒྲ་འདོན་སྟངས་ཡོ་བསྲང་ཐུབ་པ་དང་འཁྲབ་སྟོན་གྱི་འཁྲབ་བཟོ་ཡང་ལེགས་སུ་ཕྱིན་པས། མཐར་ཁོང་མོའི་སེམས་ནང་རང་ཉིད་ནས་རོལ་དབྱངས་སློབ་གླིང་འགྲིམ་ཐུབ་པ་བྱ་རྒྱུའི་བློ་སྤོབས་དང་སེམས་ཤུགས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས།
       རོལ་དབྱངས་སློབ་གླིང་ལ་རྒྱུགས་འཕྲོད་པའི་ཆེད་དུ། མ་ཆེའི་རིན་མཚོས་ཉིན་ལྟར་ཞོགས་པ་ཆུ་ཚོད5པ་ནས་མལ་ལས་ལངས་ཏེ་སློབ་སྦྱོང་བྱས། མཐར་ཁོང་མོའི་ཆེད་ལས་ཀྱི་ཐོག་མའི་རྒྱུགས་ལེན་དང་། བསྐྱར་རྒྱུགས། མཐའ་མའི་རྒྱུགས་ལེན་བཅས་བདེ་བླག་ངང་ལེགས་གྲུབ་བྱུང་བ་མ་ཟད། རིག་གནས་སློབ་ཚན་གྱི་སྐར་གྲངས་ཀྱང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་རིག་གནས་སློབ་ཚན་གྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་ལས་སྐར་མ100ཡིས་མཐོ་བ་ལོན་ནས། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་གླུ་དབྱངས་ཟློས་གར་ཚན་ཁག་གི་གླུ་དབྱངས་ཆེད་ལས་འཛིན་གྲྭར་ཚུད་པ་རེད།
འབྲེལ་ཡོད་འོས་སྦྱོར།